• February 2020

    བཛྲ་གུ་རུའི་ཕན་ཡོན་བཞུགས།༅། །ན་མོ་གུ་རུ་པདྨ། སློབ་དཔོན་ཆེན་པོ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཛྲ་གུ་རུ་འདོན་མཁན་ལ། །བཛྲ་གུ་རུའི་ཕན་ཡོན་བརྗོད། །སྔོན་དུས་དཔལ་གྱི་བསམ་ཡས་སུ། །བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས། །ཕྱི་ནང་གསང་པའི་མཎྜལ་མཆོག །ཨོ་རྒྱན་རྗེ་ལ་ཕུལ་ནས་སུ། །གུས་པས་ཕྱག་འཚལ་འདི་སྐད་གསོལ། །མ་འོངས་སེམས་ཅན་བློ་སྣ་མང་། །དམུ་རྒོད་ཆོས་ལ་ལོག་ལྟ་ཆེ། །ཁྱད་པར་གསང་སྔགས་ཟབ་མོ་ལ། །ལོག་ལྟ་བྱེད་མཁན་མང་དུ་འབྱུང་། །དེ་དུས་ནད་མཚོན་མུག་གསུམ་གྱིས། །བོད་ཁམས་སྡུག་ལ་གཏད་པའི་དུས། །ཕན་པའི་རིམ་གྲོ་མང་ཡོད་ཀྱང་། །སྒྲུབ་ལོང་མེད་ཅིང་བར་ཆད་ཆེ། །རྫས་དང་ཡོ་བྱད་མི་ཚང་ཞིང་། །དུས་ངན་སེམས་ཅན་ཁ་མི་འཆམ། །དེ་དུས་གུ་རུ་ཉིད་སྒྲུབ་པའི། །ཕན་ཡོན་ཐམས་ཅད་གསུང་དུ་གསོལ། །སློབ་དཔོན་ཆེན་པོའི་ཞལ་ནས་ཀྱང་། །དད་ལྡན་བུ་མོ་ཁྱོད་བདེན་ནོ། །མ་འོངས་དེ་འདྲའི་དུས་ཚོད་ལ། །ཕན་པའི་གཏེར་ཁ་མང་སྦས་ཀྱང་། །སེམས་ཅན་བསོད་ནམས་ཟད་སྟབས་ཀྱིས། །རྟེན་འབྲེལ་འགྲིགས་པ་ཤིན་ཏུ་དཀའ། །འོན་ཀྱང་དེ་འདྲའི་དུས་ཚོད་ལ། །སྙིང་བོ་བཛྲ་གུ་རུ་འདི། །གནས་ཆེན་དང་ནི་དགོན་ཆེན་དང་། །རི་ཆེན་རྩེའམ་ཆུ་ཆེན་འགྲམ། །ལྷ་འདྲེའི་ཆོ་འཕྲུལ་ཆེ་ས་རུ། །སྔགས་པ་དམ་ཚིག་ལྡན་པ་དང་། །དགེ་འདུན་ཚུལ་ཁྲིམས་ལྡན་པ་དང་། །སྐྱེ་བོ་དད་པ་ལྡན་པ་དང་། །བུད་མེད་མཚན་ལྡན་ཐམས་ཅད་ཀྱིས། །སེམས་བསྐྱེད་བསམ་པ་བཟང་པོ་ཡིས། །བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས། ། བཏོན་པའི་ཕན་ཡོན་བསམ་མི་ཁྱབ། །ནད་དང་གདོན་དང་མཚོན་འཁྲུག་དང་། །ལོ་ཉེས་མུ་གེ་ཆོ་འཕྲུལ་ཞི། །ཆར་ཆུ་དུས་འབེབ་ཡུལ་ཕྱོགས་སུ། །བཀྲ་ཤིས་དགེ་ལེགས་འབྱུང་བར་འགྱུར། །འདི་དང་ཕྱི་མ་བར་དོ་རུ། །རབ་དངོས་འབྲིང་ཉམས་རྨི་ལམ་དུ། །ཨོ་རྒྱན་ཆེན་པོའི་ཞལ་མཐོང་ནས། །གསུང་དབྱངས་ཟབ་མོ་ཐོས་པར་འགྱུར། །ཕྱི་མར་རྔ་ཡབ་དཔལ་རི་རུ། །རིག་འཛིན་ཕོ་མོའི་ཚོགས་གྲལ་དུ། །ཆུད་ནས་གསང་སྔགས་ཉམས་བླངས་ཏེ། །ས་ལམ་རིམ་རྫོགས་སངས་རྒྱས་འགྱུར། །སྙིང་པོ་བཛྲ་གུ་རུ་འདི། །བརྒྱ་རེ་བཟླས་པ་མ་ཆག་ན། །གཞན་གྱི་ཡིད་དུ་འོང་བ་དང་། །ཟས་ནོར་ལོངས་སྤྱོད་འབད་མེད་འབྱུང་། །སྟོང་དང་ཁྲི་སོགས་བཟླས་བྱས་ན། །གཞན་སྣང་ཟིལ་གྱིས་གནོན་པ་དང་། །བྱིན་རླབས་ནུས་པ་ཐོགས་པ་མེད། ། འབུམ་དང་བྱེ་བ་སོགས་བཟླས་ན། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །ལྷ་འདྲེ་མ་ལུས་བྲན་དུ་འཁོལ། །འཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ། །རང་གི་ཡིད་ལ་གང་བསམ་བཞིན། །སེམས་ཅན་འགྲོ་དོན་དཔག་མེད་འབྱུང་། །བྱེ་བ་གསུམ་མམ་བདུན་བཟླས་ན། །སངས་རྒྱས་རྣམས་དང་འབྲལ་མེད་ཅིང་། །ཨོ་རྒྱན་རྗེ་དང་དབྱེར་མེད་པར། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཅི་བཅོལ་ལས་རྣམས་ཐམས་ཅད་གྲུབ། །རབ་རྣམས་ཚེ་འདིར་འཇའ་ལུས་འགྲུབ། །འབྲིང་གིས་འཆི་བ་འོད་གསལ་ཟིན། །ཐ་མ་སྲིད་པ་བར་དོར་གྲོལ། །གཞན་ཡང་བཛྲ་གུ་རུ་ལ། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞི། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་གཏེར་བདག་བཅས། །སྲོག་སྙིང་མ་ལུས་འདི་ལ་ཚང་། །ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས། །བཛྲ་རྡོ་རྗེ་རིགས་ཀྱི་སྲོག །གུ་རུ་རིན་ཆེན་རིགས་ཀྱི་སྲོག །པདྨ་པདྨ་རིགས་ཀྱི་སྲོག །སིདྡྷི་ལས་ཀྱི་རིགས་ཀྱི་སྲོག །ཧཱུྃ་ནི་བདེ་གཤེགས་རིགས་ཀྱི་སྲོག །ཨོཾ་ནི་རིགས་ལྔ་ལོངས་སྤྱོད་རྫོགས། །ཨཱཿནི་ཆོས་སྐུ་མི་འགྱུར་བ། །ཧཱུྃ་ནི་སྤྲུལ་སྐུ་གུ་རུ་དྲུག །བཛྲ་ཁྲག་འཐུང་ལྷ་ཚོགས་རྫོགས། །གུ་རུ་རིག་འཛིན་ལྷ་ཚོགས་རྫོགས།…

