ས་སྙིང་འཁོར་ལོ་བཅུ་པའི་མདོར་བྱུང་བའི་ཚུལ་ཁྲིམས་འཆལ་བའི་གང་ཟག་ཡིན་ཡང་ངུར་སྨྲིག་གྱོན་རུང་བའི་སྐོར
ས་སྙིང་འཁོར་ལོ་བཅུ་པའི་མདོར་བྱུང་བའི་ཚུལ་ཁྲིམས་འཆལ་བའི་གང་ཟག་ཡིན་ཡང་ངུར་སྨྲིག་གྱོན་རུང་བའི་སྐོར། ན་མོ་བུདྡྷ་ཡེ། དེང་དུས་འདུལ་བ་འཛིན་པ་ཆེན་པོར་གྲགས་པ་འགས་ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ངུར་སྨྲིག་གི་གོས་བགོ་མི་རུང་བ་ཞིབ་མོ་རྣམ་འཐག་གི་སྒོ་ནས་བཤད་ཅིང་། དེ་ལ་སྒྲུབ་བྱེད་ཀྱི་ལུང་ཚིག་མང་དུ་བཀོད་ནས་བསྟན་པ་སྤྱིའི་གནས་བབ་དང་རབ་བྱུང་སྤྱིའི་སྤྱོད་ལམ་ལ་ཐུགས་ལས་ཚད་མེད་མཛད་ཀྱིན་ཡོད་མོད། དེ་ལྟ་ནའང་ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ངུར་སྨྲིག་བགོ་རུང་མིན་ནི་ལྷག་བསམ་དཀར་བ་ཙམ་གྱིས་དེའི་ཞལ་བརྩིས་ཏེ་སྡོད་དགོས་པ་ཞིག་མིན་པར་སངས་རྒྱས་ཀྱི་བཀའ་ཉིད་དཔང་པོར་བཞག་ནས་དོན་གྱི་བདེན་པར་འཇུས་ཏེ་ཐག་གཅོད་དགོས་སྟབས་མིང་གྲགས་ཆེ་ཆུང་དང་ཁ་སྟབས་མཐོ་དམན་གྱི་དབང་དུ་མི་འགྲོ་བ་གལ་ཆེ་ལ། རང་ཅག་ཐོས་པ་འཚོལ་བའི་གང་ཟག་ཏུ་ཁས་འཆེ་བ་དག་གིས་ཀྱང་འདི་ལ་ཡིན་མིན་གྱི་བརྡར་ཤ་གཅོད་དགོས་པས་ཁོ་བོའང་དེའི་གྲལ་དུ་འཚངས་ཏེ་བདེན་པ་དོན་དུ་གཉེར་བའི་ལས་སུ་ཞུགས་ཁུལ་བགྱིས་པ་ལ་དཔྱོད་ལྡན་དག་མི་ཁྲེལ་བར་ཞུ་ཞེས་པ་ནི་གླེང་གཞི་དང་འབྲེལ་ཏེ་ཐོག་མའི་སེམས་བསྐྱེད་དོ།། དེ་ཡང་མདོ་ཡི་སྒྲས་ཟིན་ཚོད་ལ་ཚུལ་ཁྲིམས་འཆལ་བཞིན་དུ་ངུར་སྨྲིག་བགོ་རུང་བ་དང་མི་རུང་བ་གཉིས་ཀ་གསུངས་ཤིང་། དེ་འདྲ་བ་བྱུང་ཚེ་དེ་གཉིས་ལས་གཅིག་སྒྲ་ཇི་བཞིན་དུ་ཁས་བླངས་ཏེ་ཅིག་ཤོས་ལ་དགོངས་པ་བཙལ་དགོས་ལ། དེ་ནི་མདོ་འཆད་ཚུལ་མ་ནོར་བ་ཞིག་ཀྱང་ཡིན་ནོ།། དེ་ཡང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། དེ་ནས་ཚངས་པ་ཆེན་པོ་ལྷའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དག་གལ་ཏེ་རྒྱལ་རིགས་སམ། བློན་པོ་ཆེན་པོའམ། དབང་པོས་ལྕག་དང་དབྱུག་པ་ལ་སོགས་པས་གཞུས་སམ། བརྡེགས་སམ།གལ་ཏེ་བཙོན་རར་བཅུག་གམ། སྤྱོས་སམ། བརྒྱད་དམ། ཡན་ལག་གཏུབས་སམ། སྲོག་དང་ཕྲལ་ཏེ་བཀུམ་ན་དེ་ཅི་རིགས་པ་ལགས་སམ། འོན་ཏེ་རིགས་པར་མ་ལགས།བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་སེམས་ཅན་གང་ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན་ན་ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