• July 2019

    ནམ་རྒྱུན་བཀའ་དགོངས་ཁྲོལ་དགོས།།

    ནམ་རྒྱུན་བཀའ་དགོངས་ཁྲོལ་དགོས།།ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ།།ཡབ་ཆེན་དཔའ་བོས་གདམས་པ་རེ་རེས་མདུན་ལམ་སྟོང་གི་རེ་ཁ་བྱེས།།དྲིན་ཆེན་ཨ་མ་དྲན་ཐེངས་རེ་རེས་ཡང་དག་ཆོས་པའི་རྒྱལ་ས་བགྲོད།།སྙིགས་ལྔའི་མུན་པའི་ཚུབ་ཆ་རེ་རེས་བར་ཆད་རླུང་དམར་ཐལ་གྱིས་ཚུབས།།གླིང་དཀར་དཔའ་རྒོད་གསོལ་སྟངས་རེ་རེས་དགྲ་བགེགས་སྙིང་རྩ་དུམ་བུར་གཏོར།།པདྨ་ཀ་རའི་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་དགོངས་པ་མཐར་ཕྱིན་པས།།པདྨ་དྲག་གླིང་གཏེར་གསར་སྙིང་པོས་སྙིགས་ལྔའི་རྒུད་པ་དབྱིངས་སུ་སེལ།།བཀའ་གཏེར་ཆོས་འཁོར་འཛམ་གླིང་སྐོར་མཁས་རིག་འཛིན་དཔལ་དགྱེས་རྡོ་རྗེ་ཡིས།།བདུད་ནག་རྨུ་རྒོད་རྩ་ནས་གཅོད་ཅིང་དཀར་ཕྱོགས་རྒྱལ་བའི་རྒྱལ་མཚན་བསྒྲིངས།།ང་ཆེ་ངོམས་པའི་ང་རྒྱལ་མ་ཡིན་བདེན་གཏམ་འགྱུར་མེད་རྡོ་རྗེའི་སྒྲ།།གཞན་སྐྱོན་རྟོག་པའི་མིག་ཐུར་མ་ཡིན་དྲང་སྲོང་དགྱེས་པའི་མཆོད་སྤྲིན་ནོ།།བསམ་ཞིང་བསམས་ཚེ་དགའ་སྐྱིད་མཐར་ཐུག་སངས་རྒྱས་ཡེ་ཤེས་ཁོ་ན་ཉིད།།ཨེ་ཝཾ་ཆོས་སྡེའི་རིག་འཛིན་རྣམ་བཞིའི་མྱུར་ལམ་བགྲོད་པའི་ཐབས་མཁས་སོ།།ཤྲཱིིཿསྨྱོན་པས་རྙིང་གྲོགས་ཐང་རྙེད་ངོར་བགྱིས་པར་དགེའོ།།