  • February 2020

    གཙང་སྦྲར་འབོད།ཨེ་མ་ཧོ།།ཕྱི་རོལ་འགྲོ་ཚེ་ཁ་གཡོར་ལེགས་པོར་གྱོན།།ནང་འཁོར་ཡོང་ཚེ་རྐང་ལག་ཡག་པོར་ཁྲུས།།གསང་དོན་རྩ་གསུམ་བསྙེན་སྒྲུབ་རྟག་འབད་ན།།ནད་གདོན་བགེགས་ལས་རྒྱལ་བའི་རྟེན་འབྲེལ་ཡོད།།ཀུན་སློང་མི་རྟག་སྒོམ་ནས་ངེས་འབྱུང་སྣོན་མ་དང་།།ཀུན་ལ་བསམས་ནས་སྙིང་རྗེ་བྱང་སེམས་བསྐྱེད།།ཀུན་ལ་དག་སྣང་སྣང་གྲགས་རིག་པའི་ངང་།།ཀུན་བཟང་སྤྱོད་པར་དྲན་ཤེས་བག་ཡོད་མཛོད།།དྲན་པས་སྐྱེ་རྒ་ན་འཆི་གདུང་བར་སོམས།།ཤེས་བཞིན་རང་བཞན་སྲུང་སྐྱོབས་བྱ་རར་གྱིས།།བག་ཡོད་བདུད་རྩིས་གནས་ལ་དགྱེས་བཞིན་འཇུག།བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག།ལུས་ལ་ན་ཚ་དབེན་པའི་བཀྲ་ཤིས་ཤིང་།།ངག་ལ་དབུགས་རྒྱུ་རང་བཞིན་བདེ་ལེགས་ཏེ།།སེམས་ཉིད་ཏིང་འཛིན་ཕུན་སུམ་ཚོགས་པའི་ངང་།།གང་བསམ་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག།ཅེས་རབ་གནས་ས་ཕག་རྒྱལ་ཟླའི་དཀར་ཕྱོགས་དགའ་བ་གསུམ་པར་རིག་འཛིན་ཨེ་མ་ཧོས་སེངྒྷ་གླིང་ཛྙཱ་ཡན་ཚོང་ཁང་ནས་བགྱིས་པར་དགེའོ།།