་སམ།ཚུལ་ཁྲིམས་མེད་ཀྱང་རུང་སྟེ། དེ་ལ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཁྱིམ་པའི་ཆོས་ཉིད་དང་སྦྱར་དུ་ཡང་མི་གནང་ན། དེ་ལ་ལྕག་དང་དབྱིག་པ་ལ་སོགས་པས་ལུས་ལ་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་བ་དང་། སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ཆོས་མ་ཡིན་པ་དང་སྦྱོར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་སྲུང་ཞིང་མང་དུ་ཐོས་པ་དང་ལྡན་པ་ལྟ་ཞོག་ལ།ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བའི་ཆོས་སྤྱོད་པས་ནང་རུལ་ཅིང་མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ།ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་རྣམ་པ་སྣ་ཚོགས་ལས་ཕམ་པ། ཞིག་པ། ཁས་བུབ་པ་དེ་ལྟ་བུའི་ཚུལ་ཁྲིམས་ཉམས་པའི་དགེ་སློང་ངན་པ་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པ་དང་འདྲེན་པར་འགྱུར་ཏེ། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པའི་གཏེར་དུ་འགྱུར་རོ།། ཞེས་ཚུལ་འཆལ་མི་དགེ་ལ་སྤྱོད་པ་ནང་རུལ་བ་དག་ཀྱང་ཡོན་ཏན་དཔག་ཏུ་མེད་པའི་གཏེར་ཡིན་པར་གསུངས་སོ།། ཡང་དེ་ལས། གཞན་ཡང་རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་བཅུ་སྐྱེ་བས་ན་ཡོན་ཏན་རིན་པོ་ཆེའི་ཕུང་པོ་དཔག་ཏུ་མེད་པ་བཅུ་འཐོབ་པར་འགྱུར་རོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་མོད་ཀྱི། སེམས་ཅན་དག་གིས་མཐོང་བར་གྱུར་ན་སངས་རྒྱས་རྗེས་སུ་དྲན་པས་བཀུར་སྟི་དང་བཅས་པས་དད་ཅིང་གུས་པའི་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་མུ་སྟེགས་ཅན་གྱི་སྟོན་པ་དང་། དེའི་གཙུག་ལག་དང་། དེའི་འཁོར་ལ་ནམ་དུའང་མི་ཕྱོགས་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་འཕགས་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་སྲོག་གཅོད་པ་ཡོངས་སུ་སྤོང་བ་དང་། མ་བྱིན་པར་ལེན་པ་ཡོངས་སུ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤོང་བ་དང་། བརྫུན་དུ་སྨྲ་བ་ཡོངས་སུ་སྤོང་བ་དང་། བག་མེད་པའི་གནས་སྨྱོ་བའི་ཁུ་བ་ཆང་ལ་སོགས་པ་འཐུང་བ་ཡོངས་སུ་སྤོང་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་སྦྱིན་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཡང་དག་པ་དང་ཡང་དག་པའི་སྤྱོད་པ་ཅན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ངང་དེས་པའི་བཟོད་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ཕྲ་མ་ཡོངས་སུ་སྤོང་བ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། ཞེ་སྡང་ཡོངས་སུ་སྤོང་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་རབ་ཏུ་འབྱུང་ཞིང་བརྩོན་འགྲུས་ལ་ནན་ཏན་བྱ་བར་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱིམ་རབ་ཏུ་སྤོང་ཞིང་ཁྱིམ་མ་ཡིན་པའི་ཆོས་ལེན་ཏེ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སྤྱོད་པའི་མཆོག་ནན་ཏན་བྱེད་པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་འཁྲུག་པའི་སེམས་ཡོངས་སུ་སྤོང་ཞིང་བསམ་གཏན་ལ་མཉམ་པར་གཞོག་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་རི་དང་། ཚལ་དང་། བས་མཐའ་དགོན་པ་ལ་མོས་ཤིང་ཉིན་མཚན་དུ་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་འགྲུས་རྩོམ་པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ཤེས་རབ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།།དེའི་རྒྱུ་དེའི་རྐྱེན་གྱིས་དམ་པའི་ཆོས་ཉན་པ་དང་། ཀློག་པ་དང་། འདོན་པ་ལ་དགའ་ཞིང་སྤྲོ་བ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ཡང་དག་པར་འབྱུང་བ་དགེ་བའི་རྩ་བ་སྔོན་བསྐྱེད་པར་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེ་བ་ནས་འཛུམ་བཞིན་དུ་སྨྲ་བ་དང་། སྤྲོ་བཞིན་དུ་གཏམ་ཟེར་བ་དང་། རྐང་པ་ལ་ཕྱག་འཚལ་བའི་བར་དུ་བྱེད་པར་འགྱུར་རོ།། དེའི་རྒྱུ་དེའི་རྐྱེན་གྱིས་རིགས་ཆེ་ཞིང་མཐོ་བ་དང་། བཙུན་པའི་རིགས་སུ་སྐྱེ་ཞིང་སེམས་ཅན་ཚད་མེད་པ་ཀུན་གྱིས་མཐོང་ན་དགའ་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ཞེས་གཞན་དག་དགེ་སློང་དེ་འདྲ་བ་མཐོང་ཚེ་དེ་དག་མུ་སྟེགས་སུ་མི་ཞུགས་པ་སོགས་ཀྱི་ཡོན་ཏན་དེ་ལྟ་བུ་སྐྱེ་བར་གསུངས་ལ། དེ་ཡང་སྔར་ཚུལ་ཁྲིམས་བླངས་མྱོང་བ་སོགས་ཀྱི་མཐུས་མིན་གྱི་ཆ་ལུགས་འབའ་ཞིག་གིས་ཡིན་ཏེ། དེ་དག་གི་གཟུགས་མཐོང་བ་ན་དེ་ལྟར་སྐྱེ་བར་གསུངས་པའི་ཕྱིར་དང་། མདོ་དེའི་འཕྲོ་དེ་མ་ཐག་ཏུའང་། རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་དང་ཆ་ལུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་འདི་བཅུ་སྐྱེ་སྟེ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཚད་མེད་པ་ཐོབ་པར་འགྱུར་རོ། །…