  • July 2019

    ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ།།

    ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ།། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་འདྲ་རིས། ལགས་ འོ་ན་ད་ལམ་གྱི་སྐབས་འདི་ཉིད་དུ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བགྱིས་པ་ནི་བསོད་ནམས་དང་ངོ་མཚར་གྱི་མཆོག་ཏུ་གྱུར་པ་ལགས་ཤིང། དེ་ལ་ཚོགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ་ཇི་ལྟར་བགྱི་བའི་ཐབས། བགྱིས་པའི་ཕན་ཡོན་དང་བཅས་པའི་རིམ་པ་ལས། དང་པོ་ངོ་བོ་ནི། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བ་དང། ལྷ་དང་བླ་མ་མཆེད་ལྕམ་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རྫས་ཀྱི་རྣམ་གྲངས་སོ།། ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་ག་ཎ་ཞེས་བྱ་བ་དེ་ཉིད་བོད་ཀྱི་སྐད་དུ་ཚོགས་ཞེས་བྱ་སྟེ། ཐབས་ཤེས་ཀྱི་རྫས་སུ་གྱུར་པའི་འདོད་ཡོན་བཟའ་བཏུང་གི་རྣམ་གྲངས་མང་པོ་ཚོགས་པར་བཤམས་པས་ན་ཚོགས་ཞེས་བྱའོ།། དབྱེ་བ་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞིའི་ཚོགས་སྣོད་དུ་གླིང་བཞི་རི་རབ་རོལ་མཚོ་དང་བཅས་པ་ཚོགས་ཀྱི་ཡོ་བྱད་དུ་རང་བཞིན་གྱིས་བཀོད་ཅིང། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་མཐའ་དག་ཚོགས་ཀྱི་རྒྱན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་སྣང་སྲིད་རང་བྱུང་ཕྱིའི་ཚོགས་མཆོད་རྨད་དུ་བྱུང་བ་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཚོགས་ལ་རང་བྱུང་རང་བབས་ཆེན་པོར་འབུལ་བ་ནི་ཕྱིའི་ཚོགས། ནང་ལྟར་ན། ཐབས་ཀྱི་རྫས་བཟའ་བའི་རིགས་གྱུར་ཐམས་ཅན་དང། ཤེས་རབ་ཀྱི་རྫས་བཏུང་བའི་རིགས་གྱུར་ཐམས་ཅད་དང། གཉིས་མེད་ཀྱི་རྫས་བཅའ་བའི་རིགས་གྱུར་ལ་སོགས་པ་མདོར་ན་འདོད་ཡོན་གྱི་ལོངས་སྤྱོད་ཅི་འབྱོར་ཐམས་ཅད་མཆོད་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི་ནང་གི་ཚོགས། གསང་བ་ལྟར་ན། རང་ལུས་པགས་པའི་ཚོགས་སྣོད་དུ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པའི་ཕུང་པོ་འདི་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་གསང་བའི་ཚོགས། དེ་ཁོ་ན་ཉིད་དུ་རང་རིགས་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཡངས་པ་ཆེན་པོའ་ིཚོགས་སྣོད་དུ་སེམས་ཡིད་རྣམ་ཤེས་དབང་ཚོགས་ཀྱི་འདུ་ཤེས་འགྱུ་དྲན