  • February 2020

    གཙང་སྦྲར་འབོད།ཨེ་མ་ཧོ།།ཕྱི་རོལ་འགྲོ་ཚེ་ཁ་གཡོར་ལེགས་པོར་གྱོན།།ནང་འཁོར་ཡོང་ཚེ་རྐང་ལག་ཡག་པོར་ཁྲུས།།གསང་དོན་རྩ་གསུམ་བསྙེན་སྒྲུབ་རྟག་འབད་ན།།ནད་གདོན་བགེགས་ལས་རྒྱལ་བའི་རྟེན་འབྲེལ་ཡོད།།ཀུན་སློང་མི་རྟག་སྒོམ་ནས་ངེས་འབྱུང་སྣོན་མ་དང་།།ཀུན་ལ་བསམས་ནས་སྙིང་རྗེ་བྱང་སེམས་བསྐྱེད།།ཀུན་ལ་དག་སྣང་སྣང་གྲགས་རིག་པའི་ངང་།།ཀུན་བཟང་སྤྱོད་པར་དྲན་ཤེས་བག་ཡོད་མཛོད།།དྲན་པས་སྐྱེ་རྒ་ན་འཆི་གདུང་བར་སོམས།།ཤེས་བཞིན་རང་བཞན་སྲུང་སྐྱོབས་བྱ་རར་གྱིས།།བག་ཡོད་བདུད་རྩིས་གནས་ལ་དགྱེས་བཞིན་འཇུག།བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག།ལུས་ལ་ན་ཚ་དབེན་པའི་བཀྲ་ཤིས་ཤིང་།།ངག་ལ་དབུགས་རྒྱུ་རང་བཞིན་བདེ་ལེགས་ཏེ།།སེམས་ཉིད་ཏིང་འཛིན་ཕུན་སུམ་ཚོགས་པའི་ངང་།།གང་བསམ་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག།ཅེས་རབ་གནས་ས་ཕག་རྒྱལ་ཟླའི་དཀར་ཕྱོགས་དགའ་བ་གསུམ་པར་རིག་འཛིན་ཨེ་མ་ཧོས་སེངྒྷ་གླིང་ཛྙཱ་ཡན་ཚོང་ཁང་ནས་བགྱིས་པར་དགེའོ།།

  • February 2020

    ༧སྐྱབས་རྗེ་ཉག་རོང་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་རྒྱལ།།ན་མོ་གུ་རུ་པུནྱེ་ས་ར་ཡེ།།བསོད༵་ནམས༵་ཡེ་ཤེས་རྒྱ༵་མཚོ༵འི་བཀྲ་ཤིས་གང་།།ཞིང་འདིར་བསམ་ཡས་ལྷུན་གྲུབ་བདེ་ལེགས་དཔལ།།དགྱེས་དགུར་སྤྱོད་པའི་ཕུན་སུམ་ཚོགས་པར་ཉིད།།རྡོ་རྗེ་ཆོས་བདུན་ངོ་བོར་འཚོ་བཞེས་གསོལ།།མ་ལུས་འགྲོ་ལ་དགོངས་པའི་ཐུགས་དམ་ཅན།།ཆོས་རྗེ་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས།།ཐེ་ཝན་སྔ་འགྱུར་བསམ་ཡས་གསར་བསྐྲུན་པའི།།རིག་འཛིན་ཧཱུཾ་གྲུབ་དཔའ་བོ་ཞབས་བརྟན་ཤོག།བཤད་པའི་ཟླ་བ་ཡར་ངོའི་ཟླ་བཞིན་འཕེལ།།སྒྲུབ་པའི་ཉི་མ་རྫོགས་ཆེན་སྣང་བ་བརྟས།།ཕྲིན་ལས་ཡིད་བཞིན་ནོར་བུས་ས་གསུམ་ཁྱབ།།སྔ་འགྱུར་བསྟན་པའི་རྒྱལ་མཚན་བརྟན་གྱུར་ཅིག།ཅེས་པ་འདི་ཡང་རྨི་ལམ་དང་མངོན་སུམ་གྱི་ཉམས་སྣང་དང་ཆོས་མཆེད་དམ་པ་ཉིད་ལ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་སྐུ་གསུམ་རྒྱལ་བའི་ཕོ་བྲང་བས་སྨོན་པར་དགེའོ།། སྤྱི་ལོ༢༠༢༠ ཟླ་བ༢ ཚེས ༨ ལ།།

  • February 2020

    བརྡ་ཡིག་འགྱོད་མེད་ཀུན་ཏུ་བཟང་པོའི་ནོར་བུ།ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།༡༽ཁྱབ་བརྡལ་བསིལ་རླུང་དགུན་ལས་གྲང་བའི་དུས།།སྙིགས་ལྔའི་མུན་ལ་ཉེར་དགུའི་དགུན་གཞུང་ལ།།འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འོད་ཀྱིས་གསལ།།སེམས་ཀྱི་རབ་གསལ་ཟླ་བ་དགུང་དང་མཉམས།།༢༽ཁྲི་ཆེན་རྡོ་རྗེ་འཆང་དབང་གཟིམས་མལ་བདེ།།གྲུབ་དབང་ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྒྲིངས།།འཁྲུལ་ཞིག་བྱང་གཏེར་བ་དན་ནུབ་ཏུ་བསྐྱོད།།སྣང་ཆུང་གཡུ་སྟག་མེ་ཏོག་སད་ཀྱིས་བཅོམས།།༣༽ལྭ་དཀར་སྔགས་འཆང་ཞྭ་སེར་ཁོ་ནར་ཆགས།།ཞྭ་ལྷམ་རབ་འབྱམས་ཚོགས་མང་ནུས་པར་གསུངས།།རྨི་ལམ་དབང་ཕྱུག་དཀྱིལ་འཁོར་དཔལ་དུ་དགྱེས།།རྟེན་འབྲེལ་སྣང་བ་མི་མངོན་དབྱིངས་སུ་གཟིམས།།༤༽འོད་གསལ་སྣང་བ་འགྱུར་མེད་སེངྒེའི་སྒྲ།།གཅན་གཟན་རི་དྭགས་མགོན་དུ་མཛའ་ན་ཡང་།།ལྷོ་མོན་ཁྲུང་ཁྲུང་སྒྱུ་འཕྲུལ་རོལ་མོའི་གར།།རྔ་དུང་གླིང་བུའི་སྙན་པར་དྲུང་དུ་འཁོར།།༥༽གནམ་ལྕགས་ཆོས་རྒྱལ་གསང་ཆེན་ཕུག་ཏུ་སྦས།།འབྱུང་འགྱུར་རིག་འཛིན་རྒྱུད་པའི་གསེར་ཁྲི་སྟོང་།།རྨ་བྱ་ནེའུ་ཙོའི་འུར་ཟིངས་མངོན་པར་རྣམས།།ཁྱུང་དཀར་ན་གའི་འཚོ་གནས་དབེན་དང་མཚུངས།།༦༽དབང་ཕྱོགས་རི་ནས་རྟ་བདུན་རྒྱ་མཚོར་གཡེངས།།གསང་ཆེན་འོད་སྣང་ཕར་ཕར་ཡལ་བའི་ཚེ།།གྲིབ་ནག་ཡོར་བ་ཚུར་ཚུར་ཉེ་བའི་དུས།།ས་མཐའི་འཁྱར་པོའི་སྙིང་རྩའི་ཁྲག་རླུང་འཕར།།༧༽དད་གུས་དུང་སེམས་འོ་མའི་རྒྱ་མཚོ་ལ།།རྦ་རླབས་འགྱུར་ལྡོག་སྟོང་གིས་མ་གཡོས་ཀྱང་།།སྙིང་དམར་སྟེང་འོག་རྗེས་འདྲའི་སྤྱི་མཚན་ངང་།།རྟེན་འབྲེལ་ཉམས་པའི་ལས་དབང་ཀྱེ་མ་ཧུད།།༨༽གླིང་བུ་སྙན་མོས་ཡིད་ཕམ་གཞི་ནས་སློང་།།རམ་ནག་མེ་ཏོག་འཐོར་བའི་ན་ཐང་ན།།ཅང་ཤེས་རྒྱུགས་རྟའི་བང་ཁ་གཤིབ་འདི་མཚར།།འགྲན་རྩོད་སྣང་ཤེས་སྐྱོ་མགུར་རྣ་བར་གཟན།།༩༽ལྷོ་ནུབ་ཙན་དན་ནགས་སྟུག་ཚང་ཚིང་དབུས།།ཕོ་རྒོད་སྟག་དམར་ཡག་གི་འཚོ་གནས་སྐྱིད།།སྔ་འབངས་འཇོན་པོ་ཡོད་སའི་ཡུལ་ལུང་ནང་།།ཕོ་གཞོན་ལང་གཅིན་མཛད་པའི་རྣམ་ཐར་ཤར།།༡༠༽གངས་སེང་འདམ་ལ་ཚུད་པའི་སྐྱོ་གར་ངང་།།ཁྱུང་ཆེན་སྒྲོ་མཇུག་རལ་བའི་གནམ་དཀྱིལ་ནས།།གཡུ་འབྲུག་ལག་གི་ནོར་བུ་རྒྱ་མཚོར་ལྷུང་།།སྤྲིན་ནག་མོད་པའི་ཉི་མའི་འོད་མི་གསལ།།༡༡༽སེམས་ཁམས་རྨོངས་དད་མེད་པའི་ཡུལ་ལུང་ནང་།།དག་པའི་སྲོལ་རྒྱུན་འཛིན་པ་ཤིན་ཏུ་གལ།།ལྟ་བ་ནམ་མཁའི་དབྱིངས་ལས་མཐོ་ན་ཡང་།།ལས་འབྲས་བསླུ་མེད་འབད་པར་ཤིན་ཏུ་གནད།།༡༢༽རྨི་ལམ་བདེན་འཛིན་ལུང་བསྟན་མངོན་སུམ་ལས།།བསྟན་ལ་ཤ་ཞེན་ཆེ་བའི་ལྷག་བསམ་ངང་།།མི་ཆོས་བླ་མའི་བདེན་གཏམ་བརྡ་རུ་བསྟན།།ལྟ་སྤྱོད་ཡ་མ་བྲལ་ན་ཐུགས་དམ་མཛོད།།༡༣༽བསྟན་དོན་བདག་གིར་བཞེས་པའི་རྟུལ་ཞུགས་བཅས།།དམ་ཆོས་རྒྱུན་མི་ཆད་པའི་འཁོར་ལོ་བསྐོར།།ཆོས་རྗེ་ཡིད་བཞིན་ནོར་བུ་ཇི་བཞིན་དུ།།ཉིད་ལས་བསྟན་འགྲོར་གཅེས་པར་མཛད་དུ་གསོལ།།རྨི་ལམ་དབང་ཕྱུག་གིས་སྔ་འགྱུར་རིག་འཛིན་ཡོངས་ལ་བརྡ་རུ་སྤྲིངས་པར་དགེའོ།། སྤྱི་ལོ་༢༠༢༠ ཟླ་བ༢ ཚེས་༤ ལ།།