སྔགས་ལ་སྡང་བའི་ཆོ་འཕྲུལ།།
སྔགས་ལ་སྡང་བའི་ཆོ་འཕྲུལ།།ཀྱེ་མ་ཧོ།།བློ་གྲོས་དབེན་པའི་སྐྱེས་བོ་ཡིས།།བཟང་ངན་གཉིས་ལ་བླང་དོར་མེད།།བྱས་པ་དྲིན་བཟོ་རྩ་ནས་བརྗེད།།ཕན་བྱས་ལས་ལ་གནོད་དུ་སྦྱིན།།ལྟ་བ་ཉི་མའི་འོད་ཟེར་ཉམས།།སྒོམ་པ་ཟླ་བའི་བསིལ་ཕྲེང་ཡལ།།སྤྱོད་པ་བསམ་པ་ཡ་བྲལ་བས།།ལྕང་ལོ་གཅོད་པའི་ཁྲིམས་ངན་དར།།ཟོལ་སྦྱོར་སྤྱོད་པའི་སྤྲིན་ནག་ལས།།དྲང་བདེན་རི་བོང་རྭ་ལ་འགྲན།།ཡབ་མེས་སྲོལ་བཟང་ཐན་དུ་བརྩི།།དབྱེན་དང་ཕྲ་མས་སྡེ་དགོན་དཀྲུགས།།ཕན་འདོད་འབྲས་བུའི་ཁུར་དང་ལྡན།།གངས་སེང་བརྗིད་པའི་གཡུ་རལ་འབྲེག།ཉེས་སྤྱོད་ནོར་སྐྱོང་ངུར་སྨྲིག་བགོ།དྲན་ཤེས་དབེན་པའི་ཝ་མོ་ཡང་།།གསེར་ཁྲིར་འགྱིང་བར་མཐོང་ལགས་སམ།།བསླབ་གསུམ་གསེར་གྱི་ནོར་འཛིན་དོར།།འབྲུ་དྲུག་ཞིང་ས་ཐ་རྒོད་བཏང་།།ཡིད་བཞིན་ནོར་བུའི་རྒྱུད་པ་གཅོད།།ཀྱེ་མ་སྙིགས་དུས་མ་མོ་འཁྲུགས།།ནང་དུ་ཤེས་རིག་དྲན་པ་ཉམས།།ཕྱི་ན་བླང་དོར་རི་མོ་ཡལ།།གསང་བ་མི་ཚེ་དོན་མེད་ཟད།།ཀྱེ་མ་འཇིག་རྟེན་འཁོར་བ་འཁྲུལ།།————ཨེ་མ་ཧོས
༧མཁས་དབང་པདྨ་ཨོ་ཌཱི་ཡཱ་ན་བི་མུཀྟི་སཱ་ག་རའི་སྔ་འགྱུར་བཀའ་མའི་ཆེ་བརྗོད་ལ་ལེགས་སྨོན་ལྷའི་རྔ་སྒྲ་ཞེས་བྱ་བ།
༧མཁས་དབང་པདྨ་ཨོ་ཌཱི་ཡཱ་ན་བི་མུཀྟི་སཱ་ག་རའི་སྔ་འགྱུར་བཀའ་མའི་ཆེ་བརྗོད་ལ་ལེགས་སྨོན་ལྷའི་རྔ་སྒྲ་ཞེས་བྱ་བ།ཨོཾ་ཨཱཿཧཱུཾ་ཧྲཱིཿཡེ་ནས་ཀ་དག་ཀུན་བཟང་པདྨ་འབྱུང་།།འོད་གསལ་ལྷུན་གྲུབ་བདེ་ཆེན་མཚོ་རྒྱལ་རྗེ།།དབྱེར་མེད་ཟུང་འཇུག་ཡེ་ཤེས་རྡོ་རྗེའི་གར།།བརྒྱུད་གསུམ་རིག་འཛིན་བླ་མས་དགེ་ལེགས་སྩོལ།།འོད་གསལ་པདྨ༵་སྙིང་པོའི་སྒྱུ་འཕྲུལ་ལས།།སྔ་འགྱུར་ཨོ༵་རྒྱན༵་ཐུགས་ཐིག་བཀའ་གཏེར་མཛོད།།ལེགས་བཤད་རྣམ༵་གྲོལ༵་རྒྱ༵་མཚོ༵་གོས་ཅན་བརྡལ།།བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག།མཁྱེན་པའི་སྤྱན་ཡངས་པདྨ་དཀར་པོ་ལ།།བརྩེ་བའི་ཐུགས་རྗེས་གེ་སར་རབ་ཏུ་བརྟས།།ནུས་པའི་དྲི་བཟང་འགྲོ་ཀུན་ཕན་བདེས་སྨིན།།གསང་གསུམ་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།ཅེས་པའང་རབ་གནས་ལྕགས་བྱིའི་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་མཁས་དབང་དམ་པ་པདྨ་ཨོ་ཌཱི་ཡཱ་ན་བི་མུཀྟི་སཱ་ག་རས་སྔ་འགྱུར་བཀའ་མའི་ཆེ་བརྗོད་གསར་འགྲེལ་རྩོམ་རྒྱུ་གནང་བར་ཐུགས་དམ་གྱིས་ཞལ་བཞེས་ཐོབ་ལ་བཀའ་དྲིན་ཆེ་ཞུ་དང་དེ་ཉིད་བདེ་མྱུར་ལེགས་འགྲུབ་ཡོང་བའི་སྨོན་ཚིག་ཏུ་མཁན་ཆེན་བླ་མ་འམ་ཤྲཱིཿཨེ་མ་ཧོ༔རུ་འབོད་པས། སྤྱི་ལོ་༢༠༢༠ཟླ ༥ པའི་ཚེས་ ༡༠ ལ་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་སྔ་འགྱུར་རྒྱལ་བའི་བཀའ་སྲུང་དམ་ཅན་རྒྱ་མཚོས་མཐུན་གྱུར་ཡིད་བཞིན་ལྷུན་གྲུབ་ཉིད་དུ་མཛོད་ཅིག་གུ།། །།
ལྟ་མགུར་ཤཱཀྱའི་མེ་ལོང་།
ལྟ་མགུར་ཤཱཀྱའི་མེ་ལོང་།ན་མོ་མ་ཧཱ་གུ་རུ་ཤཱཀྱ་མུ་ནེ་ས་མནྟ་བྷ་དྲ་ཡེ།།ཀ་དག་རིག་པ་ཟང་ཀ་རྒྱ་ཡན་གྱི་ཀློང་ན།།ཡེ་གྲོལ་སྤྲོས་བྲལ་ངང་དུ་ཕྱམ་ཕྱམ་དུ་སྐྱོང་ཚེ།།ཀུན་རྟོག་བཅོས་མའི་ལྷན་པ་དཀར་ནག་དེས་ཅི་བྱ།།གུ་ཡངས་བློ་བདེས་འཚོ་བའི་རྣལ་འབྱོར་ཉིད་སྐྱིད་པ།།ལྷུན་གྲུབ་རིག་པ་འོད་གསལ་གཞི་སྣང་གི་ངང་དུ།།སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་རང་བཞིན་དག་ཤར་ཚེ།།བསྐྱེད་རྫོགས་བྱེད་རྩོལ་ངལ་བས་བྲེལ་བ་དེས་ཅི་བྱ།།རང་གྲོལ་ཞིང་ཁམས་མཇལ་བའི་རྣལ་འབྱོར་ཉིད་སྐྱིད་པ།།གང་ཤར་རིག་པ་ཀུན་བཟང་རྒྱལ་བ་ཡི་དགོངས་པ།།འགྱུ་དྲན་ཤེས་པ་ཀུན་གཞིའི་བདེ་ཆེན་དུ་མཐོང་ཚེ།།ཟག་བཅས་ངལ་བས་བསྐྲུན་པའི་ཕྱག་རྒྱ་དེས་ཅི་བྱ།།གཅེར་གྲོལ་གྲོལ་ལམ་རྫོགས་ཆེན་རྣལ་འབྱོར་ཉིད་སྐྱིད་པ།།རང་ཤར་མཐོང་གྲོལ་རིག་པ་ཡེ་ཤེས་ཀྱི་བླ་མ།།བློ་འདས་ལྟ་བ་རྣམ་དག་མཉམ་ཉིད་དུ་གནས་ཚེ།།ཟབ་ཞི་སྤྲོས་བྲལ་བརྗོད་པའི་ཞལ་གཡང་དེས་ཅི་བྱ།།ཀུན་བཟང་རིག་འཛིན་བརྒྱུད་པའི་ཕ་རྒན་ཉིད་སྐྱིད་པ།།སྣང་སྟོང་བདེན་གཉིས་རིག་པ་རྟག་ཆད་དུ་མ་གོལ།།བདེ་སྟོང་ཡེ་ཤེས་ཉག་གཅིག་བརྗེན་གཅེར་དུ་རོལ་ཚེ།།རིག་སྟོང་སངས་རྒྱས་ཡེ་ཤེས་དཀའ་སྤྱད་དེས་ཅི་བྱ།།ཁྱབ་བདག་སྟོན་པའི་གཉུག་མའི་རྣལ་འབྱོར་ཉིད་སྐྱིད་པ།།ངོས་ནི་སྨྱོན་པ་ལས་ཀྱང་ཡང་སྨྱོན་གྱི་ཁ་ན།།གདམས་ངག་ལམ་སྟོན་ཞེས་པ་རི་རྭ་ལས་དཀོན་ཀྱང་།།རིག་འཛིན་བཀའ་གཏེར་གླེང་བའི་དགའ་ཚལ་གྱི་མཐའ་ནས།།ཤུགས་འབྱུང་བདེན་བཞིའི་གླུ་འདི་རྩོལ་མེད་དུ་ཤོར་ཐལ།།ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་བ་དོལ་པོ་ཤཱཀྱ་མཆོག་གིས་བདུད་འཇོམས་གཏེར་གསར་གླིང་དུ་ངོས་ལ་དགོངས་གསོལ་གནང་བ་ལ་རྒྱལ་ཁམས་གྱི་མུ་ཏོ་བ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་སྒར་གྱི་ཨེ་ཝཾ་ཛྙཱ་ན་གུ་རུ་ལྷ་ཁང་ནས་བྱ་བྱེའུའི་མགྲིན་པའི་དབྱངས་སྙན་དང་མཉམ་དུ་གླུ་རུ་བླངས་པས་ཆོས་མཆེད་དམ་པ་དགྱེས་པའི་རྒྱུ་རུ་གྱུར་ཅིག་གུ།། ཤྲཱིཿསརྦ་བི་ཛ་ཡནྟུ།།
