October 2019

༄༅། །སྐྱབས་རྗེ་བདེ་བར་གཤེགས་པ་༧མཁྱེན་བརྩེ་རྡོ་རྗེ་འཆང་
འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་
རབ་གསལ་ཟླ་བ་མཆོག་རྗེས་སུ་དྲན་པ་དད་འདུན་གཙང་མའི་
མཆོད་སྟེགས་ན་འཚེར་བའི་མཆོད་མེ་ཚེ་འབར།


མོས་གུས་གཙང་མའི་རེ་འབྲས་ལ་དངོས་གྲུབ་ཀྱི་འོད་མདངས་སྩོལ་བའི་
སྐྱ་རེངས་བུ་མོའི་འཛུམ་དཀར་དང་ལྷན་ཅིག
ཤར་ཕྱོགས་མཁའ་མཐའ་ནས་འཆར་བའི་གསེར་མདོག་གི་འགྲོ་བའི་སྒྲོན་མེ།
རྨོངས་པ་མུན་ནག་གི་གདུག་རྩུབ་ཀྱིས་འཁོར་ཡུག་འཐིབ་ཅིང་སྨེ་ངག་འཕར་སྤྱང་གི་ངུ་ཟུག་མཆེད་དུས།
སྐར་ཕྲན་ཁྲི་མ་འབུམ་གྱི་ཚོགས་འཁོར་གྱི་དབུས་ནས་དྭངས་གསལ་རི་བོང་འཛིན་པས་
ཟབ་གསང་བླ་མེད་ཀྱི་གསུང་གི་མངོན་པ་བཞད་ཚེ།
སྣ་ཚོགས་འཛིན་མའི་བཞིན་རས་ལ་བརྩེ་བའི་འོད་ཀྱིས་བཀབ་ཅིང་
ཤེས་རབ་ཀུན་དའི་མེ་ཏོག་གི་འདབ་མ་རབ་ཏུ་བཞད་པས།
ས་ཆེན་པོ་འདིའི་རྒྱན་དུ་བྱོན་པའི་བསྟན་པའི་རྒྱལ་མཚན་ཆེན་པོ།
བླ་མ་ལགས། རབ་གསལ་ཟླ་བ།
སྟངས་སྟབས་འཁྲུལ་སྣང་སྒྱུ་མའི་གཙན་རྫོང་གི་དཀྱིལ་ནས་
བདེན་པའི་རང་ཞལ་མཇལ་བའི་དྲང་སྲོང་ཆེན་མོ།
ཆོས་བརྒྱད་སྒེག་མོའི་བཞིན་རས་ལ་སྲེད་ཞེན་གྱི་མེ་ལྕེ་འབར་བ་རྩད་ནས་གཞིལ་ཏེ།
སྟོན་པ་མཆོག་དང་རྒྱན་དྲུག་མཆོག་གཉིས་སོགས་
འཕགས་བོད་ཀྱི་རྒྱལ་སྲས་ཚོ་གཟི་བརྗིད་ཀྱིས་ཕེབས་པའི་བཤུལ་ལམ་རྙེད་པ་ནས།
གཞན་ཕན་རིས་མེད་ཀྱི་འོད་དཀར་ཆེམ་ཆེམ་འཕྲོ་བའི་མཚན་ལྡན་བླ་མའི་མདུན་ནས་
ཁེ་དབང་དང་འགྲན་རྩོད་ཀྱི་ཆེད་དུ་མི་ཚེ་ཆུད་ཟོས་སུ་མ་བཏང་བར་
གདམས་པ་ཟབ་མོའི་བདེ་དྲོད་ལ་བརྟེན་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ།
བླ་མ་ལགས། རབ་གསལ་ཟླ་བ།
བདེ་སྟོང་གསང་ལམ་ཟམ་མོའི་དགོངས་དོན་ལ་ཚུལ་བཞིན་སྤྱོད་པའི་སྔགས་འཆང་རྡོ་རྗེ་འཛིན་པ།
དུས་ཀྱི་སྟོན་པ། ཀུན་གྱིས་མཆོད་གནས། འགྲོ་བའི་དེད་དཔོན། ཡོངས་ཀྱི་བཤེས་གཉེན།
ཕུན་ཚོགས་བྱེད་པོ། བདུད་རྩིའི་འབྱུང་གནས།
འཁོར་བའི་དགའ་སྟོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་ཐབས་ཤེས་ཟུང་འཇུག་གི་དབུ་མའི་ལམ་ན་
མདོ་རྒྱུད་དགོངས་དོན་ཟབ་མོ་འགྲོ་བ་ཀུན་ལ་ཡང་དག་ལམ་བཟང་སྟོན་པའི་རྒྱལ་སྲས་དམ་པ།
སྔོན་སྨོན་སེམས་བསྐྱེད་བཟང་པོས་ཐུགས་རྒྱུད་སྐུལ་ཞིང་སྐྱེས་སྟོབས་ཤེབ་རབ་རྣོ་པོའི་བདེན་དོན་རྟོགས་ཏེ།
ཟབ་རྒྱས་ཆོས་ཀྱི་བདུད་རྩུ་ལ་ངོམས་མེད་དུ་བརྩོན་ནས་ལྷན་སྐྱེས་ཀྱི་ཚུལ་དུ་གྲུབ་པའི་སྨྲ་བརྗོད་དག་མོ་དང་།
རྣམ་དཔྱོད་མེ་ལོང་དྭངས་མའི་དཔལ་ཡོན་ལས།
མཚོ་འཁྲུངས་པདྨ་ཀ་རའི་གསེར་མདོག་གི་ཞབས་རྗེས་ལ་དབུ་ཐོད་གཏུག་བཞིན་
གཏིང་ཟབ་འཁོར་བའི་རྒྱ་མཚོ་འདི་ནས་རིས་མེད་གྲུབ་མཐའ་ཁག་གི་དབང་ལུང་མན་ངག་གི་
ཁྲིད་རྒྱུན་སྤེལ་ནས་སྐུ་ཚེ་རྫོགས་པའི་ཡབ་རྗེ་བདག་ཉིད་ཆེན་མོ།
བླ་མ་ལགས། རབ་གསལ་ཟླ་བ།
མཁྱེན་བརྩེ་རྡོ་རྗེ་འཆང་། མ་འདྲེས་པའི་མཛའ་བཤེས་དམ་པ།
མགོན་པོ་མཆོག་གིས་འཛམ་གླིང་རྒྱབ་ཁམས་ཆེན་པོ་ལྷོད་ཀྱིས་བསྐོར་རྗེས་
ཆོས་ཉིད་ལྡོག་མེད་ཅིག་གིས་གངས་དཀར་རི་བོའི་གྲགས་སྙན་དང་གཟི་དཔལ་འཁྱུལ་ཞིང་།
སྲོག་ལྡན་ཐུན་མོང་ལ་ལུས་སེམས་བདེ་བའི་ཐབས་མཆོག་བླ་མེད་དམ་པའི་ཆོས་ཀྱི་ཆར་བར་ཕབ།
ཁྱེད་བཞུར་ཤུལ་ན་ཞི་བདེ་ཡི་འོད་མདངས་རྒྱས་འདུག
ནང་བསྟན་གྱི་མཚན་སྙན་འཕྱུར་འདུག
ཁྱེད་ཉིད་གསེར་མདོག་གི་ཉི་མ་བཞིན་དལ་གྱིས་བཞུར་བས།
བགྲང་བྱ་དུ་མའི་འཁོར་སྐྱོད་ཀྱི་ཁུགས་པ་ཞིག་ནས་
ཁྱེད་ཉིད་ལ་ཐར་བའི་ལམ་བཟང་འཚོལ་བའི་རྗེས་འཛིན་བརྒྱ་སྟོང་དུ་མའི་རེ་སྨོན་འཆང་།
གསང་གསུམ་གྱི་ཡོན་ཏན་དང་ཚད་མེད་ཀྱི་བརྩེ་བ་སྣུམ་པོ་དད་ལྡན་འགྲོ་བའི་སེམས་སྟེགས་སུ་ལྷུན་གྱིས་གྲུབ།
རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་ཀློང་ཡངས་ན་ཁྱོད་ཉིད་འོད་དུ་འཚེར།
ཁྱེད་ཉིད་གཙུག་ཏུ་བཀུར་ཞིང་མཚན་མཆོག་གང་གིས་ཆོ་ལོ་སྦྱར་ཡང་
ཟོལ་བསྟོད་དང་འུད་བརྗོད་ཀྱིས་དྲི་མའི་མ་གོས་ཕྱིར་སྐྱེ་འགྲོ་ཡོངས་ཀྱི་སྒྲ་འཛིན་དབང་པོའི་རྒྱན་དུ་གྱུར།
བླ་མ་ལགས། རབ་གསལ་ཟླ་བ།
ངའི་གཡོ་མེད་དད་སེམས་གཙང་མའི་འདབ་སྟེང་ན་གཟིམ་དུ་མེད་པའི་མཆོད་མེ་ཚེ་འབར་བཤེས་གཉེན་དམ་པ་ལགས།
དེ་རིང་ཁྱེད་ཉིད་ཀྱི་མཛད་པ་ཡང་ཡང་དྲན།
སྤྱིར་དེ་རིང་ནི་ཉི་མ་ནག་པོ་ཞིག་ཀྱང་ཡིན་ཏེ།
སྤྲོ་སེམས་དྭངས་མའི་ཤེལ་གྱི་མེ་ལོང་ལ།
བཙོག་གྲིབ་རྡུལ་གྱིས་སྐྱོ་སྡུག་ཡང་ཡང་བྱུགས་པས་ཉིན་མོ་ཞིག་དང།
སྒྱུ་ལུས་ཀྱི་ཕུང་པོ་འདི་ས་རུ་མ་ཐུམ་བར་དུ་སྙིང་ཤ་དམར་ཆུང་ལ་
སོས་མི་ཐུབ་པའི་གནར་གཅོད་རྩུབ་མོའི་དམར་ཁ་བཟོས་པའི་ཉིན་མ་ཞིག་ཀྱང་ཡིན།
གང་ལྟར་ཤུལ་ལུས་དལ་འབངས་ཚོགས་ཀྱིས་མཚན་ལྡན་བླ་མ་དམ་པའི་མཛད་པ་རྗེས་དྲན་གྱི་ཉིན་མོ་ཞིག་ཏུ་བསྐྲུན་ནས།
མགོན་པོ་ཁྱེད་ཉིད་ཀྱི་མཛད་པ་དང་ཁྱེད་ཉིད་རྗེས་སུ་དྲན་བཞིན་
དད་པའི་གསོལ་འདེབས་ཀྱི་དབྱངས་རྟ་འཐེན་བཞིན་ཡོད།
བླ་མ་ལགས། ཁྱེད་ཉིད་དྲན་གྱིན་ཡོད། ཁྱེད་ཉིད་གླེང་གྱིན་ཡོད།
གཡོ་མེད་མོས་གུས་ཀྱི་ཕྱག་རྒྱའི་གོང་རོང་ན་ཁྱེད་ཉིད་རྟག་ཏུ་མཆོད་བཞིན་ཡོད།

ཅེས་རྗེ་ཉིད་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཉེར་བརྒྱད་ལོན་པའི་ཉིན་མགོན་པོ་མཆོག་གི་ཞབས་རྡུལ་སྤྱི་བོར་ལེན་པ་ཞེ་ཆེན་པ་འགྱུར་མེད་ཆོས་དབྱངས་ནས་གུས་པས་སྦྱར་བའོ། །གྱེར་འདོན་པ་ཨ་མདོ་དབང་ཆེན།

Leave a Reply

Your email address will not be published. Required fields are marked *