  • February 2020

    ༧ཀུན་མཁྱེན་བླ་མ་བོད་ལ་བཀའ་དྲིན་ཆེ།།ན་མོ་མ་ཧཱ་གུ་རུ་ཤི་ལ་མ་ཏི་ཡེ།།༼༡༽མིག་དང་བྲལ་བའི་གངས་གཞོན་ཕོ་མོ་རྣམས།།གཡང་སར་ཁྲིད་མཁས་ཏང་དང་ཞོགས་ཚ་ལས།།ཐུགས་རྗེས་སྐྱབས་མཁས་ཀུན་མཁྱེན་བླ་མ་ཡིས།།ལྟ་བའི་སྤྱན་གཉིས་གནང་བར་བཀའ་དྲིན་ཆེ།།༼༢༽ཕྱི་རོལ་མུ་སྟེགས་རིགས་པ་ནང་ལ་སྐོར།།དུག་གསུམ་འཁོར་ལོ་བསྐོར་བའི་བློ་ཆུང་ལ།།ཆོས་ཚན་ཟུང་དུ་འཇུག་པའི་བཀའ་སློབ་གནང་།།བདེན་ཚིག་མགོ་རྣ་སྦྱིན་པའི་བཀའ་དྲིན་ཆེ།།༼༣༽གདོད་མའི་བོད་ཀྱི་སྐད་ཡིད་སྲོག་རྩ་ཉིད།།སྣུམ་ཟད་མར་མེ་ལྟ་བུའི་བར་མཚམས་ནས།།ངེས་དོན་ཡིད་ཀྱི་སྒྲོན་མེ་སྦར་བའི་མགོན།།ཀུན་མཁྱེན་བླ་མ་བོད་ལ་བཀའ་དྲིན་ཆེ།།༼༤༽འབྲོག་པས་ཕྱུགས་དོར་ཞིང་བས་ས་སྟོང་ཚེ།།ཅོལ་ཆུང་སྤྲེལ་ཕྲུག་ཐུགས་རྗེས་མ་བོར་ནས།།དགེ་བཅུའི་ཁྲིམས་བཟང་མཛེས་པའི་ཆོས་ལྡན་བོད།།རྨོངས་པའི་གཉིད་རྟོག་བསལ་བའི་བཀའ་དྲིན་ཆེ།།༼༥༽སེམས་ཅན་ཡོངས་ལ་དགོངས་པའི་སངས་རྒྱས་དངོས།།གངས་ཅན་བོད་འབངས་སྐྱོང་པའི་སེམས་དཔའ་ཆེ།།ཆོས་ལུགས་ཕྱོགས་ཞེན་མེད་པའི་དྲང་སྲོང་ཉིད།།བསླུ་མེད་གྲོགས་མཆོག་དམ་པ་བཀའ་དྲིན་ཆེ།།༼༦༽བླ་བརྒྱུད་དོར་ནས་ཏང་སྲིད་བསྟོད་མྱོང་མེད།།ཕ་མེས་བཙོང་སྟེ་སྒེར་སྤྱོད་བྱེད་མྱོང་མེད།།ནང་ཁུལ་དཀྲུག་པའི་ཁྲེལ་མེད་མཛད་མྱོང་མེད།།མཐུན་ལམ་སྟོན་པའི་ཀུན་མཁྱེན་བཀའ་དྲིན་ཆེ།།༼༧༽སྙིང་རྗེས་འདྲེན་པའི་དཀར་ཟས་ཤིང་རྟའི་སྲོལ།།ཤེས་རབ་རྩལ་དྲུག་འཛོམས་པའི་ཀུན་མཁྱེན་ཉིད།།བསམ་བཞིན་འཛམ་གླིང་ཞི་བདེའི་དེད་དཔོན་རུ།།བྱོན་པ་འདི་ཀོ་མཁན་ཆེན་བཀའ་དྲིན་ཆེ།།༼༨༽མདོ་དབུས་ཁམས་ཀྱི་བུད་མེད་སྤྱི་ནད་དང་།།ཨེ་ཙིའི་ནད་ལས་སྐྱོབ་མཁས་སྨན་གྱི་བླ།།ཝུའུ་ཧན་ཏོག་དབྱིབས་ནད་སེལ་རྟེན་འབྲེལ་མཛད།།བཀའ་དྲིན་གཞལ་མེད་ཚུལ་ཁྲིམས་བློ་གྲོས་རྒྱལ།།ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ངོའི་བཟང་པོ་གཉིས་པར་རྔ་ཡུལ་གསོན་བསྲེག་གླིང་ནས་ཡིན་པའི་ལུས་ངག་སེམས་པ་དུག་ཚེར་ཏུ་སོང་བའི་སོལ་བ་ནག་པོ་དེ་ལ་གང་ཤར་དུ་སེ་ཁྱུང་དབྲ་རིགས་སུ་གཏོགས་པའི་ཤྲཱིཿཨེ་མ་ཧོས་བདེན་པའི་རང་བཞིན་གྱི་༧ཀུན་མཁྱེན་བླ་མའི་རང་གཤིས་ཀྱི་བཀའ་དྲིན་ལ་དེ་མ་ཐད་ཏུ་ཆེད་དུ་བརྗོད་པའོ།།