• October 2019

    ཚིག་གསུམ་གནད་བརྡེག་གི་མན་ངག་ནོར་བུའི་དོ་ཤལ།།ཨེ་མ་ཧོ། །ཨེ༵་རིག་སྟོང་པའི་ངོ་བོ་སྤྲོས་མཐའ་བརྒྱད་བྲལ་ནམ་མཁའ་ལྟ་བུར་ངོ་འཕྲོད་ཀྱང་། །མ༵་ལུས་འགྲོ་ལ་སྙིང་བརྩེའི་རང་བཞིན་འོད་གསལ་རིག་པས་བདག་ཏུ་སྐྱོང་། །ཨ་ཧོ༵་རིག་འཛིན་གྲུབ་པའི་རྟུལ་ཞུགས་མཛད་པའི་ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་རྩལ། །སྒྱུ་འཕྲུལ་དྲ་བའི་སྨིན་གྲོལ་སྟོན་པའི་མཚན་ཉིད་ཀུན་ལྡན་རང་རིག་བླ་མས་རྟག་ཏུ་སྐྱོངས། ། ཞེས་པ་རབ་རྒྱན་ཆུ་འབྲུག་ཟླ་༡ཚེས་༣དགེ་བར་རིག་འཛིན་ནམ་མཁའ་རྒྱ་མཚོ་ལ་གཅེས་ནོར་དུ་ཤྲཱིཿསྨྱོན་པས་གདམས་པ་དགེའོ། །

  • October 2019

    དྲིན་ཆེན་ཨ་མའི་སྐུ་གདུང་གི་ཕྱིར་ཏུ་འབྲེལ་འཇོག་དང་སྦྱིན་བདག་ཆེད་དུ་བྱས་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུ་དང་མུ་འཐུད་ནས་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་དུ་བཞེང་རྒྱུ་གཏན་ཁེལ་བས་ལེགས་གྲུབ་ཡོང་བའི་སྨོན་ལམ་དང་སྦྱིད་བདག་ཡོང་ལ་བཀའ་དྲིན་ཆེ་ཞུའོ།། ཨེ་མ་ཧོས་་་ Update on Urgen Drolma Lama Relic Stupa and King Gesar Statue Sponsorships We are pleased to inform all we received donations for our Urgen Drolma Lama Relic Stupa project from 4 new sponsors from the country of Malaysia…

  • October 2019

    མི་ཕྱུག་པོ་ཤི་བར་བསྔོ་སྨོན་དང་སྐྱོ་གར།།ཀྱེ་མ་ཧོ།།ཐོབ་གོ་སའི་ཆེད་དུ་ཕ་ཆོས་ཀུན་གཙོང་བའི།།མི་སྒེར་སྤྱོད་བསམས་ནས་གྲོགས་པོ་ཀུན་བསླུས་ན།།མི་ཁྲེལ་མེད་ཤི་བའི་ཤུལ་བཞགས་ལ་ལྟོས་དང་།།རོ་གཅེས་རྒྱན་ཙམ་ལས་མེད་པ་འདི་སྐྱོ་བ།།ཡུལ་ཕ་ས་ཤོར་བའི་དྭ་ཕྲུག་གི་དཀྱིལ་ན།།མི་ཕ་ནོར་བརླག་པའི་ཕག་ངན་ལ་བསམས་ན།།སེང་གཡུ་རལ་ཉམས་པའི་བལྟས་ངན་ལ་སོམས་དང་།།མགོན་རབ་བྱུང་འཆི་བའི་སྣ་འདྲེན་ཅིག་མིན་ནམ།།གསེར་ཅི་དགོས་ཡོད་པའི་ཕྱུག་པོ་རེ་མང་ཡང་།།དོན་འབངས་ལ་ཕན་པ་ཉི་སྐར་ལས་ཉུང་བ།།ཁ་ཡག་པོ་བཤད་མཁས་རིས་མེད་དག་མོད་ཀྱང་།།དོན་གྲོགས་པོ་བསླུས་པའི་གཏན་རྒྱུད་རྣམས་མང་ཐལ།།ཕྱི་སྣོད་བཅུད་མི་རྟག་དྲི་ཟ་ཡི་གྲོང་ཁྱེར།།ནང་སྒྱུ་ལུས་མི་རྟག་ཤ་ཁྲག་གི་རྡུལ་ཕུང་།།དོན་ཀུན་ཀྱང་མི་རྟག་འགྱུར་བ་བསམས་ཚེ།།ཚེ་སྙིང་པོ་ཡོད་པ་ལྷ་ཆོས་འདི་ཁོ་ན།།ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཁ་མཁས་པའི་དགེ་བཤེས་བར་དོ་ལ་འགྲིམས་ཐལ།།རྒྱུ་མང་བའི་ཕྱུག་བདག་ས་འོག་ཏུ་སྦས་ཐལ།།ཁྱོད་ཁྱབ་བདག་ཟེར་བའི་ཁ་ཕོ་རེ་བསྒྲགས་ཀྱང་།།གནད་གཤིན་རྗེ་ཁྲིམས་ལས་འགྲོ་ས་རང་མི་འདུག།དགོན་སྙན་ལུང་སྡེ་དགོན་དམ་གྲིབ་གྱིས་གོས་ཐལ།།ཞིང་གངས་ཅན་ཕ་ཡུལ་གད་སྙིགས་ཀྱིས་གཡོགས་ཐལ།།དོན་རང་དབང་ཉི་མ་ནུབ་རི་ལ་ཆས་རན།།ཕྱི་འཁོར་བའི་སྡུག་ལ་ཟད་མཐའ་རང་མི་འདུགས།།་་་་་་་་在科威特 Nasi al kharki 的最富有的人已經去世了. 看看剩下的寶藏. 確什麼也帶不走。ཁ་ཆེའི་科威特ཁུ་ཝེད་ཐུའུ་རྒྱལ་ཁབ་ཀྱི་ཆེས་ཕྱུག་ཆེན་མ་ཞིག་ཚེ་དུས་ལས་འདས་འདུག མོ་ལ་རིན་ཆེན་སྣ་ལྔའི་ཕོ་བྲང་། གསེར་གྱི་ཕེབས་འཁོར། རྡོ་རྗེ་ཕ་ལམ་གྱི་སྐས་ཐེམ། གསེར་རྡོའི་ཡ་དོ། སྟག་གཟིག་དོམ་གྱི་སྒོ་ཁྱི། ཨ་སྒོར་གྱིས་གད་སྙིགས་སོགས་དགོས་དགུ་ཡོད་ནའང་ཆོས་རྒྱལ་གདན་འདྲེན་ལ་ཕེབས་སྐབས་གཙང་ཤོག་ཙམ་ཡང་ཁྱེར་ནས་འགྲོ་ས་མ་ཡོད་ཟིག ཤྲཱིས་སོ།།

  • October 2019

    ཨ་ཕོ་དགའ་དགའ་རྨིས་པའི་ནང་གཏམ་དྲོན་མོ།།ན་མོ་གུ་རུ་ཀརྨ་ས་ཏྭ་ཡ།།ཡུལ་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་བཞུགས་པའི།།གུང་དུང་ལོ་འབར་བའི་ཁྲི་སྟེང་ན་བརྗིད་པའི།།ཨ་རྗེ་བཙུན་སྒྲོལ་མ་ཚེ་འཛིན་གྱི་ལྷ་མོ།།བདག་གསོལ་འདེབས་བུ་ལ་བྱིན་རློབས་རང་མཛོད་ཅིག།སྙིང་དཀྱིལ་འཁོར་རྩ་རླུང་རྒྱུ་འགྲུལ་ཀྱི་ཀློང་ན།།སེམས་དྭངས་མ་ཐིག་ལེ་རྡོ་རྗེ་ཡི་ཁམས་ན།།གཞི་གཉུག་མ་ཡེ་ཤེས་བརྗེད་གཅེར་དུ་མཇལ་ནས།།ཕ་རྒྱལ་བའི་ལུང་བསྟན་འདི་སྐད་དུ་ཐལ་ལོ།།མདང་རྨི་ལམ་ནང་གི་འོད་གསལ་གྱི་ངང་ལས།།ས་གླིང་ཡུལ་འདྲ་བའི་མཐོ་སྒང་དུ་ཐོན་ནས།།འཁོར་སྐད་རིགས་མི་གཅིག་དུ་མ་དང་འགྲོག་སྟེ།།ནགས་ཀུན་བཟང་ཀློང་ནས་ཁོང་ཉིད་དང་མཇལ་སོང་།།ཤར་མཐོང་སྨོན་ཞིང་གི་གཅེས་ཕྲུག་ཉིད་མཐོང་ཚེ།།ལྷོ་ཚ་འདབས་ཚུབ་པའི་ལོ་རྒྱུས་དག་ཐོས་པས།།ནུབ་ནགས་ཀློང་དུང་བའི་སྒོམ་ཆེན་ལ་དུང་ཡོད།།བྱང་རི་བོའི་རྩེ་ནས་མཇལ་བ་འདི་ངོ་མཚར།།ཞག་བརྒྱ་ཕྲག་འདས་པའི་བར་གསེང་གི་བསེབས་ནས།།སྐུ་མི་ངལ་འཚོ་ཐབས་གནང་བ་ལ་རེམས་པའི།།བན་དབུ་སེ་བ་དང་སྨན་ཆུང་གིས་གནང་བར།།དུས་རྒྱུན་དུ་ཡོད་པའི་ངོ་སྤྲོད་ཅིག་གནང་སོང་།།ཐབས་རྫུ་འཕྲུལ་རྨི་ལམ་ཞིང་ཁམས་ནས་མཐོང་བས།།བུ་སེང་ཆེན་བདུད་ཡུལ་བྱོན་པ་དང་འདྲ་ཞིང་།།གླིང་ཕག་སེང་གཡུལ་གྱི་ཁྲག་མཚོ་ལ་གཟིགས་ནས།།ཡུན་མི་འགྱིང་ཕེབས་པའི་གསོལ་འདེབས་ཞིག་ཞུས་ཀྱང་།།ཞལ་འཛུམ་བཅས་ཁྲུང་ཁྲུང་དཀར་མོ་ལ་ཕྱོགས་ནས།།སྤྱི་འཁོར་བའི་ཆོས་ལ་སྙིང་པོ་རང་མེད་ཕྱིར།།ད་ཚེ་གཅིག་གྲོལ་བའི་གདམས་བཟང་ལ་བསྟེན་ནས།།དགྲ་ཆོས་བརྒྱད་དོར་བའི་རྣལ་འབྱོར་རུ་བཞུགས་འདུག།གྲོགས་ཨ་ཕོ་དགའ་དགའ་དགའ་བཞིན་དུ་མཇལ་ནས།།ཞལ་རྨི་ལམ་ནང་ནས་བདེ་མོ་རང་བྱས་ཏེ།།ལྷ་རྩ་གསུམ་ཆོས་སྐྱོང་སྲུང་མ་ལ་བཅོལ་ནས།།རྐྱེན་བར་ཆད་མེད་པའི་སྨོན་ལམ་ཞིག་བཏབས་ཡོད།།ཅེས་པ་འདི་རབ་བྱུང་བཅུ་བདུན་པའི་ནང་ཚན་ས་ཕག་ལོའི་ཐ་སྐར་ཟླ་བའི་དབང་ཚེས་དགེ་བར་ཨ་ཕོ་དགའ་དགའ་ལ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཡོ་ག་གླིང་ནས་བྲིས་པར་དགེའོ།། །།གསེར་འོད་ཀྱིས་འཚེར་བའི་རྣམ་ཤེས་ལ་མིག་ཆུས་སྐྱེལ་མ་བྱེད་དུས།སེར་བྱེས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས།————– ༄༅། །དམ་ཚིག་འོ་ཆུ་དཀར་པོ་གཞི་གཅིག་ཏུ་འཁྱིལ་ནས་ཡུན་རིང་འགྲོགས་ཤིང་འདྲིས་པའི་མཛའ་བཤེས་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་འཇམ་དཔལ་བློ་ཤེས་མཆོག་གངས་རིའི་ལྗོངས་སུ་སྐུ་མཛད་ཆུ་བོའི་རྒྱུན་བཞིན་འཕེལ་སྐབས་གློ་བུར་དུ་ཞི་བར་