་ཕྲ་རགས་བཟང་ངན་གྱི་རྟོག་ཚོགས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་མཐའ་དག་རང་རིག་རང་ཤེས་རང་གྲོལ་གྱི་ཚོགས་སུ་བྱིན་གྱིས་བརླབས་ནས། གདོད་མའི་གནས་ལུགས་ཀྱི་ངང་དུ་འབུལ་བྱ་འབུལ་བྱེད་དང་བྲལ་བ་ཉིད་དུ་ཡིན་ལུགས་རང་ངོ་ཤེས་པ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་ཚོགས་མཆོད་དེ། མདོར་ན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་རང་བཞིན་དུ་མ་གྱུར་པ་མེད་པའི་དོན་ཚུལ་བཞིན་དུ་ཤེས་དགོས་ཤིང། དེ་ལྟ་བུའི་དབྱེ་བ་རྟོགས་པས། ནང་གི་ཚོགས་མཆོད་དངོས་གཞི་ཇི་ལྟར་བགྱི་བའི་ཐབས་སམ་ཚུལ་ནི། སྤྱིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་འདོད་ཡོན་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ཅིང། བྱེ་བྲག་ཏུ་བཟའ་བ་ཐབས་ཀྱི་རང་བཞིན་དང། བཏུང་བ་ཤེས་རབ་ཀྱི་རང་བཞིན་ལ་སོགས་ཚོགས་རྫས་ཀྱི་དངོས་པོར་གྱུར་ཚད་ཇི་ལྟར་འབྱོར་བ་ལེགས་པར་བཤམས་ཤིང། ཡེ་ཤེས་རྣམ་རོལ་གྱི་མེ་(རཾ)ཆུ་(ཁཾ)རླུང་(ཡཾ)གསུམ་འཕྲོས་པས་ཀུན་རྫོབ་འཁྲུལ་སྣང་ཉེས་ཚོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། སྐུ་གསུམ་ཡེ་ཤེས་ཀྱི་རྩལ་སྣང་འབྲུ་གསུམ་(ཨོཾ་ཨཱཿཧཱུཾ)གྱི་འོད་ཟེར་འཕྲོས་པས་བདེ་ཆེན་ཟག་མེད་ཀྱི་བདུད་རྩི་ཡིད་བཞིན་འདོད་འབྱུང་གི་གཏེར་དུ་བྱིན་གྱིས་བརླབས། དེ་ཉིད་ཡུལ་གོང་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པའི་དངོས་པོར་ཕུལ། ཆོས་སྐྱོང་སྲུང་མ་རྣམས་ལ་ཅི་འདོད་ཀྱི་བསྐང་རྫས་སུ་བསྔོ། མཆེད་དང་ལྕམ་དྲལ་ཐམས་ཅད་དངོས་གྲུབ་དམ་རྫས་ཀྱི་ཚུལ་དུ་རོལ། ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་གཏོང་བ་ལ་སོགས་ཡུལ་གོང་འོག་ཀུན་ལ་སོ་སོར་གང་ལ་གང་འཚམ་པར་མཆོད་སྦྱིན་བྱ་ཞིང། དེ་དག་གི་ཚེ་ཡང་རློམ་སེམས་ཁེ་གྲགས་ལོ་འདོད་སེར་སྣ་རེ་དོགས་ལ་སོགས་པའི་བསམ་པ་དང་མ་འདྲེས་པར་ཏིང་འཛིན་ཡེ་ཤེས་རྣམ་རོལ་གྱི་ངང་ནས་དག་སྣང་མོས་གུས་སྙིང་རྗེར་ལྡན་ཞིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུལ། ཚོགས་ཀྱི་ཡོ་བྱད་ཀྱང། འབྱོར་བའི་ཚེ་ན་འདོད་ཡོན་གྱི་ལོངས་སྤྱོད་དུ་གྱུར་ཏོ་ཅོག་ཐམས་ཅད་ཕངས་སེམས་ཞེན་ཆགས་བྲལ་བས་ཅི་ཡོད་ཚོགས་སུ་བཤམས། མ་འབྱོར་བའི་ཚེ་ན་ཆུ་ལའང་རུང་ཞིང། ལྷག་བསམ་གྱི་ཀུན་ནས་བླངས་ཤིང་ཏིང་འཛིན་གྱི་ཁ་བསྒྱུར་ཤེས་ན་དངོས་པོ་ཐམས་ཅད་ཚོགས་མཆོད་དུ་མ་གྱུར་པ་རྡུལ་ཙམ་ཡང་མེད་པས་ཅིར་སྣང་ཆོས་ཉིད་རྣམ་རོལ་ཆེན་པོའི་ངང་དུ་སྤྱད། རང་ཉིད་བཟའ་བཏུང་གི་རིགས་གང་ལ་སྤྱོད་ཚེའང། དངོས་གྲུབ་ཚོགས་ཀྱི་འཁོར་ལོར་དམིགས་ཏེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཅིང། གནས་པ་རྩ་དང་གཡོ་བ་རླུང། བཀོད་པ་བྱང་ཆུབ་སེམས་ཀྱི་སྣང་ལུགས་གནས་ཚུལ་ཐམས་ཅད་ནི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡེ་ནས་རང་བྱུང་དུ་མཆིས་ཤིང། ཕྱི་རོལ་གྱི་ཡུལ་ཉི་ཤུ་རྩ་བཞི་མཐའ་དག་ནང་དུ་རྡོ་རྗེའི་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་དང། ཡུལ་དེ་དག་གི་དཔའ་བོ་རྡོ་རྗེ་འོད་ལྡན་ཡབ་ཡུམ་ལ་སོགས་རྣམས་ཀྱང་ནང་དུ་རྩ་སྒོམ་པ་ལ་སོགས་པའི་རྩ་རླུང་ཐིག་ལེའི་ཚུལ་དུ་ལྷུན་གྲུབ་ཏུ་བཞུགས་པར་རྒྱུད་སྡེ་མཐའ་དག་ལས་གསུངས་ཕྱིར། ནང་དུ་ཏིང་འཛིན་རྣལ་འབྱོར་དང་ལྡན་པས་ཚོགས་ཀྱི་མཆོད་པ་ལན་གཅིག་བྱས་ན་ཕྱི་རོལ་ཡུལ་ཆེན་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོའི་འདུ་བ་ཀུན་ལ་ཚོགས་ཀྱི་འཁོར་ལོ་དུས་གཅིག་ཏུ་བགྱིས་པའི་བསོད་ནམས་ཐོབ་ཅིང། དེར་ཡང་མ་ཟད་ཐེག་མཆོག་རྫོགས་པ་ཆེན་པོ་ལྟར་ན་ཙིཏྟ་འོད་ཁྱིམ་གྱི་ཀློང་ན་སངས་རྒྱས་ཞི་བ་སུམ་ཅུ་རྩ་དྲུག ཀླད་པ་དུང་ཁང་གི་ནང་དུ་ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པ་རྩའི་དྲ་བ་ན་རིག་འཛིན་མཁའ་འགྲོའི་ལྷ་ཚོགས། གནས་དྲུག་རྩའི་འཁོར་ལོ་རུ་བཅོམ་ལྡན་ཐུབ་པ་རིགས་དྲུག་ལ་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལུས་གནས་རྒྱལ་བའི་དཀྱིལ་འཁོར་ཁོ་ན་ཡིན་པ་དང། གཞན་ཡང་བ་སྤུའི་བུ་ག་རེ་རེ་ན་ཡང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཕོ་བྲང་ཡིན་པར་གསུངས་པས་ན་དེ་ཕྱིར་བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན་དུ་འགྱུར་བའི་གནད་རྣམས་ཤེས་པར་བྱ། མདོར་བསྡུས་ན། བཤམས་པ་རྫས་ཀྱི་ཚོགས་འཁོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆེད་ལྕམ་དང་བཅས་པ་རྣམས་ལ་སྤྱིར་འབུལ། སྒྱུ་ལུས་ཕུང་པོའ་ིཚོགས་འཁོར་ཏིང་འཛིན་གནད་དང་ལྡན་པས་སྣང་སྲིད་ལྷ་འདྲེ་ལ་སོགས་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་གོང་འོག་བར་མ་རྣམས་ལ་བྱེ་བྲག་ཏུ་འབུལ། བཟའ་བཏུང་རྒྱུན་གྱི་ཚོགས་འཁོར་ལོག་འཚོ་དཀོར་སྡིག་དང་མ་འདྲེས་པ་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ལ་ཁྱད་པར་དུ་འབུལ། ཅིར་སྣང་ཆོས་ཉིད་ཀྱི་ཚོགས་འཁོར་རང་ཤར་རང་གྲོལ་གྱི་ངང་ནས་ཡེངས་འཁྲུལ་གཉིས་འཛིན་དང་བྲལ་ཞིང་དགག་སྒྲུབ་བླང་དོར་ལས་འདས་པ་རང་རིག་ཀ་དག་གི་ངང་དུ་དོན་དམ་པར་འབུལ་བ་ནི་ཚོགས་ཀྱི་འཁོར་ལོ་ཡང་དག་པའོ།། དེ་ལྟ་བུའི་ཚོགས་ཀྱི་མཆོད་པ་བགྱིས་པའི་དགོས་ཆེད་དང་ཕན་ཡོན་ཇི་ལྟ་བུ་ཡོད་དམ་ཞེ་ན། ཐེག་པའི་མཐར་ཐུག་རྫོགས་པ་རང་བྱུང་གི་རྒྱུད་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི།། ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས།། ཞི་ཁྲོའ་ིསྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང།། ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང།། ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང།།རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར།། རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང།། རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར།།ཅེས་གནས་སྐབས་ཀྱི་ཡོན་ཏན་དང། དེ་བས་ལྷག་པའི་ཡོན་ཏན་འདི་རྣམས་ཐོབ། བར་དོ་རང་སྣང་ཡེ་ཤེས་དག་མཐོང་བས།། དེ་ལ་གྲོལ་ནས་མི་འགྱུར་ས་ལ་གནས།། སྤྲུལ་པ་སྟོང་གསུམ་གང་བས་འགྲོ་དོན་བྱེད།། དེ་ལྟ་བུ་ཡི་ཡོན་ཏན་ཐོབ་པར་འགྱུར།། ཞེས་གསུངས་ཤིང་མདོར་ན་ཚོགས་ཀྱི་འཁོར་ལོའི་ཕན་ཡོན་ནི་དཔག་ཏུ་མེད་དོ།།ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། ལྷ་དང་བླ་མ་དམ་ཅན་མཆེད་ལྕམ་གྱི་དགྱེས་པ་སྐོངས། མི་མཐུན་རྐྱེན་ངན་བར་ཆད་སེལ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཅིག་ཆར་དུ་ཐོབ་པ་ལ་སོགས་པའི་ཕན་ཡོན་གྱི་རྣམ་གྲངས་བརྗོད་ལས་འདས་པ་ཐོབ་ཅིང། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཟབ་གནད་ཆ་རྐྱེན་ཁ་སྐོང་ལག་ལེན་རྨད་དུ་བྱུང་བ་ཡིན་ཡང་རྒྱུན་ལྡན་དུ་བརྩོན་པར་མཛད་འཚལ།།ཚོགས་ཀྱི་རྣམ་བཤད་མདོར་བསྡུས་འདི།། རབ་མཛེས་ཀུན་ཏའི་གོས་འཆང་བའི།། རིག་སྔགས་འཛིན་པ་(དཀར་པོ་བ་ཀུན་དགའ་བསྟན་འཛིན་)དེས་བསྐུར་ངོར།། བཀོད་འདིས་འགྲོ་ལ་ཕན་འགྲུབ་ཤོག ། འདི་ལས་ཕལ་ཆེར་སྤྲོས་པའི་ཚོགས་ཀྱི་འདུ་བ་བསྒྲགས་པ་དང་ཚོགས་འཁོར་གྱི་བྱ་བ་ཇི་ལྟ་བ་རྒྱུད་སྡེ་ལས་གསུངས་པའི་ཚུལ་དག་སྤྲོ་བར་ནུས་མོད་ཀྱང། དེང་སང་བསྐལ་བ་སྙིགས་མའི་མཐའ་ལ་ཆེས་ཆེར་ཐུག་པའི་རང་ཚུལ་འདིས། དེ་ལྟ་བུའི་ནུས་ལྡན་གྱི་ཚོགས་འཁོར་ཚུལ་ལྡན་དཀོན་ཚེ་འདིར་བཤད་ཀྱང་ངལ་བ་དོན་མེད་ལས་མི་འབྱུང་བས་རེ་ཞིག་འདི་ཙམ་གྱིས་ཆོག་པར་སེམས་སོ།། དགེའོ། དགེའོ། དགེའོ།

