༄༅། །ཀི་ཀི་ཀི་བསྭོ་བསྭོ་བསྭོ། ཤར་གྱི་རྨ་རྒྱལ་སྤོམ་ར་བསྭོ།
༄༅། །ཀི་ཀི་ཀི་བསྭོ་བསྭོ་བསྭོ། ཤར་གྱི་རྨ་རྒྱལ་སྤོམ་ར་བསྭོ། ལྷོ་ཡི་ཁ་བ་དཀར་པོ་བསྭོ། ནུབ་ཀྱི་གངས་དཀར་ཏི་སེ་བསྭོ། བྱང་གི་གཉན་ཆེན་ཐང་ལྷ་བསྭོ། བོད་ཀྱི་མཚོ་ཆེན་རྣམ་བཞི་བསྭོ། བཙན་པོའི་རྒྱལ་རབས་རིམ་བྱོན་བསྭོ། སློབ་དཔོན་པདྨ་འབྱུང་གནས་བསྭོ། རྒྱལ་ཡུལ་རྗེ་བཙུན་སྒྲོལ་མ་བསྭོ། སེང་ཆེན་ནོར་བུ་དགྲ་འདུལ་བསྭོ། ལྷ་ཆེན་ཚངས་པ་དཀར་པོ་བསྭོ། གཉན་ཆེན་སྐུ་ལྷ་གེ་མཛོ་བསྭོ། ཀླུ་རྒྱལ་གཙུག་ན་རིན་ཆེན་བསྭོ། ཕུ་བོ་དུང་ཁྱུང་ཀར་པོ་བསྭོ། ནུ་བོ་ཀླུ་སྦྲུལ་འོད་ཆུང་བསྭོ། སྲིང་ལྕམ་ཐ་ལེ་འོད་འཕྲོ་བསྭོ། ཨ་ནེ་གནམ་སྨན་དཀར་མོ་བསྭོ། དགྲ་ལྷའི་མེ་སྟག་དམར་པོ་བསྭོ། འཛམ་གླིང་སེང་ཆེན་རྒྱལ་པོ་བསྭོ། གླིང་གི་དཔའ་བཏུལ་སུམ་ཅུ་བསྭོ། ཡང་ཐུལ་དམ་པ་མི་བདུན་བསྭོ། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་བསྭོ། བསྭོ། བསྭོ། བསྭོ། ཕོ་ལྷ་བསྭོ། དགྲ་ལྷ་བསྭོ། ལས་ལྷ་བསྭོ། ལུས་ལྷ་བསྭོ། ས་གང་སོང་གི་ཡུལ་ལྷ་གཞི་བདག་བསྭོ། ཆུ་གང་ཐུག་གི་ཀླུ་སྨན་དཀར་མོ་བསྭོ། ཕར་འགྲོ་གི་སྐྱེལ་མ་གྱིས། ཚུར་འོང་གི་བསུ་མ་གྱིས། བུ་ལ་དཔའ་རྩལ་སྦྱིན། རྟ་ལ་བང་ཁ་སྩོལ། མཚོན་ལ་རྣོ་ངར་སྐྱེད། དགྲ་མགོ་རྡོག་པས་ནོན། གང་སོང་ལ་ནོར་འཕེལ། གང་བསྡད་ལ་གཡང་ཆགས། གོམ་གསུམ་སྤོས་ན་བཀྲ་ཤིས། ཚིག་གསུམ་བཤད་ན་དོན་འགྲུབ། བསྭོ། བསྭོ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
བཀའ་གཉན་རྨི་ལམ་ལུང་བསྟན་ཆོས་སྲུང་བཀའ་ཤོག
བཀའ་གཉན་རྨི་ལམ་ལུང་བསྟན་ཆོས་སྲུང་བཀའ་ཤོགན་མོ་གུ་རུ་ཨ་ཝ་ལོ་ཀེ་ཤྭ་ར་ཡེ།།དབྱིངས་སྙིང་རྗེའི་རོལ་གར་སྤྱན་མི་གཟིམས།།ཐུགས་ཀུན་གསལ་ཡངས་པ་ཀུན་བཟང་ཡང་།།མ་འགྲོ་བའི་མ་སྨད་རྟེན་འབྲེལ་ཚོགས།།སྤྲིན་མཁའ་རླངས་དུ་བས་བསྒྲིབས་པར་རྨིས།།སྣ་རྡོ་རྗེ་ཁྱབ་བདག་ལོ་ལ་འཆར།།གངས་དཀར་པོའི་དབུ་ཞྭ་རྫ་རུ་ལོག།གཙང་ཀུན་བཟང་ཕོ་ཉར་དྲག་སྐུལ་དང་།།བསང་མནོལ་ཆབ་སྔོན་མོས་བྲན་པར་གཅེས།།སེང་གཡུ་རལ་