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ། ༄༅། །བརྒྱད་ཁྲི་བཞི་སྟོང་གཏམ་གྱི་ཐོག་མཐའ་གཉིས། །མི་རྟག་གཏམ་གྱི་ཆོས་ཚུལ་འདོམས་མཛད་ཅིང་། །རྒུད་པ་རྣམ་བཞིའི་ཆོས་ཉིད་མངོན་གཟིགས་ཏེ། །སྐྱེ་འཆིའི་རྩ་བ་གཅོད་མཛད་རྒྱལ་བ་མཁྱེན། ། བློ༷་ཆེན་ཀུན་བཟ༷ང་ལུང་རིགས་བྱེ་བའི་གཏེར། །ལོག་རྟོག་རྣམ་གནོན་སེང་གེའི་ངར་སྐད་ཀྱིས། །མདོ་སྔགས་བསྟན་པའི་སྙིང་པོ་གསལ་མཛད་པ། །ཙོང་ཁ་པ་ཞེས་གྲ༷གས་པ༷འི་དཔལ་གྱིས་སྐྱོངས། ། འཇ༵མ་རྩུབ་ལེགས་བཤད་སྟོང་ཕྲག་སྨྲ་བའི་ལྕེས། །དཔ༵ལ་ལྡན་མཁས་པ་ཀུན་གྱི་མགོ་བོ་ལ། །བློ༵་གྲོས་ཕྱོགས་ལས་རྣམ་པར་རྒྱལ་བའི་དར། །ཤེ༵ས་རབ་མཆོག་གིས་འཛུགས་པའི་གྲོགས་ཁྱོད་དགོངས། ། ལུས་ཀྱི་མྱུ་གུ་གངས་རིའི་ལྗོངས་སུ་འབུས། །ཡོན་ཏན་ཁོ་ལག་འཕགས་ཡུལ་ལྷོ་རུ་རྒྱས། །མཛད་འཕྲིན་སྙེ་མ་བོད་ཁམས་ལྗོངས་སུ་བཞད། །གློ་བུར་འཇའ་བཞིན་ཡལ་འདིར་བློ་རེ་ཕམ། ། སེར་ཤུལ་ཆོས་ཀྱི་སྡེ་ཆེན་ལུང་རིགས་མཚོ། །འགོག་མེད་གྱེན་དུ་འཕྱུར་མཛད་ཟླ་བའི་འཛུམ། །སྟོན་མཚན་རྒྱུ་སྐར་བྱེ་བ་མཛེས་པའི་རྒྱན། །མི་མངོན་ནུབ་རིར་འཆེལ་ལ་ཞེ་རེ་སྨྲེང། ། ལོ་མང་སྣ་ཚོགས་དཀའ་བ་སྟོང་ཕྲག་གི །སྣེ་མོར་འཇུས་ཤིང་ཐབས་མཁས་གདོང་ལེན་གྱིས། །ལུང་རྟོགས་ཡོན་ཏན་ནོར་བུའི་མཛོད་འཆང་བ། །ཁྱོད་ལྟའི་ཡོན་ཏན་རྫོགས་པ་རེ་གཉིས་ཙམ། ། ཟབ་གསལ་མྱུར་བའི་རྣམ་དཔྱོད་ནམ་མཁའི་གློག །མི་འཇིགས་སྙིང་སྟོབས་ཟབ་བརླིང་ལྷུན་པོའི་སྤོར། །དྲག་ཏུ་འཁྱུགས་པའི་ལུང་རིགས་རྣོན་པོའི་གཟི། །ཕས་ཀྱི་རྒོལ་བ་སྟོང་གིས་བསམ་མི་བཟོད། །…

  • October 2019

    ༧གྲུབ་དབང་གཙང་བ་རིག་མཆོག་སྤྲུལ་སྐུ་ལ་བསྔགས་པ་རང་བཞིན་བརྗོད་པའི་མེ་ལོང་།།ན་མོ་གུ་རུ་བིརྱ་དྷཱ་ར་ཡེ།།མགོན་ཀུན་ཏུ་བཟང་དང་དབྱེར་མ་མཆིས།།དཔལ་དགའ་རབ་རྡོ་རྗེའི་དངོས་སློབ་མཆོག།།རྒྱའི་ཤྲཱིཿསེངྷའི་རྣམ་སྤྲུལ་གར།།གཙང་གྲུབ་ཆེན་རིག་མཆོག་རིན་པོ་ཆེ།།དཔལ་འཛུམ་དྲུག་བཀྲ་བའི་སྟག་ཤར་ཅིག།རྩལ་སྒྱུ་འཕྲུལ་མངའ་བའི་གངས་