西安广仁寺
བདེན་བརྫུན་རྩོད་པས་རྫོཊ་རྒྱུ་ཅི་ཡང་མེད།། ཡོད་མེད་དཔྱད་པས་ཤེས་རྒྱུ་ཅི་ཡང་མེད།། འགལ་འབྲེལ་བརྩེཊ་པས་གྲོལ་རྒྱུ་ལར་ནས་མེད།། བླ་མ་གོང་མས་བསླུས་པ་གཏན་ནས་མེད།། …. 西安广仁寺
རྔ་ཡབ་གླིང་པ་དྲན་གདུང་ཡིད་ཀྱི་མུན་སེལ།
རྔ་ཡབ་གླིང་པ་དྲན་གདུང་ཡིད་ཀྱི་མུན་སེལ། ཨེ་མ་ཧོ༔ ཨེ། གནས་དབེན་རི་པདྨ་བསམ་འཛིན་གྱི་ཐང་ན།། ཆོས་ཚུལ་བཞིན་སྒྲུབ་སའི་སྤྱིལ་ཆུང་གི་དབུས་ནས།། ཕ་བླ་མ་དྲན་པའི་སེམས་ཉིད་ལ་བལྟས་ཚེ།། མགོན་ཕྱོགས་དུས་སངས་རྒྱས་རིག་ངོ་ལས་མཇལ་སོང་།། ཝྃ། ཞིང་ཆོས་དབྱིངས་རབ་འབྱམས་ཁྱབ་བརྡལ་གྱི་ཀློང་ན།། ཆོས་རྫོགས་པ་ཆེན་པོའི་དབྱངས་སྙན་གྱི་རང་བྱུང་།། དོན་དམ་པ་དྲན་པའི་གྲགས་ཚད་ལ་མཉན་ཚེ།། སྐྱབས་ཀུན་འདུས་དམ་ཆོས་རིག་ངོ་ལས་ཐོས་སོ།། ཧོ། དབྱིངས་ཀ་དག་སྤྲོས་བྲལ་གཉུགས་སེམས་ཀྱི་ངང་ནས།། འོད་ལྷུན་གྲུབ་འཇའ་ཐིག་རྣམ་དག་གི་གཟུགས་བརྙན།། དཔལ་རིག་པའི་ཡེ་ཤེས་རང་གྲོལ་ཉིད་རྟོགས་ཚེ།། གཞི་བདེ་བཤེགས་ཀུན་བཟང་རིག་པ་ལ་ཤར་གདའ།། སྤྱི་ལོ། ༢༠༢༣ ༩ ༡༣ ཉིན་སྔ་དྲོའི་ཆར་ཤྲཱིཿ ཨེ་མ་ཧོས་ཤར་མར་བྲིས།
རྫོགས་པ་ཆེན་པོའི་གསོལ་འདེབས་ཡར་ལུང་གཙང་པོ།
རྫོགས་པ་ཆེན་པོའི་གསོལ་འདེབས་ཡར་ལུང་གཙང་པོ། ན་མོ་གུ་རུ་ཨེ་མ་ཧོ།། ༼༡༽ ཀུན་བཟང་བཛྲ་བྷོ་དྷི་མཉྫུ་ཤྲཱིཿ ཤྲཱིཿ སེངྷ་ཛྙཱ་ན་སུ་ཏྲ་དང་།། བི་མ་མི་ཏྲ་པདྨ་སམ་བྷ་ཝ།། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསོལ་བ་འདེབས།། མཆོག་ཐུན་དངོས་གྲུབ་མ་ལུས་བདེ་མྱུར་སྩོལ།། ༼༢༽ རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་གཉགས་དང་།། ཏིང་འཛིན་བཟང་པོ་གནས་བརྟན་ལྡང་མ་རྒྱལ།། སེངྷེ་དབང་ཕྱུག་བཀྲ་ཤིས་རྡོ་རྗེ་དང་།། མཁས་པ་ཉི་འབུམ་ཞབས་ལ་གསོལ་བ་འདེབས།། མཆོག་ཐུན་དངོས་གྲུབ་མ་ལུས་བདེ་མྱུར་སྩོལ།། ༼༣༽ གུ་རུ་ཇོ་འབེར་སེངྒེ་རྒྱབ་པ་དང་།། མེ་ལོང་རྡོ་རྗེ་ཀུ་མ་རཱ་ཛ་དང་།། ཀུན་མཁྱེན་རོང་ཀློང་གཏེར་ཆེན་ཡབ་སྲས་བཅས།། རིག་འཛིན་འཇིགས་མེད་གླིང་པར་གསོལ་བ་འདེབས།། མཆོག་ཐུན་དངོས་གྲུབ་མ་ལུས་བདེ་མྱུར་སྩོལ།། ༼༤༽ རྒྱལ་བུ་མྱུ་གུ་འཇིགས་མེད་ཆོས་ཀྱི་དབང་།། ལུང་རྟོགས་རྒྱ་མཚོ་ཀུན་མཁྱེན་མི་ཕམ་པ།། ཡོན་ཏན་རྒྱ་མཚོ་ཐུབ་བསྟན་ཆོས་འཕེལ་དང་།། འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།། མཆོག་ཐུན་དངོས་གྲུབ་མ་ལུས་བདེ་མྱུར་སྩོལ།། ༼༥༽ ལྟ་བ་ཀ་དག་གདོད་མའི་ངོ་བོ་མཇལ།། སྒོམ་པ་ལྷུན་གྲུབ་ཡེ་ཤེས་རང་བཞིན་གསལ། སྤྱོད་པ་ཟུང་འཇུག་རིག་པའི་ཐུགས་རྗེའི་རྩལ།། འབྲས་བུ་ཀུན་བཟང་རྒྱལ་བའི་དགོངས་པ་བརྙེས།། མཆོག་ཐུན་དངོས་གྲུབ་མ་ལུས་མཐར་ཕྱིན་ཤོག། ————ཨེ་མ་ཧོས། འཇིག་རྟེན་ཆེ་ཆུང་ཡོད་པ་མིན་ན་ཡང་།། གཉོམ་ཆུང་འཚོ་སའི་ལས་དབང་མཐོ་དམན་ཡོད།། ཁྱུང་ཆེན་མཁའ་ལ་ལྡིང་བའི་གཤོག་རྩལ་དང་།། ངང་པས་འདམ་ལ་རོལ་བའི་ཁྱད་པར་ཡོད།། མི་འཇིགས་སྡེར་ཆགས་རྒྱལ་པོའི་ངར་སྐད་དང་།། དངངས་སྐྲག་ཚབ་ཚུབ་བཅས་ཀྱི་ཝ་སྐྱེས་གཉིས།། གཡུ་རལ་ངོམ་པའི་གཟི་བརྗིད་ལྷག་པའི་མདངས།། གང་ལ་བསྡུར་ཡང་གནམ་སའི་ཁྱད་པར་གདའ།། རྫ་ལམ་འབྲོང་ཁྱུ་གཏུམ་པའི་དཔུང་པ་ཅན།། འཕྲུལ་གྱིས་བཟོས་པའི་རྔོན་པའི་འགྱིང་སྟབས་ཀྱིས།། བསླུ་བྲིད་དེ་ཡི་དབང་དུ་མ་སོང་ཚེ།། དགུན་རླུང་ཤ་རུས་ཟུག་ཀྱང་སྐྱོན་མེད་འདུག། ངུ་མ་དགོད་ཀྱི་འཇིག་རྟེན་ཕུན་ཚོགས་དང་།། དོན་ཆུང་ལས་ལ་འབད་པའི་འཁྱམ་པོ་ང་།། འདུ་འཛི་བྲེལ་བའི་འཆར་ཚུལ་མི་འདྲ་ཡང་།། ནོངས་འགྱོད་བསམ་ན་འཚེར་སྣང་ཇེ་ཆེ་རེད།། གསེར་གྱི་བཞུགས་ཁྲིའི་བདག་པོ་ཐོས་ལྡན་དང་།། ཁོག་ན་ཤེས་ཡོན་མེད་པའི་མགོ་རིལ་ང་།། རྐང་མགོ་ས་སྟེང་བརྫིས་པ་འདྲ་ན་ཡང་།། གང་ལ་བསམ་ཡང་ཁྱད་པར་ཤིན་ཏུ་ཆེ།། མཁས་ཚོགས་བརྒྱ་འདུས་དབུས་ཀྱི་ལྷུན་པོ་དང་།། ཡང་ཐ་རྗེས་སུ་ཟིན་པའི་སྤྲང་པོ་ང་།། དབང་པོ་གཟུགས་ཅན་ཡིན་སོ་འདྲ་ན་ཡང་།། སྐྱེ་བོ་ཕལ་བའི་སེམས་ན་ཁྱད་པར་ཡོད།།
