October 2019

སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ལ་བསྟོད་པ་པདྨ་དཀར་པོའི་དོ་ཤལ།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།
རྒྱལ་ཀུན་ཡེ་ཤེས་ཀུན་འདུས་ཀུན་ཏུ་བཟང་།།
སྙིགས་དུས་འདྲེན་མཆོག་མཚུངས་མེད་མ་ཎི་ཀ།
རིགས་ཀུན་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་འཆང་།།
མཚོ་སྐྱེས་རྡོ་རྗེས་ཚེ་རབས་ཀུན་ཏུ་སྐྱོངས།།
སྙིང་ཀར་ལྷག་བསམ་རྟ་བདུན་དབང་པོ་ཚེས།།
དྲི་མེད་པདྨའི་འདབ་ཡངས་ཕྱོགས་ཀུན་ཁྱབ།།
གངས་ཅན་པདྨའི་ཕྲིན་ལས་སྤེལ་བའི་སྐུ།།
རྣམ་ཐར་ཀུན་བཟང་འཛམ་གླིང་རྒྱན་དུ་བཞགས།།
ཨོ་རྒྱན་པདྨ་ཀ་རའི་རྣམ་ཐར་འཛིན།།
བསྟན་པ་ཡར་བསྐུལ་ཐེག་པའི་འགྲོ་ཁམས་སྐྱོང་།།
འཛམ་གླིང་སེང་ཆེན་རྒྱལ་པོའི་སྒྲུང་གཏམ་སྤེལ།།
སྤྲུལ་སྐུའི་མཛད་བཟང་ཉིད་ལ་ཡི་རང་ངོ་།།
རང་དགོན་རེ་འདོད་ཞགས་པས་མ་འཆིང་ཞིང་།།
རང་དོན་སྒེར་སྤྱོད་ཆགས་པས་མ་བཟི་ནས།།
རང་གཞན་སྤྱི་དོན་སྒྲུབ་མཁས་སྤྲུལ་པའི་སྐུ།།
རང་ཆོས་བསྟན་པའི་ཁྱབ་བདག་རྒྱལ་གྱུར་ཅིག།
རྒྱལ་བ་རབ་འབྱམས་ཞིང་ཁམས་རྒྱ་མཚོའི་དཔལ།།
ཕན་བདེ་མཐའ་ཡས་འགྲོ་བའི་དོན་དགྱེས་པ།།
རྒྱལ་སྲས་བྱང་སེམས་རིག་འཛིན་རྡོ་རྗེ་མཆོག།
སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ཞབས་བརྟན་ཤོག།
ཕྱི་ལྟར་ངུར་སྨྲིག་རྒྱལ་མཚན་དཔལ་གྱིས་མཛེས།།
ནང་དུ་ཟབ་རྒྱས་ལེགས་བཤད་བདུད་རྩིས་གཏམས།།
གསང་བ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་མཆོག།
རྫོགས་ཆེན་བསྟན་པའི་ཁྱབ་བདག་ཞབས་བརྟན་ཤོག།
ཅེས་པ་རབ་གནས་ས་ཁྱིའི་སྤྲེལ་ཀྱི་ཟླ་ཚེས་དགེ་བར་ཝེར་མ་དཀར་པོས་འབོད་སྐུལ་དང་དམ་པ་ཁོང་གིས་བོད་ཀྱི་རིག་གཞུང་ཀུན་འདུས་ཧི་མ་ལའི་རིག་མཛོད་ཆེན་མོ་དང་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་ལས་གཞི་གལ་ཆེན་གཉིས་ཀྱི་ཆེད་དུ་སྙིང་རུས་དཀའ་སྤྱད་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་པ་དང་། ཁྱད་པར་ད་ལྟ་གུ་རུའི་རྣམ་ཐར་སྟོང་སྐུ་ཆེན་མོ་སྟེ་ལེ་དབར་གསུམ་གྱི་རིང་ཚད་ཅན་གྱི་ཞལ་ཐང་སྟོང་གཅིག་དང་སུམ་བརྒྱའི་བདག་ཉིད་ཅན་དེ། ད་སྔོན་ལྷ་རིས་པ་བཅུ་ཕྲག་ལྔས་བགྲང་བྱ་བཅུ་གཉིས་ཀྱི་ཡུན་ལ་བསྟུད་མར་བྲིས་པའི་སྟོང་ཐང་ཆེན་མོ་ད་ལྟ་འགྲུབ་ལ་ཉེ་བ་སོགས་དགའ་འོས་པ་དག་ལ་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་གང་ཤར་སྨོན་ཚིག་ཏུ་བྱས་པར་དགེའོ།། །།

Leave a Reply

Your email address will not be published.