ཕག་བྲུན་ནག་པོས་སྒྲིབ།།སྟག་འཛུམ་དྲུག་འབྱུང་བ་མེ་རུ་སྒྲོན།།ཁྱུང་རུ་ཐུར་གནམ་ལྕགས་ཐང་ལ་ལྷུངས།།འབྲུག་སྡེར་བཞི་འདམ་ཉོག་བྱིངས་སུ་ནུབ།།རྟ་ཅང་ཤེས་སྒ་འབུ་ནད་ཀྱིས་ཟིན།།སྦྲུལ་ནག་པོས་གད་སྙིགས་ནིར་འཛིན་བཀངས།།ལུག་གཡང་དཀར་མུན་ནག་བཙོན་ལ་བཟུང་།།བྱ་དེ་ཕོའི་མགྲིན་རྩ་ཐག་པས་བསྡམས།།ཁྱི་རྒྱ་ལུས་རྔ་མ་དགུང་དང་མཉམས།།བྱི་སྒོམ་ཆེན་སད་མེད་གཟིམ་དུ་ཐལ།།གླང་རོག་པོ་འཁོར་བའི་འདམ་དུ་ཆགས།།ཡོས་ཁྲ་མོ་སྣ་ཐག་གཞན་ལག་ཤོར།།སྤྲེལ་ཁྲེལ་མེད་ཀླད་པ་ཚོང་ལ་རྔམས།།དུས་ངན་པས་མཐུན་སྒྲིལ་རྨང་ནས་ཐོར།།ས་གོང་མའི་དབུ་ལོ་རླུང་གིས་ཁྱེར།།གནམ་གོང་མའི་སྐར་ལྔ་མེ་སྟག་མཆེད།།ཆུ་མེ་རླུང་རྡུལ་ཚབ་ཚ་ཚ་འུར།།བྷོ་ཊ་མའི་ཕ་ཤུལ་སྟོང་ལ་ཉེ།།རྗེ་པདྨ་ཀ་ར་སྙིང་ལ་སྒོམས།།མ་རྗེ་བཙུན་སྒྲོལ་མ་དུང་ཕྱུར་བསྙེན།།གླིང་གེ་སར་མཆོད་པ་ཚད་གྲུབ་ན།།དུས་ཉེར་གཅིག་རྫོགས་ལྡན་མགྲོན་དུ་ཁུགས།།གཉིད་རྨི་ལམ་འོད་གསལ་དྲྭ་བ་ལས།།དོན་ལུང་བསྟན་འདྲ་མ་དེ་སྐད་ཐལ།།བརྡ་གོ་བར་གྱིས་ཤིག་གངས་ཅན་པ།།སྙིང་ཨི་ཐིམ་རྒྱ་ལ་གཏད་དོ་རྒྱ།།ཤྲཱིཿསྨྱོན་པའི་མི་ཆོས་བླ་མའི་ཚིག།རྫུན་ཕྲ་མའི་གཏམ་གྱིས་མ་ལྷད་པར།།བདེན་རིན་པོ་ཆེ་ཡི་ཕྲེང་བ་ཉིད།།བོད་སྤྱི་བོ་གནམ་བསྟན་ཀུན་ལ་ཕུལ།།ཞེས་པ་རབ་གནས་ས་ཕག་སྣྲོན་ཟླའི་ཉ་ལ་རྨི་ལམ་དབང་ཕྱུག་ཏུ་འབོད་པས་དབྱིན་ཡུལ་ཨེ་ཝཾ་དུར་ཁྲོད་ནས་སྔ་ཕྱི་ཀུན་ལ་ལོ་འདིར་རྨི་ལམ་ངན་ཚོགས་རྣམས་ལེགས་བཅོས་ཐབས་སུ་ཨེ་མ་ཧོས་དེ་ཉིད་དུ་བགྱིས་པར་དགེའོ།། །།
ཚེ་རིང་བརྒྱད་ཅུའི་གཡང་སྟོན།།
ཚེ་རིང་བརྒྱད་ཅུའི་གཡང་སྟོན།།བཀྲ་ཤིས་སྟོང་གི་ཉིན་མོ།།ལྷན་འཛོམས་སྐྱིད་ཀྱི་དུས་བཟང་།།བདེ་དགའ་དཔལ་གྱིས་ཁྱབས་སོང་།། ཨ་མ་ལགས། སྐུ་ཚེ་རིང་།གྱ་སྟོན་ཕྱོགས་ལས་རྣམ་རྒྱལ།།ཨེ་མ་ཧོ།།གཙང་པ་ཀ་དག་ཡངས་པའི་ནམ་མཁའ་རུ།།སྣང་སྲིད་ལྷུན་གྲུབ་རང་བྱུང་ཉི་མ་ཤར།།གྲུབ་དབང་རིག་འཛིན་རྣལ་འབྱོར་ཟླ་སྐར་ལས།།ཀུན་བཟང་མཁའ་འགྲོའི་ཚོགས་ཀུན་རྒྱལ་གྱུར་ཅིག།ཨོ་རྒྱན་པདྨས་བྱིན་རླབས་བདུད་རྩིའི་མཛོད།།མ་ལུས་འགྲོ་ལ་བསྩལ་བའི་སྒྲོལ་མའི་མཚན།།མཁས་གྲུབ་དུ་མའི་ཡུམ་ཆེན་རྗེ་བཙུན་མ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།སྐུ་ཁམས་ཡུན་བརྟན་ལང་ཚོ་དར་ཞིང་རྒྱས།།གསུང་ཆོས་བཤད་སྒྲུབ་ཕྲིན་ལས་ཕན་བདེ་འཕེལ།།ཐུགས་བཞེད་མཚུངས་མེད་ཡིད་བཞིན་ནོར་ཉིད།།ནམ་ཡང་འགྲིབ་མེད་བཀྲ་ཤིས་བདེ་ལེགས་ཤོག།ཅེས་པ་རབ་གནས་དབོ་ཟླའི་ཡར་ངོའི་ཚེས་པ་བཅུ་ལ་གཙང་བ་རིག་མཆོག་རིན་པོ་ཆེས་གཙང་བ་མཁའ་འགྲོ་ཨོ་རྒྱན་སྒྲོལ་མའི་གྱ་སྟོན་སྐོར་ལ་ཞབས་བརྟན་སྨོན་གསོལ་དགོས་སྐུན་གསུང་པ་ལ་དེ་ཉིད་ལ་གང་ཤར་དུ་ཤིང་ཀུན་(香港🇭🇰)ཨེ་ཝཾ་འོག་མིན་ཨོ་རྒྱན་རྡོ་རྗེའི་གླིང་ནས་རིག་འཛིན་ཨེ་མ་ཧོས་སྨིན་གྲོལ་བའི་གསོལ་འདེབས་སྨོན་ཚིག་ཏུ་བགྱིས་པར་དགེའོ།། །།
ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་སྨོན་ཚིག་འགགས་མེད་རྡོ་རྗེའི་སྒྲ་དབྱངས།།
ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་སྨོན་ཚིག་འགགས་མེད་རྡོ་རྗེའི་སྒྲ་དབྱངས།།ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀུན་བཟང་རིག་འཛིན་བརྒྱུད་པར་ནམ་མཁའི་ཁྱོན།།འོད་གསལ་ཉི་ཟླ་གསལ་བའི་ཀུན་མཁྱེན་དཔལ།།སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་སྙིང་པོ་ཅན།།ཀུན་མཁྱེན་ཡབ་སྲས་དམ་པས་དགེ་ལེགས་སྩོལ།།གནའ་དེང་མཁྱེན་རབ་ཟས་གཙང་སྲས་ལས་མཁས།།གངས་ཅན་བརྩེ་བར་སྤྱན་རས་གཟིགས་ལས་བཙུན།།འཕགས་མཆོག་མཐུ་སྟོབས་རྡོ་རྗེ་འཛིན་ལས་བཟང་།།མཁས་གྲུབ་ཀུན་མཁྱེན་བླ་མ་ཞབས་བརྟན་ཤོག།མཁན་སློབ་ཆོས་རྒྱལ་བརྒྱུད་པའི་སྔ་འགྱུར་དང་།།ཕྱི་འགྱུར་རྣམས་དང་ཁ་ཆེ་ཡེ་ཤུའི་རིགས།།ཚན་རིག་བཅས་ཏེ་ཆོས་ལུགས་སྣ་ཚོགས་ཀུན།།ཀུན་བཟང་ལམ་དུ་འདྲེན་མཁས་ཞབས་བརྟན་ཤོག།ཚུལ༵་ཁྲིམས༵་རྣམ་དག་དཔག་བསམ་ལྗོན་ཤིང་རྒྱས།།བློ༵་གྲོས༵་མཚུངས་མེད་ཡིད་བཞིན་ནོར་བུའི་དཔལ།།ཀུན་མཁྱེན་ཀློང་ཆེན་ཡེ་ཤེས་སྒྱུ་མའི་འཕྲུལ།།རིགས་ཀུན་ཁྱབ་བདག་བླ་མའི་སྐུ་ཚེ་བརྟན།།མཚན་དཔེའི་ལང་ཚོ་ཡར་ངོའི་ཟླ་བཞིན་རྒྱས།།ཟབ་རྒྱས་ཆོས་འཁོར་དབྱར་གྱི་མཚོ་ལྟར་འཕེལ།།ཐུགས་རྗེ་ཀུན་བཟང་རྒྱལ་བའི་དགོངས་མཐར་ཕྱིན།།ཀུན་ཁྱབ་ཕྲིན་ལས་དོན་ཀུན་ལྷུན་གྲུབ་ཤོག།ཅེས་པ་རབ་གནས་ས་ཕག་སྣྲོན་ཟླའི་ཡར་ངོའི་རྒྱལ་བ་གསུམ་པར་གངས་ཅན་བོད་ཡུལ་ནས་ཌཱ་ཀི་ནི་ཤྲཱིཿམ་ཧཱ་དྷེ་ཝས་ངོར་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་སྨོན་པར་དགེའོ།། །།
ནམ་རྒྱུན་གྱི་སེམས་བསྐྱེད་ཡིད་བཞིན་ནོར་བུ།།
ནམ་རྒྱུན་གྱི་སེམས་བསྐྱེད་ཡིད་བཞིན་ནོར་བུ།།ཨེ་མ་ཧོ།།ནམ་རྒྱུན་མ་ལུས་འགྲོ་བའི་དོན་གྱིས་ཕྱིར།།ལུས་ངག་ཡིད་གསུམ་དགེ་བས་རྟག་ཏུ་འཚོ།།གཞན་ཕན་ཁོ་ནར་མཛད་པའི་རྒྱལ་བའི་སྲས།།ནམ་རྒྱུན་འགྱུར་བ་མེད་པའི་བསམ་སྤྱོད་བཅས།། བློ་ལྡོག་རྣམ་བཞི་སྒོམ་པའི་ངེས་འབྱུང་ཅན།།ཚད་མེད་རྣམ་བཞིར་གོམས་པའི་སྙིང་རྗེ་ཅན།།སྲོག་སྡོམ་གཟེར་བཞིས་བཅིངས་པའི་དམ་ཚིག་ཅན།།རིག་འཛིན་རྣམ་བཞིའི་ས་ལམ་བདེ་མྱུར་བགྲོད།། བཟང་ངན་ཚོར་བ་ཡོད་པའི་མི་རྒོད་དཔལ།།གཞན་དོན་ཕྲིན་ལས་དགྱེས་པའི་སེམས་དཔའ་ཆེ།།གསང་ཆེན་རྡོ་རྗེ་འཆང་དབང་ཨེ་མ་ཧོཿསྣང་སྲིད་ཀུན་རིགས་ཞིང་དུ་བདེ་དགས་འཚོ།།ཞེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་རྒྱལ་བ་གསུམ་པར་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཀུན་རིགས་ལྷ་ཁང་ནས་བགྱིས་པར་དགེའོ།།
འཇམ་མགོན་ས་སྐྱ་པཎ་ཆེན་གྱིས།
འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། རྟག་ཏུ་དམ་པའི་ཡོན་ཏན་ནི། །སྐྱེ་བོ་དམ་པས་ལྷག་པར་བསྒྲག །མ་ལ་ཡ་ཡི་ཙན་དན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །ཅེས་གསུངས་པ་དེ་འདི་འདྲ་ཞིག་ལ་གོ་དགོས་པ་ཡིན་ནོ། ལར་བདག་གི་སྐྱབས་རྗེ་བླ་མས་ནི་དུས་ཀུན་ཏུ་སུ་ལའང་ནང་སྨོད་གཏན་ནས་མཛད་སྲོལ་མེད་པ་དེ་ནི་ས་ཐོབ་སེམས་དཔའི་རང་རྟགས་ཞིག་ཡིན་ས་རེད་སྙམ་བཞིན་ཡོད། ། ཨོ་རྒྱན་ཆེན་པོས།ཆོས་ལ་ཕྱི་བཤོལ་མ་བྱེད་རྗེ་འབངས་རྣམས། །སྙིང་རུས་མ་ཆུང་སྒྲུབ་ལ་རེམ་པར་གྱིས། །ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན།།
Alt Sidebar
Search