མི་ཚེ་གང་གི་གྲོགས་མཆོག་རྣམ་གསུམ།
མི་ཚེ་གང་གི་གྲོགས་མཆོག་རྣམ་གསུམ། ཨེ་མ་ཧོ༔ དགའ་སྐྱོ་ངེས་འབྱུང་བསྐུལ་བའི་གྲོགས།། ཚེ་གཅིག་ཐར་ལམ་འདྲེན་པའི་གྲོགས།། གསང་ཆེན་ཟབ་གཏེར་འགྱེད་པསི་གྲོགས།། གྲོགས་གསུམ་སྙིང་གི་གྲོགས་མཆོག་ཡིན།། སྐྱབས་ཅིག་འཇིགས་མེད་རྣམ་རྒྱལ་དཔལ།། མ་ཅིག་རྗེ་བཙུན་ཨོ་རྒྱན་དགྱེས།། ཆོས་ཅིག་རྫོགས་པ་ཆེན་པོ་གསུམ།། ཁོ་བོའི་བླ་སྙིང་སྲོག་གསུམ་ཡིན།། སྒྲུབ་བརྒྱུད་གོང་མའི་རྣམ་ཐར་གཅིག། ཀུན་བཟང་རྫོགས་པ་ཆེན་པོ་གཉིས།། སྐྱབས་གཅིག་ཡིད་བཞིན་ནོར་བུ་གསུམ།། བདག་གི་འདི་ཕྱི་བར་དོའི་སྐྱབས།། སངས་རྒྱས་པདྨ་འབྱུང་གནས་གཅིག། དམ་ཆོས་ཀུན་བཟང་བླ་མ་གཉིས།། དགེ་འདུན་མི་ལའི་རྣམ་ཐར་གསུམ།། བསླུ་མེད་ནང་གྲོགས་རྣམ་གསུམ་ལགས།། ——-ཨེ་མ་ཧོས།
ཨ་མ་དང་བླ་མ་དྲན་པའི་མེ་ལོང་།
ཨ་མ་དང་བླ་མ་དྲན་པའི་མེ་ལོང་། ན་མོ་གུ་རུ་ཨ་མ་ཏཱ་ར་ཡེ།། དལ་འབྱོར་ནོར་བུ་ཨ་མའི་དྲིན་གྱིས་གསོས།། ཡིད་ཀྱི་འཁྲུལ་རྟོག་བླ་མའི་ཐུགས་རྗེས་སེལ།། ཐོས་བསམ་སྒོམ་པའི་བྱིན་རླབས་རྒྱུད་ལ་འབྱོར།། སྙིང་པོའི་བཙན་ས་ཟིན་པ་ཕ་མའི་དྲིན།། དམ་པས་རྗེས་བཟུང་ཚེ་འདིའི་ཕུག་འདུན་གྲུབ༵།། མཚོ་སྐྱེས་རྒྱལ་བས་དགོངས་པའི་གཏད་རྒྱ་ཐོབ༵།། ཟབ་རྒྱས་གཏེར་ལ་དབང་བའི་རིགས་བཟང་བདག། བསྟན་འགྲོར་ཕན་བདེ་འབྱུང་བར་བླ་མའི་དྲིན།། འཁོར་འདས་དྲིན་ལན་གཞལ་དུ་མེད་པའི་རྗེ། ཆོས་དང་འཇིག་རྟེན་སྨན་པའི་ཨ་བླ་མ།། ཉིན་གཅིག་མ་ཡིན་དྲན་ཤེས་རྟག་ཏུ་བརྟས།། བུ་ངའི་སྙིང་གི་མེ་ལོང་སྒྲིབ་མེད་གསལ།། མཚམས་རེར་དབེན་རིར་འགྲིམས་ནས་གསོལ་བ་འདེབས།། སྐབས་རེར་གྲོང་ནག་ཉུལ་ནས་ཆོས་འཆད་བྱས།། ནམ་རྒྱུན་ཨེ་ཝྃ་དྲན་པ་ཀུན་ཏུ་བཟང་།། དཔལ་དགྱེས་རྡོ་རྗེར་དྲན་པའི་མེ་ལོང་མཆིས།། འཆི་རུང་གང་དགའ་དག་པའི་ཞིང་དུ་འགྲོ།། གསོན་རུང་གུ་ཡངས་རྫོགས་ཆེན་བསྟན་པ་སྤེལ།། རེ་དྭོགས་ཀུན་བྲལ་མངོན་པའི་རྣལ་འབྱོར་པ།། པདྨའི་རྒྱལ་ཚབ་དམ་པ་ང་མིན་སུ།། ལྟ་བ་ལེགས་རྟོགས་སྤྱོད་པ་གཞན་ཕན་བརྩོན།། སྒོམ་པ་འོད་གསལ་ཆོས་བརྒྱད་འཆིང་བས་དབེན།། འབྲས་བུ་ཀུན་བཟང་རྒྱལ་བའི་མཛད་པ་ཅན།། སྙིགས་དུས་འདྲེན་པའི་དེད་དཔོན་ཁོ་བོ་ཙམ།། ཨ་ལ་ཀུ་རེ་ཡིན་ནོ་སྙིང་གྲོགས་རྣམས།། མི་ཚེ་ཆོས་ལ་བཅོལ་བའི་དཔལ་དགྱེས་པ།། རྡོ་རྗེ་འཆང་གི་རྗེས་སུ་སྤྱོད་པ་ལ།། ཐུགས་དང་འགལ་བ་གྱུར་ན་བཟོད་པར་གསོལ།། མདོར་ན་ཨ་མ་བླ་མ་དྲན་པ་འདིས།། འཁོར་འདས་དགེ་བ་ཕུན་སུམ་ཚོགས་པར་བྱུང་།། སེམས་ཀྱི་རྒྱུ་བ་ཡི་གེས་གཟུགས་སུ་བཀོད།། དགེ་བས་འགྲོ་ཀུན་ཀུན་བཟང་ས་ཐོབ་ཤོག། ———ཨེ་མ་ཧོས
༈ རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།
༈ རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས། གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས། ༈གངས་ལྗོངས་སྨྲ་བའི་དབང་ཕྱུག་རྨེ་སྤྲུལ་རིན་པོ་ཆེ་ལུང་རྟོགས་བསྟན་འཛིན་རྒྱ་མཚོ། དཔལ་མཚོ་བྱུང་འཛུམ་པའི་མེ་ཏོག་མཆོག་ནི། སྤྱི་ལོ་༡༩༦༨ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་རབ་རྒྱལ་ས་སྤྲེལ་ལོའི་ཟླ་དང་པོའི་ཚེས་བདུན་ཉིན་མདོ་སྨད་རྟའི་ཆོལ་ཁ་ཝ་ཤུལ་རྨེ་བའི་ཡུལ། གསེར་དེའུ་ཞེས་པའི་སར་ཡབ་ཆོས་ཡུལ་བདུད་འདུལ་དང་། ཡུམ་གདོང་སྣ་བཟའ་རྣམ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་མིང་ལ་བསྟན་པའི་རྒྱལ་མཚན་ཞེས་གསོལ། མི་རིང་བར་ཝ་ཤུལ་དཔོན་ཚེ་དབང་དཔལ་ལྡན་གྱིས་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་ཡང་སྤྲུལ་ངོས་འཛིན་བྱེད་ཆེད་བྱིས་པ་དྲུག་ཅུ་ལྷག་གིི་མཚན་ཐོ་བསྡུས་ཏེ་སྐྱབས་མགོན་ས་སྐྱ་གོང་མའི་མདུན་དུ་ཐུགས་བརྟག་ཕུལ་ཚེ། ཁོང་གིས་སྤྲུལ་སྐུ་འདིའི་མཚན་ཐོ་ཕྱག་ཏུ་བཟུང་ནས་འདི་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་ཞིག་སྟེ་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་ངེས་ཤིག་རེད་ཅེས་གསུངས་ཀྱང་བླ་མ་སུའི་སྤྲུལ་སྐུ་ཡིན་གསལ་པོར་མ་གསུངས། རེ་ཞིག་རྨེ་བའི་མཁན་པོ་ནོར་བུ་བསྟན་འཛིན་གྱི་མཚན་ཐོགས་ཤིག་ཅེས་བཀའ་ཕེབས་ཤིང་། བསྟན་འཛིན་རྒྱ་མཚོ་ཞེས་པའི་མཚན་གསོལ། ཝ་ཤུལ་རྨེ་བའི་ཡུལ་གྱི་བླ་མ་ཆོས་ལྡན་སོགས་སྐྱེས་ཆེན་དམ་པ་འགས། རྨེ་བའི་མཁན་ཆེན་རྣམ་བཞིའི་ཡ་གྱལ་མཁས་གྲུབ་གཉིས་ལྡན་གྱི་མཁན་པོ་བསོད་ནམས་མགོན་པོའི་ཡང་སྤྲུལ་ཉིད་དུའང་ངོས་འཛིན་མཛད། སྐུ་ན་ཆུང་བའི་དུས་ནས་མཁྱེན་པའི་ཤེས་རབ་དང་བརྩེ་བའི་སྙིང་རྗེ་གཉིས་བཅོས་མིན་དུ་མངའ་ཞིང་། ཡི་གེ་འབྲི་ཀློག་སོགས་ཆེར་མ་བསླབས་ཀྱང་ཚེགས་མེད་དུ་མཁྱེན། ཆོ་གའི་ཕྱག་ལེན་དང་འདོན་ལྟ་དབྱངས། མཆོད་པ་བཅའ་བཤམས། ལྷ་རིས་འབྲི་བ་སོགས་བརྡ་ཙམ་བསྟན་པས་མཁྱེན། ཡུལ་དེར་བཞུགས་པའི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་སྣང་གྲོལ་རབ་འབྱམས་དང་། སྤྲུལ་རྡོ་རྗེ་དགྲ་འདུལ་སོགས་ཡོངས་འཛིན་དུ་བསྟེན་ཏེ་བློ་སྦྱོང་དང་ཐུན་མོང་གི་རིག་གནས་འགའ་གསན་སྦྱང་མཛད། ཁྱད་པར་མཁན་པོ་སྲས་མཆོག་མདུན་ནས་རྒྱལ་སྲས་ལག་ལེན་སོ་བདུན་མ་གསན་པ་ནས་བཟུང་སྔར་གྱི་རྩེ་དགོད་གཡེང་བ་སོགས་བྱིས་པའི་སྤྱོད་པ་ཐམས་ཅད་ཆམས་ཀྱིས་བཞག་སྟེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཉམས་ལེན་ཁོ་ན་ཐུགས་གཙིགས་གནང་ནས་སྒོ་གསུམ་གྱི་མཛད་པ་ཀུན་བལ་ལ་ཆུ་བཏབ་པ་བཞིན་འཇམ་ཞིང་ལྷོད་དུང་ངེ་བ་ཞིག་ཏུ་གྱུར་སོང་ཞེས་ཁོང་ལ་རྒྱུས་ཡོད་ཀུན་གྱིས་གླེང་། དགུང་གྲངས་བཅུ་བདུན་སྟེང་རྨེ་བའི་མཁན་པོ་རིག་གནས་མདུན་ནས་དབུ་སྐྲ་བསིལ་ཞིང་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། དཀོན་མཆོག་ཆོས་ཀྱི་འབྱུང་གནས་ཞེས་པའི་མཚན་གསོལ། སྣང་གྲོལ་རབ་འབྱམས་པ་སོགས་ཀྱི་མདུན་ནས་དཔེ་ཁྲིད་ཞུ་སྐབས་ཁོང་གིས་ཡར་སློབ་དཔོན་ལ་དྲི་བ་འགའ་བཀོད་པར། སྤྲུལ་སྐུ་འདིའི་རྣམ་དཔྱོད་ཀྱི