  • July 2019

    གཅེས་ཕྲུག་དཔལ་ལྡན་རྣལ་འབྱོར་མ་རྒྱལ་ལོ།།

    གཅེས་ཕྲུག་དཔལ་ལྡན་རྣལ་འབྱོར་མ་རྒྱལ་ལོ།།ཨེ་མ་ཧོ།།དབྱིངས་ཀ་དག་ངང་ལས་འོད་གསལ་དུ་ཤར་བ།།ལས་སྨོན་ལམ་དཀར་པོས་བར་ཐག་ཏུ་འབྲེལ་བའི།།སེམས་བརྩེ་དུང་ཅན་གྱི་རྣལ་འབྱོར་མའི་རང་གཤིས།།གཞི་གཉུག་མའི་གནད་ལ་འཕོ་འགྱུར་ཅིག་མི་འདུག།གདངས་སྙན་པོས་དབྱངས་ཀྱིས་ཨ་དཔལ་ཞེས་འོས་ཚེ།།སྙིང་རུས་པའི་གཏིང་ནས་དམ་ཚིག་ཏུ་བཟུང་ནས།།ཚེ་འདི་ཕྱིའི་ལམ་སྟོན་ཅི་ནུས་རེ་བཤད་པ།།ཡིད་དགའ་དུང་བཅས་ཏེ་བརྗེད་མེད་དུ་བཟུང་འདུག།མ་མཁའ་འགྲོ་བཏགས་ནས་ཁྱབ་བསྒྲགས་རེ་མེད་ཀྱང་།།ལུས་སྒྱུ་རྩལ་ངོམས་ནས་འཛམ་གླིང་ལ་ཁྱབ་སོང་།།ཕ་བླ་མའི་གཅེས་ཕྲུག་ངོ་སོ་རེ་བསྟོད་ཚེ།།མ་བྱམས་བརྩེ་ཚོགས་པས་དགུང་འཚོགས་ཀྱང་བསྡུས་སོང་།།དབྱར་དྲུག་གཞུང་མེ་ཏོག་ཐང་ཆེན་ལ་བརྡལ་ཀྱང་།།གཟུགས་ལང་ཚོས་རྒྱན་པའི་རྣལ་འབྱོར་མའི་ཟློས་གར།།ཕྱི་སྣོད་བཅུད་ཀུན་གྱིས་འགྲན་ཟླ་ཙམ་མི་འདུག།མིག་ཟུམ་པ་མེད་པར་ཁྱེད་ཞལ་ལ་འཁོར་སོང་།།སྤྱིའི་རྒྱལ་ཡོངས་ཀུན་ལ་རླུང་ལྟར་རུ་གྲགས་ཚེ།།ངའི་སྐྱིད་པའི་རྨི་ལམ་སད་ཐབས་ལ་མ་འབད།།ཆོས་ཟབ་རྒྱས་སྙིང་པོ་ཡོ་ག་ལ་བརྩོན་ནས།།མ་འགྲོ་དྲུག་འདྲེན་པའི་རྣལ་འབྱོར་མ་བྱུང་བར།།ཨ་ཕ་རྒན་བགྲེས་པོ་འཆི་སེམས་ཞིག་བདེ་སོང་།།དཔལ་གཟེངས་རྟགས་ཐོབ་པ་ལུས་སྦྱོང་གི་གྲུབ་འབྲས།།བཟང་དགྱེས་དགུའི་ཕྱུག་པ་དག་སྣང་གི་དམ་ཚིག།ཐུགས་རྡོ་རྗེ་ཆོས་བདུན་ངོ་བོ་རུ་བཞུགས་པས།།ངེད་ཕ་བུ་ནམ་ཡང་འབྲལ་བ་རུང་མེད་དོ།།ཞེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་ཡར་ངོའི་ཚེས་པ་བཅུའི་ཉིན་ལ་བླ་མ་ལྷ་རུ་མཇལ་བའི་ཡེ་ཤེས་ཆོས་སྒྲོན་དང་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་ངོར་ཤྲཱིཿསྨྱོན་ཨེ་མ་ཧོས་ཉམས་འུར་གླུ་རུ་བླངས་པར་དགེའོ།། །།

  • July 2019

    བདེན་པ་རིན་པོ་ཆེ་རྒྱལ་ལོ།།

    བདེན་པ་རིན་པོ་ཆེ་རྒྱལ་ལོ།། ཨེ་མ་ཧོ།།འུར་ཚོད་སྟོང་འུར་ལྟ་བས་མ་བྲེལ་ཞིང་།།ཕྱོགས་རིས་ཞེན་ཆགས་སྒོམ་པས་མ་ལྷད་པར།།འཇའ་ལུས་འཕོ་ཆེན་གཤེགས་པའི་པདྨ་འབྱུང་།།དེང་འདིར་མི་ཕྱེད་དད་པས་ཕྱག་འཚལ་ལོ།།ལྟ་བ་རང་ངོ་ཤེས་པས་མཆོད་པར་འབུལ།།སྒོམ་པ་འོད་གསལ་ངང་ནས་རྗེས་ཡི་རང་།།སྤྱོད་པ་རང་གྲོལ་རྩལ་དུ་སྐུར་བཞེངས་ནས།།འབྲས་བུ་བདེ་མྱུར་འཇའ་ལུས་འཕོ་ཆེན་གསོལ།།དུས་གསུམ་བསགས་པའི་རང་གཞན་དགེ་བའི་ཚོགས།།ཀུན་བཟང་མཆོད་སྤྲིན་ཟབ་མོས་རྒྱས་བཏབས་ཏེ།།མ་ལུས་འགྲོ་བའི་དོན་དུ་ཡོངས་བསྔོས་ན།།ཀུན་ཀྱང་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་ཚེས་བཅུའི་སྐབས་སུ་མན་ཤེལ་ལས་གྲུབ་པའི་བླ་མ་ཨོ་རྒྱན་རིན་པོ་ཆེ་དང་། ཡི་དམ་ཁྱུང་རྒྱལ། ཆོས་སྐྱོང་གེ་སར་དང་ཝེར་མའི་སྐུ་འདྲ་བརྒྱ་ཕྲག་དུ་མ་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་དང་པདྨ་མཁའ་འགྲོ་དང་ཨེ་ཝཾ་རྫོགས་ཆེན་ཆོས་ཚོགས་ཀྱི་བདག་རྐྱེན་ལས་གུ་རུའི་འཁྲུངས་སྐར་ལ་ཕུན་སུམ་ཚོགས་པར་འབྱོར་བས་བདེན་སྨོན་དུ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་བགྱིས་པས་བསྟན་འགྲོའི་དོན་ཆེན་བདེ་མྱུར་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ། །།

  • July 2019

    སྐྱིད་གླུ་ཨེ་མ་ཧོ།།

    སྐྱིད་གླུ་ཨེ་མ་ཧོ།།ན་མོ་གུ་རུ་པདྨ་ཀ་ར་ཡེ།།མཁའ་རླུང་གཙང་མས་གདོང་གི་རི་མོ་བྱིས།།དྲི་ཞིམ་ངེད་པ་བཟང་པོས་འཆམ་ནད་སེལ།།ཆུ་ཤིང་བསིལ་ཡབ་འཇམ་སྒྲས་སྣང་བ་སངས།།རྫོགས་ཆེན་དུས་འཁོར་འོད་གསལ་ཨེ་མ་ཧོ།།ཤར་ནས་ཟླ་བ་དཀར་པོས་འཛུམ་མདངས་ངོམས།།ཡར་ངོའི་ཚེས་བཅུ་བཟང་པོས་ཚོགས་འཁོར་རོལ།།གསེར་མདོག་ལྕང་ལོ་མཛེས་པའི་རྣལ་འབྱོར་མོད།།བདེ་ཆེན་རྡོ་རྗེའི་གླུ་བྲོ་ཨེ་མ་ཧོ།།སྐྱིད་པའི་ཉི་མ་གཞན་ཕན་བྱ་བ་གྲུབ།།བདེ་བའི་ཟླ་བ་བརྩེ་དུང་སྙིང་པོར་ལོན།།ཀུན་བཟང་རྨི་ལམ་བདེན་པ་མངོན་དུ་གསལ།།འཆི་མེད་གཉུག་མའི་དགའ་སྟོན་ཨེ་མ་ཧོ།།ཞེས་པ་འདི་ཡང་རབ་གནས་སྣྲོན་ཟླའི་ཡར་ངོའི་ཚེས་བཅུ་ལ་གང་ཤར་ཐོལ་གླུ་རུ་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།། །།