སེང་ཞིག།སེ་དབྲ་ཁྱུང་རྒྱུད་པའི་སྔགས་འཆང་ལ།།སྙན་འབྲུག་སྒྲ་བཞིན་དུ་ཀུན་ལ་གྲགས།།གདུང་རྒྱུད་པ་གསེར་གྱི་ཅོད་པན་འཛིན།།ཕ་རུས་པ་དཀར་པོའི་ཕན་བདེ་སྐྱོང་།།ཆོས་མདོ་སྔགས་ལུང་རྟོགས་བསྟན་པ་སྤེལ།།གླིང་ཀུན་ལ་ཕྲིན་ལས་ཀུན་ཁྱབ་ཤོག།ཕྱི་བྱང་ཆུབ་སེམས་དཔའི་མཛད་པ་ལ།།ནང་རྟོགས་གྲོལ་རིག་པའི་གདེངས་ཚོད་ལྡན།།དོན་གསང་བ་སྣང་སྲིད་འཁོར་འདས་མཁྱེན།།རྗེ་རིག་འཛིན་རིག་མཆོག་རྣམ་པར་རྒྱལ།།སྐུ་མཚན་དཔེ་གཟི་འོད་ལམ་སེ་ལམས།།གསུང་དམ་ཆོས་སྒྲ་སྙན་ལྷང་སེ་ལྷངས།།ཐུགས་ཡེ་ཤེས་རྡོ་རྗེ་ཀུན་ཁྱབ་དཔལ།།དུས་ནམ་ཡང་འགྲོ་བའི་དོན་ལ་དགོངས།།ཞེས་པ་འདི་ཡང་རབ་གནས་ས་ཕག་ཐ་སྐར་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་ཐོལ་བྱུང་དུ་སྨྲས་པར་དགེའོ།། །།

  • October 2019

    ༄༅། །སྐྱབས་རྗེ་བདེ་བར་གཤེགས་པ་༧མཁྱེན་བརྩེ་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་རབ་གསལ་ཟླ་བ་མཆོག་རྗེས་སུ་དྲན་པ་དད་འདུན་གཙང་མའི་མཆོད་སྟེགས་ན་འཚེར་བའི་མཆོད་མེ་ཚེ་འབར། མོས་གུས་གཙང་མའི་རེ་འབྲས་ལ་དངོས་གྲུབ་ཀྱི་འོད་མདངས་སྩོལ་བའི་སྐྱ་རེངས་བུ་མོའི་འཛུམ་དཀར་དང་ལྷན་ཅིགཤར་ཕྱོགས་མཁའ་མཐའ་ནས་འཆར་བའི་གསེར་མདོག་གི་འགྲོ་བའི་སྒྲོན་མེ།རྨོངས་པ་མུན་ནག་གི་གདུག་རྩུབ་ཀྱིས་འཁོར་ཡུག་འཐིབ་ཅིང་སྨེ་ངག་འཕར་སྤྱང་གི་ངུ་ཟུག་མཆེད་དུས།སྐར་ཕྲན་ཁྲི་མ་འབུམ་གྱི་ཚོགས་འཁོར་གྱི་དབུས་ནས་དྭངས་གསལ་རི་བོང་འཛིན་པས་ཟབ་གསང་བླ་མེད་ཀྱི་གསུང་གི་མངོན་པ་བཞད་ཚེ།སྣ་ཚོགས་འཛིན་མའི་བཞིན་རས་ལ་བརྩེ་བའི་འོད་ཀྱིས་བཀབ་ཅིང་ཤེས་རབ་ཀུན་དའི་མེ་ཏོག་གི་འདབ་མ་རབ་ཏུ་བཞད་པས།ས་ཆེན་པོ་འདིའི་རྒྱན་དུ་བྱོན་པའི་བསྟན་པའི་རྒྱལ་མཚན་ཆེན་པོ།བླ་མ་ལགས། རབ་གསལ་ཟླ་བ།སྟངས་སྟབས་འཁྲུལ་སྣང་སྒྱུ་མའི་གཙན་རྫོང་གི་དཀྱིལ་ནས་བདེན་པའི་རང་ཞལ་མཇལ་བའི་དྲང་སྲོང་ཆེན་མོ།ཆོས་བརྒྱད་སྒེག་མོའི་བཞིན་རས་ལ་སྲེད་ཞེན་གྱི་མེ་ལྕེ་འབར་བ་རྩད་ནས་གཞིལ་ཏེ།སྟོན་པ་མཆོག་དང་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་རྒྱལ་སྲས་ཚོ་གཟི་བརྗིད་ཀྱིས་ཕེབས་པའི་བཤུལ་ལམ་རྙེད་པ་ནས།གཞན་ཕན་རིས་མེད་ཀྱི་འོད་དཀར་ཆེམ་ཆེམ་འཕྲོ་བའི་མཚན་ལྡན་བླ་མའི་མདུན་ནས་ཁེ་དབང་དང་འགྲན་རྩོད་ཀྱི་ཆེད་དུ་མི་ཚེ་ཆུད་ཟོས་སུ་མ་བཏང་བར་གདམས་པ་ཟབ་མོའི་བདེ་དྲོད་ལ་བརྟེན་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ།བླ་མ་ལགས། རབ་གསལ་ཟླ་བ།བདེ་སྟོང་གསང་ལམ་ཟམ་མོའི་དགོངས་དོན་ལ་ཚུལ་བཞིན་སྤྱོད་པའི་སྔགས་འཆང་རྡོ་རྗེ་འཛིན་པ།དུས་ཀྱི་སྟོན་པ། ཀུན་གྱིས་མཆོད་གནས། འགྲོ་བའི་དེད་དཔོན། ཡོངས་ཀྱི་བཤེས་གཉེན།ཕུན་ཚོགས་བྱེད་པོ། བདུད་རྩིའི་འབྱུང་གནས།འཁོར་བའི་དགའ་སྟོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་ཐབས་ཤེས་ཟུང་འཇུག་གི་དབུ་མའི་ལམ་ན་མདོ་རྒྱུད་དགོངས་དོན་ཟབ་མོ་འགྲོ་བ་ཀུན་ལ་ཡང་དག་ལམ་བཟང་སྟོན་པའི་རྒྱལ་སྲས་དམ་པ།སྔོན་སྨོན་སེམས་བསྐྱེད་བཟང་པོས་ཐུགས་རྒྱུད་སྐུལ་ཞིང་སྐྱེས་སྟོབས་ཤེབ་རབ་རྣོ་པོའི་བདེན་དོན་རྟོགས་ཏེ།ཟབ་རྒྱས་ཆོས་ཀྱི་བདུད་རྩུ་ལ་ངོམས་མེད་དུ་བརྩོན་ནས་ལྷན་སྐྱེས་ཀྱི་ཚུལ་དུ་གྲུབ་པའི་སྨྲ་བརྗོད་དག་མོ་དང་།རྣམ་དཔྱོད་མེ་ལོང་དྭངས་མའི་དཔལ་ཡོན་ལས།མཚོ་འཁྲུངས་པདྨ་ཀ་རའི་གསེར་མདོག་གི་ཞབས་རྗེས་ལ་དབུ་ཐོད་གཏུག་བཞིན་གཏིང་ཟབ་འཁོར་བའི་རྒྱ་མཚོ་འདི་ནས་རིས་མེད་གྲུབ་མཐའ་ཁག་གི་དབང་ལུང་མན་ངག་གི་ཁྲིད་རྒྱུན་སྤེལ་ནས་སྐུ་ཚེ་རྫོགས་པའི་ཡབ་རྗེ་བདག་ཉིད་ཆེན་མོ།བླ་མ་ལགས། རབ་གསལ་ཟླ་བ།མཁྱེན་བརྩེ་རྡོ་རྗེ་འཆང་། མ་འདྲེས་པའི་མཛའ་བཤེས་དམ་པ།མགོན་པོ་མཆོག་གིས་འཛམ་གླིང་རྒྱབ་ཁམས་ཆེན་པོ་ལྷོད་ཀྱིས་བསྐོར་རྗེས་ཆོས་ཉིད་ལྡོག་མེད་ཅིག་གིས་གངས་དཀར་རི་བོའི་གྲགས་སྙན་དང་གཟི་དཔལ་འཁྱུལ་ཞིང་།སྲོག་ལྡན་ཐུན་མོང་ལ་ལུས་སེམས་བདེ་བའི་ཐབས་མཆོག་བླ་མེད་དམ་པའི་ཆོས་ཀྱི་ཆར་བར་ཕབ།ཁྱེད་བཞུར་ཤུལ་ན་ཞི་བདེ་ཡི་འོད་མདངས་རྒྱས་འདུགནང་བསྟན་གྱི་མཚན་སྙན་འཕྱུར་འདུགཁྱེད་ཉིད་གསེར་མདོག་གི་ཉི་མ་བཞིན་དལ་གྱིས་བཞུར་བས།བགྲང་བྱ་དུ་མའི་འཁོར་སྐྱོད་ཀྱི་ཁུགས་པ་ཞིག་ནས་ཁྱེད་ཉིད་ལ་ཐར་བའི་ལམ་བཟང་འཚོལ་བའི་རྗེས་འཛིན་བརྒྱ་སྟོང་དུ་མའི་རེ་སྨོན་འཆང་།གསང་གསུམ་གྱི་ཡོན་ཏན་དང་ཚད་མེད་ཀྱི་བརྩེ་བ་སྣུམ་པོ་དད་ལྡན་འགྲོ་བའི་སེམས་སྟེགས་སུ་ལྷུན་གྱིས་གྲུབ།རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་ཀློང་ཡངས་ན་ཁྱོད་ཉིད་འོད་དུ་འཚེར།ཁྱེད་ཉིད་གཙུག་ཏུ་བཀུར་ཞིང་མཚན་མཆོག་གང་གིས་ཆོ་ལོ་སྦྱར་ཡང་ཟོལ་བསྟོད་དང་འུད་བརྗོད་ཀྱིས་དྲི་མའི་མ་གོས་ཕྱིར་སྐྱེ་འགྲོ་ཡོངས་ཀྱི་སྒྲ་འཛིན་དབང་པོའི་རྒྱན་དུ་གྱུར།བླ་མ་ལགས། རབ་གསལ་ཟླ་བ།ངའི་གཡོ་མེད་དད་སེམས་གཙང་མའི་འདབ་སྟེང་ན་གཟིམ་དུ་མེད་པའི་མཆོད་མེ་ཚེ་འབར་བཤེས་གཉེན་དམ་པ་ལགས།དེ་རིང་ཁྱེད་ཉིད་ཀྱི་མཛད་པ་ཡང་ཡང་དྲན།སྤྱིར་དེ་རིང་ནི་ཉི་མ་ནག་པོ་ཞིག་ཀྱང་ཡིན་ཏེ།སྤྲོ་སེམས་དྭངས་མའི་ཤེལ་གྱི་མེ་ལོང་ལ།བཙོག་གྲིབ་རྡུལ་གྱིས་སྐྱོ་སྡུག་ཡང་ཡང་བྱུགས་པས་ཉིན་མོ་ཞིག་དང།སྒྱུ་ལུས་ཀྱི་ཕུང་པོ་འདི་ས་རུ་མ་ཐུམ་བར་དུ་སྙིང་ཤ་དམར་ཆུང་ལ་སོས་མི་ཐུབ་པའི་གནར་གཅོད་རྩུབ་མོའི་དམར་ཁ་བཟོས་པའི་ཉིན་མ་ཞིག་ཀྱང་ཡིན།གང་ལྟར་ཤུལ་ལུས་དལ་འབངས་ཚོགས་ཀྱིས་མཚན་ལྡན་བླ་མ་དམ་པའི་མཛད་པ་རྗེས་དྲན་གྱི་ཉིན་མོ་ཞིག་ཏུ་བསྐྲུན་ནས།མགོན་པོ་ཁྱེད་ཉིད་ཀྱི་མཛད་པ་དང་ཁྱེད་ཉིད་རྗེས་སུ་དྲན་བཞིན་དད་པའི་གསོལ་འདེབས་ཀྱི་དབྱངས་རྟ་འཐེན་བཞིན་ཡོད།བླ་མ་ལགས། ཁྱེད་ཉིད་དྲན་གྱིན་ཡོད། ཁྱེད་ཉིད་གླེང་གྱིན་ཡོད།གཡོ་མེད་མོས་གུས་ཀྱི་ཕྱག་རྒྱའི་གོང་རོང་ན་ཁྱེད་ཉིད་རྟག་ཏུ་མཆོད་བཞིན་ཡོད། ཅེས་རྗེ་ཉིད་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཉེར་བརྒྱད་ལོན་པའི་ཉིན་མགོན་པོ་མཆོག་གི་ཞབས་རྡུལ་སྤྱི་བོར་ལེན་པ་ཞེ་ཆེན་པ་འགྱུར་མེད་ཆོས་དབྱངས་ནས་གུས་པས་སྦྱར་བའོ། །གྱེར་འདོན་པ་ཨ་མདོ་དབང་ཆེན།