་མཁྱེན་རྩལ་ལ་ཡོངས་འཛིན་རྣམས་ཧ་ལས་ཤིང་། འདི་ནི་སེ་འབྲས་དགའ་གསུམ་སོགས་ཆོས་སྡེ་ཆེན་པོ་ཞིག་ཏུ་མ་ཕེབས་ན་ངེད་ཅག་ལྟ་བུས་ཡོངས་འཛིན་བྱེད་ས་ཞིག་ལར་ནས་མ་རེད་ཅེས་བཀའ་སློབ་ཡང་ཡང་གནང་ཞིང་ཐུགས་གཙིགས་བླ་མེད་མཛད། འདིའི་སྐབས་སུ་ཁམས་གསེར་རྟའི་ཡུལ་གྱི་མཁན་ཆེན་དམ་པའི་མཚན་གྱི་སྙན་པ་ཐོས་ཤིང་། བླ་སློབ་ཞལ་འཛོམས་ཀྱི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་འབྲས་བུ་དུས་སུ་སྨིན་ཏེ། སྤྱི་ལོ་༡༩༨༧ལོར་ཡོངས་རྫོགས་བསྟན་པའི་སྒྲོན་མེ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞེས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེའི་ཞབས་པད་གཙུག་ཏུ་བླངས་ཤིང་སངས་རྒྱས་དངོས་མཐོང་གི་དད་པས་ཚུལ་བཞིན་བསྟེན་ཏེ། སྨིན་གྲོལ་ཆོས་ཀྱི་དཔལ་ལ་ངོམས་མེད་དུ་རོལ། དེ་ནས་བཟུང་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གཟིགས་རྟོགས་རྒྱ་ཆེར་མཛད་དེ་མཁས་པའི་གྲགས་པ་སྔར་ལས་རྒྱས། ཆོས་རྗེ་མཆོག་གི་རྟོགས་བརྗོད་དད་གསུམ་མུ་ཏིག་དཀར་པོའི་འཁྲི་ཤིང་དང་། ཆོས་རྗེ་མཆོག་དྭངས་བསིལ་རི་བོ་རྩེ་ལྔར་ཕེབས་པའི་རྟོགས་བརྗོད་མནྡྷ་རའི་ཆུན་པོ་སོགས་མདོ་དབུས་ཁམས་གསུམ་ན་སྙན་པའི་ཚད་དུ་གླེང་བ་འདི་དག་ཀྱང་མཛད། དགུང་གྲངས་ཉེར་གསུམ་སྟེ་ཕྱི་ལོ་༡༩༩༠རབ་གནས་ལྕགས་རྟ་ལོར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཞེས་མཁན་པོའི་མཚན་རྟགས་ཕུལ། ཆོས་རྗེ་མཆོག་གི་ཞལ་ནས་གངས་ལྗོངས་སྨྲ་བའི་དབང་ཕྱུག་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་ཞེས་མཐོང་གཟིགས་བླ་མེད་མཛད་དེ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོའི་གཙོ་འཛིན་གཞོན་པ་ཉིད་དུ་བསྐོ་བཞག་གནང་། གཞན་ཡང་ཆོས་རྗེ་མཆོག་གི་གསུང་འཕྲོས་ལས། རྫོང་ཀུན་བཟང་ཉི་མའི་གཏེར་ལུང་དུ། རྩལ་ལྡན་སྤྲེལ་གྱི་གཞོན་ནུཿ ལོ་འབྲས་བཅུད་ཀྱིས་བརྒྱན་བཞིནཿ དུང་གི་རི་ལ་ཡན་གྱུརཿ དབང་མེ་ཞགས་པས་འཛིན་དགོསཿ སྟག་མོས་རང་ས་ཟིན་ཚེཿ དབང་ཞགས་ཡིན་པ་ཤེས་དགོསཿ ཞེས་ཤར་དུང་རིའི་ཉེ་འདབས་ནས་དགུང་སྙིང་སྤྲེལ་ཅན་གྱི་སྐྱེས་བུ་ཞིག་ངེད་ཀྱི་མཛད་འཕྲིན་སྤེལ་བའི་བྱེད་པོ་ཉིད་དུ་ལུང་གིས་བསྟན་འདུག་པ་དེ་ནི་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་འདི་ཡིན་ངེས། སྤྲུལ་སྐུ་འདི་ཉིན་གཅིག་ལ་མེད་ནའང་ངའི་སེམས་ལ་སྒར་འདི་སྟོང་པ་ཡིན་པའི་ཚོར་སྣང་ཞིག་སྐྱེས་འདུག་ཅེས་ཡང་ཡང་གསུངས། སྤྲུལ་སྐུ་རིན་པོ་ཆེ་འདི་ནི་མི་གཞི་བཟང་ཞིང་། ངང་རྒྱུད་འཇམ་པ། གཞུང་དྲང་བ། རང་ཚུགས་ལྡན་པ། བྱ་བ་གང་ཞིག་སྒྲུབ་ཀྱང་བློ་གཟུ་བོར་གནས་པའི་དཔྱད་པ་སྔོན་དུ་མཛད་པ། མཐོ་དམན་དྲག་ཞན་སུ་དང་ཡང་འགྲོགས་བདེ་བ། སྐུའི་བཞིན་མདངས་གསལ་བས་མཐོང་ན་མི་མཐུན་པ་མེད་པ། གསུང་གི་གདངས་དབྱངས་འཇམ་པས་ཤིན་ཏུ་ཕེབས་པར་སྨྲ་ཞིང་གཞན་སེམས་སྲུང་བ། ཐུགས་ཀྱི་བྱམས་བརྩེ་ཆེ་བས་ཉམ་ཐག་སྐྱེ་བོ་རྣམས་ལ་ལྷག་པར་མཉེས་ཤིང་གཤིན་པ། སྲོག་ཆགས་གྲོག་མ་ཚུན་ལའང་བརྩེ་བའི་སྙིང་རྗེ་གཞན་ལས་ཆེ་བ་ནི་འཕགས་ཆེན་བྱང་ཆུབ་སེམས་དཔའི་རང་གཤིས་ལྷང་ངེར་གསལ་བ་ཞིག་གོ །འཛམ་གླིང་སྤྱིའི་ལོ་རྒྱུས་དང་གནའ་དེང་གི་རིག་གནས་ཀུན་ལ་མཁྱེན་རྒྱ་ཆེ་ཞིང་། ཁྱད་པར་བོད་ཀྱི་བཟོ། གསོ་བ། སྒྲ། ཚད་མ། ནང་དོན་རིག་པ་མདོ་སྔགས་རྒྱུད་སྡེ་དང་བཅས་རིག་པའི་གནས་ལྔ་མ་མཁས་ཤིང་། འཇིག་རྟེན་ཆོས་བརྒྱད་ལ་མི་དགྱེས་པ། འུད་སྒྲོག་གི་གྲགས་སྙན་མི་གཉེར་བ། རྒུད་སྐྱོབ་དང་གནང་སྦྱིན། ཚེ་ཐར་དང་སྲོག་བླུ་སོགས་ཕལ་ཆེར་གསང་བའི་སྟབས་ཀྱིས་མཛད། སྔོན་ནས་ད་བར་ཆོས་སྒར་ཆེན་པོ་འདིར་རྒྱུན་བཞུགས་མཛད་དེ། ཐུན་མོང་རིག་གནས་འཛིན་གྲྭ་དང་། ཚད་མའི་འཛིན་གྲྭ། ཐུན་མིན་རྒྱུད་སྡེ་མན་ངག་གི་འཛིན་གྲྭ་སོགས་ཀྱི་མཁན་པོ་མཛད་ཅིང་ཆོས་སྒར་གྱི་འདུས་པ་སྤྱི་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་གདམས་པ་སོགས་ལེགས་བཤད་ཆོས་ཀྱི་དགའ་སྟོན་ཕངས་མེད་དུ་བསྩལ་བས་བླ་རུང་ཆོས་སྒར་ཆེན་མོ་ན་ཁོང་གི་སློབ་མར་མ་གྱུར་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཡིན། ཁོང་གི་གསུང་རྩོམ་ནི། མདོ་སྔགས་རིག་གནས་ལོ་རྒྱུས་དང་བཅས་པ། དཔྱད་པ་གསུམ་གྱིས་ལེགས་པར་དག་པའི་པོ་ཏི་དྲུག་ཙམ་བཞུགས་པར་ཚིག་དོན་གཉིས་ཀའི་ཆ་ནས་ཟླ་བྲལ་མཁས་པའི་ཁྱད་ཆོས་མངོན་གསལ་དུ་ཐོན་ཡོད། སྤྱི་ལོ་༢༠༡༣ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཚད་ལྡན་དཔེ་རྟགས་བཀོད་ནས་པར་དུ་བསྐྲུན་ཏེ་ད་ལྟ་རྒྱལ་ཡོངས་ས་གནས་སོ་སོ་ན་འགྲེམ་སྤེལ་བྱེད་བཞིན་པ་འདིའོ། །བླ་རུང་སྒར་དུ་ཕེབས་ནས་ད་ཙམ་མི་ལོ་སུམ་བཅུ་འགོར་ཞིང་ད་དུང་ཆོས་རྗེ་མཆོག་གི་གདན་ས་བཟུང་ནས། སྐུ་གཟུགས་བདེ་ཐང་དེ་ཙམ་མིན་ཡང་། སྐུའི་འོ་བརྒྱལ་ལ་མ་འཛེམས་པར་དམ་པའི་མཛད་པ་རྣམས་བདག་གིར་བྱས་ཏེ་འཛམ་གླིང་སྐྱེ་འགྲོའི་བདེ་སྡུག་སྤྱི་དང་ཁྱད་པར་གདོང་དམར་བོད་པ་ཚང་གི་ཆོས་དང་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱོགས་ལ་ཐུགས་ཁུར་དང་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་ཡོད། མདོར་ན་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སོགས་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ལེགས་པར་མཛེས་པས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བསྟན་པའི་གཙུག་རྒྱན་ཉིད་དུ་ད་ལྟ་སྐུ་ཚེ་འཆི་མེད་རྔ་སྒྲའི་རྒྱལ་པོའི་ངོ་བོར་འཚོ་ཞིང་གཞེས་པར་མ་ཟད་རྣམ་གསུམ་མཁས་པའི་མཛད་པ་ཆུ་བོའི་རྒྱུན་བཞིན་གནང་བའི་སྐལ་བཟང་ལགས་སོ། ། ཞེས་པ་འདིའང་གང་གི་སློབ་བུའི་མིང་ཙམ་འཛིན་པ་གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་སྤྱི་ལོ་༢༠༡༧.༡.༢༥ལ་སྤོས་ལྡན་གྲོང་ཁྱེར་ནས་སྦྱར་བ་དགེའོ།།
Alt Sidebar
Search