  • July 2019

    དགེ་མཚན་ལྡན་པའི་གསར་འགྱུར།

    དགེ་མཚན་ལྡན་པའི་གསར་འགྱུར།ཨེ་མ་ཧོ།།ཨོ་རྒྱན་མཚོ་གླིང་པདྨའི་སྡོང་པོ་ལས།།སྤྲུལ་བའི་རྣམ་རོལ་རང་བྱུང་འོད་དཔག་མེད།།རིགས་གསུམ་ཀུན་འདུས་གེ་སར་རྒྱལ་པོ་དང་།།ཆོས་སྐྱོང་ཝེར་མས་རྟག་ཏུ་གྲོགས་མཛོད་ཅིག།དེ་རིང་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་འཁྲུངས་སྐར་ལ་སྔ་འགྱུར་རིང་ལུགས་འགའ་ཞིག་གི་འདོད་པ་བཞིན་དུ་ཡར་ངོའི་ཚེས་པ་བཅུ་ལ་རྟེན་འབྲེལ་ཀུན་བཟང་གི་འདོད་དོན་ལྷུན་གྱིས་གྲུབ་སོང་། ལོ་སྔོན་མར་སེ་ཁྱུང་དབྲའི་གཉེན་འབྲེལ་ཡོངས་ལ་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་བརྙན་རེ་ནང་བསྟན་དུ་འབུལ་ཐུབ་ན་བསམས་ནས་ཁྱབ་བསྒྲགས་དང་སྨོན་ལམ་བྱས་པ་ཡིན། མཁན་སྤྲུལ་རྒྱ་བླ་དང་ཕྱུག་བདག་གྲངས་མེད་པ་ཞིག་མཆིས་ན་ཡང་དམིགས་བསལ་རོགས་དན་གང་ཡང་བྱུང་བས་བདག་གི་ཉེ་འཁོར་སློབ་མ་བརྒྱ་ཕྲག་གཅིག་ཙམ་ལྷག་གིས་རོགས་དན་བྱས་ཀྱང་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། ད་སྐབས་དུས་བཟང་འདི་ལ་བརྟེན་ནས་སེངྒ་གླིང་ནས་དད་ལྡན་སྦྱིན་པའི་བདག་མོ་པདྨ་མཁའ་འགྲོ་དང་རྫོགས་ཆེན་ཆོས་ཚོགས་ཀྱིས་བཀའ་དྲིན་ལས་བདག་གི་རེ་བ་ཡོངས་སུ་གྲུབ་ནས་མན་ཤེལ་གྱི་ཤེལ་རྡོ་ལས་གྲུབ་པའི་བླ་མ་ཨོ་རྒྱན་ཆེན་པོ་མཚོ་སྐྱེས་རྡོ་རྗེ་དང་། ཡི་དམ་གྷ་རུ་ཌཱ། མཁའ་འགྲོ་དང་ཆོས་སྐྱོང་ཝེར་མ་བཅུ་དྲུག་སོགས་མཛེས་བཀོད་ཕུན་སུམ་ཚོགས་གནང་ནས་མཆོད་འབུལ་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་དང་། སངས་རྒྱས་བསྟན་པ་དང་ཁྱད་པར་སྔ་འགྱུར་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་མ་ལུས་སྐྱེ་དགུ་ཀུན་ལ་ཕན་བདེ་འབྱུང་བའི་སྨོན་ལམ་དང་། དམིགས་བསལ་དད་ལྡན་སྦྱིན་པའི་བདག་པོ་རྣམ་ལ་ཕྱི་ནང་གསང་བའི་བར་ཆད་བྲལ་ཞིང་གང་བསམ་ལྷུན་གྱིས་གྲུབ་པའི་སྨོན་ལམ་དང་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པ་དར་རྒྱས་ཕུན་ཚོགས་སུ་གསོལ་བ་འདེབས་པར་ལགས་སོ། དབྱིན་ཡུལ་ནས་ཤྲཱིཿཨེ་མ་ཧོས།