ཨོ་རྒྱན་རྒྱལ་བ་རིགས་ལྔའི་གསོལ་འདེབས་ཡིད་བཞིན་ནོར་བུའི་དོ་ཤལ།།
ཨོ་རྒྱན་རྒྱལ་བ་རིགས་ལྔའི་གསོལ་འདེབས་ཡིད་བཞིན་ནོར་བུའི་དོ་ཤལ།།Invocation of Wish-fulfilling Jewel – Necklace of Five Families of Victorious once of Guru Rinpoche ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།Om Ag Hung Vanra Guru Pdama Sidhi Hung!ཞེ་སྡང་རང་གྲོལ་ཨོ་རྒྱན་རྡོ་རྗེ་འཆང་།།Self-release of hatred – Vajra holder of Uddiyana,གུ་རུ་རྡོར་སེམས་ཡབ་ཡུམ་ལ་གསོལ་བ་འདེབས།།May supplicate to Vajrasattava with his consort,འོད་གསལ་མེ་ལོང་ཡེ་ཤེས་མངོན་རྟོགས་ནས།།May realised the mirror-like primal awareness of clear light,དབྱིངས་རིག་མ་བུ་འདུ་འབྲལ་མེད་པར་ཤོག།May become inseparably united mother and child of space and awareness.ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།Om Ag Hung Vajra Guru Padma Sidhi Hung!ང་རྒྱལ་རང་གྲོལ་ཨོ་རྒྱན་རྡོ་རྗེ་འཆང་།།Self-release of pride – Vajra holder of Uddiyana,གུ་རུ་རིན་འབྱུང་ཡབ་ཡུམ་ལ་གསོལ་བ་འདེབས།།May supplicate to Ratnasambhava with his consort,འཁོར་འདས་མཉམ་ཉིད་ཡེ་ཤེས་མངོན་རྟོགས་ནས།།May realised the primal awareness of cyclic existence and nirvana,ཆོས་ཉིད་ཡེ་གྲུབ་སངས་རྒྱས་ལྷུན་གྲུབ་ཤོག།May become the spontaneously awakened of primordial being.ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།Om Ag Hung Vajra Guru…
མ་དྲིན་ལན་བཤགས་མདོ་བཞུགས་སོ། །
མ་དྲིན་ལན་བཤགས་མདོ་བཞུགས་སོ། ། ༄། ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ དོན་འདི་ལས་ལྷག་པ་གསུང་རྒྱུ་མེད། བྱམས་པས་བསྟན་ཅིང་སྙན་པའི་ཚིག །བུ་བརྩེ་བའི་སེམས་ཀྱིས་སྐྱོངས་པའི་དྲིན་ཆེན་མ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ཁ་ཟས་ཁས་བྱིན་མི་གཙང་ལག་པས་ཕྱིས། །ཡང་ཡང་པང་དུ་བླངས་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ སྐྱེས་པའི་མཐའ་མར་ངེས་པར་འཆི་བ་ཡིན། །ཁ་དྲག་ཅན་ལ་ཅུང་ཟད་སྡོད་དབང་མེད། །གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ འགྲོགས་པའི་མཐའ་མར་ངེས་པར་བྲལ་བ་ལ། །བརྩེ་གདུང་ཅན་ལ་ཅུང་ཟད་སྡོད་དབང་མེད། །གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ བསགས་པའི་མཐའ་མར་ངེས་པར་ཟད་པ་ལ། །སེར་སྣ་ཅན་ལ་ཅུང་ཟད་ཁྱེར་དབང་མེད། །གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ མ་ཁྱེད་འདི་ནས་གཅིག་པུར་འགྲོ་བ་ལ། །ང་དང་ཁྱེད་དང་སྤྱན་རས་གཟིགས་དང་གསུམ། །མཇལ་བའི་སྨོན་ལམ་འཚལ་ལོ་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཁམས་གསུམ་འགྲོ་བ་རིགས་དྲུག་གར་སྐྱེས་ཀྱང་། །སྐྱེ་གནས་བཞི་པོ་དག་ལ་བརྟེན་ནས་སྐྱེ། །རྫུས་ཏེ་སྐྱེ་གནས་གཅིག་པུར་མ་རྟོགས་པར། །ཕ་མ་དག་ལ་བརྟེན་ནས་གཟུགས་སུ་གྲུབ། །ལས་ཀྱི་དབང་གིས་མ་བུར་གྱུར་པའི་ཚེ། །ཟླ་དགུ་ཞག་བཅུ་ཁུར་བའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ཐིག་ལེ་རླུང་གིས་གཡོ་བའི་དུས་ཀྱི་ཚེ། །ཤ་རུས་ཁ་ཁར་བྲལ་བའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ཁྲག་དང་ཆུ་སེར་ལྷན་དུ་བཙས་པའི་ཚེ། །འོ་མ་རྣག་ཁྲག་འདྲེས་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ཤ་རུས་ཉབ་ཉོབ་འཐིབ་པའི་དུས་ཀྱི་ཚེ། །ཕྱག་གིས་འཇམ་པོར་བླངས་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ མིག་དང་དབང་པོ་སྒོ་ལྔ་རྣག་པའི་ཚེ། །ཁ་འཇམ་ལྕེ་ཡིས་བལྡག་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ མི་གཙང་དྲི་མ་ཁ་རུ་སོང་བ་ན། །སྣང་བ་ཞེན་པ་མ་ལོག་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ཉིན་མཚན་མེད་པས་རུམ་ཁུང་དྲོན་མོར་བཅུག །མཆིན་ཁར་འབྲལ་མེད་གཏུག་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ ནུབ་མོ་གཏི་མུག་གཉིད་ཀྱིས་ཁྱེར་བའི་ཚེ། །མ་དག་ནུབ་གཉིད་ཆག་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ པང་དུ་འཇམ་ཞིང་བཀོད་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ སེམས་ལ་དགའ་སྤྲོ་འཛོམ་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་དུ་གསོལ། །ཨོཾ་མ་ཎི་པངྨེ་ཧཱུྃ་ཧྲཱིཿ རྟག་ཏུ་གཡོ་ཞིང་ངུ་བའི་ཚུལ་སྟོན་པ།…
Alt Sidebar
Search





