• November 2019

    ཐེག་པ་ཆེན་པོ་ལས་ཤ་བཀག་པའི་ཚུལ་ལ་དཔྱད་པ་མཛད་! ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པས་སྡོམ་གསུམ་རབ་དབྱེའི་འགྲེལ་བ་གསུང་རབ་དགོངས་གསལ་ལས། ཐེག་པ་ཆེན་པོ་ལས་ཤ་བཀག་པའི་ཚུལ་ལ་དཔྱད་པ་མཛད་པ་བཞུགས་སོ།། གསུམ་པ་ཐེག་པ་ཆེ་ཆུང་གནང་བཀག་ཐ་དད་པར་བསྟན་པ་ནི།ཉན་ཐོས་རྣམ་གསུམ་ཞེས་སོགས་ལྔ་སྟེ། འདི་ལ་ཉན་ཐོས་ལ་རྣམ་གསུམ་དག་པའི་ཤ་གནང་ཚུལ།ཐེག་པ་ཆེན་པོ་ལས་ཤ་ཐམས་ཅད་བཀག་ཚུལ།དེ་དག་གི་དགོངས་པ་དཔྱད་པ།གཞུང་གི་འབྲུ་གཉེར་བས་སྐབས་ཀྱི་དོན་ལ་སྦྱར་བ་དང་བཞི་ལས། དང་པོ་ནི་འདུལ་བ་ལུང་སྨན་གྱི་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པ་མངོན་སུམ་དུ་མཐོང་བ་དང་། ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ་ཞེས་ཐོས་པ་དང་། རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ༷་གསུ༷མ་ལ༷ས།{གསུམ་ལས}། འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པའོ། །ཞེས་དངོས་སུ་རྣམ་གསུམ་མ་དག་པའི་ཤ་བཀག་ཅིང་། ཤུགས་ལ་རྣམ་གསུམ་དག་པའི་ཤ་གནང་བ་དང་། ཡང་ལུང་ལས། ཡ་རབས་རྣམས་ལ་གནང་བའི་ཉ་དང་། ཤ་ལ་སོགས་པ་ལྷུང་ཟེད་དུ་འོངས་པ་དག་ལ་མི་ཤ་ལ་སོགས་པ་མ་ཡིན་ནམ་སྙམ་དུ་བརྟགས་ཏེ། མ་ཡིན་ན་བཟའོ་ཞེས་དང་། རྟོག་གེ་འབར་བ་ལས། ཉན་ཐོས་ཐེག་པའི་གཞུང་ལས་ནི། །རྣམ་གསུམ་དག་པའི་ཤ་གང་དག །ཟོས་ཀྱང་སྡིག་པར་མི་འགྱུར་ཏེ། །དྭངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །ཞེས་གསུངས་སོ། ། གཉིས་པ་ནི་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལ་ཡང་། ཁྱིམ་བདུན་པོའི་ནང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་མ་འོངས་པར་བརྟེན་ན་མི་ཤ་ཟ་བའི་མཁའ་འགྲོ་དང་། མཁའ་འགྲོ་མ་མ་རུངས་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་བརྗེས་ནས་ཀྱང་ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། འཕར་བ་དང་། བྱི་ལ་དང་། ཝ་དང་། འུག་པ་དང་། ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་འབུ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན་བསྙེན་པ་རྣམས་ལྟ་སྨོས་ཀྱང་སྐྱེ༷་མོ༷ད།{ཅི་དགོས}། ཕྱིར་མི་ལྡོག་པས་ན་ཡོན་ཏན་ཤིན་ཏུ་མང་ན་བློ་གྲོས་ཆེན་པོ༷་རྣམས་ཀྱིས་ཡོན་ཏན་དང་ཉེས་པ་འདི་དག་དང་གཞན་ཡང་ཁོང་དུ་མི་ཆུད་ཞེས་རྒྱས་པར་གསུངས་ཤིང་། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱང་སྨད་པ་ལས། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་དང་། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པ་སྟེ། །ཟ་པོ་ཤ་ལ་སྲེད་པ་དག ། བསྐལ་པ་བྱེ་བར་འཚེད་པ་ཡིན། །ཞེས་དང་། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱིས་ནས་ངུ་འབོད་འགྲོ་བ་ཡིན། །ཞེས་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཤ་ཆང་ཀེའུ་བཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ཎ། །འབྱུང་པོའི་ཟས་དང་ ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་གསུངས་སོ། ། གསུམ་པ་ནི་འདུལ་བའི་དངོས་བསྟན་ལ། ཉན་ཐོས་རྣམ་གསུམ་དག་པའི་ཤ་གནང་བར་གསུངས་པ་དེ་དག་དྲང་དོན་ཡིན་ནམ་ངེས་དོན་ཡིན་སྙམ་ན། སློབ་དཔོན་ཡོན་ཤཱཀ་གཉིས་ཀྱིས་ནི་དངོས་བསྟན་སྒྲ་ཇི་བཞིན་དུ་འགྲེལ་ཏེ། མདོ་རྩར། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ། །སྟག་གི་གོད་མ་མི་ཟའོ། །གླང་པོ་ཆེ་དང་། རྟ་དང་། ཀླུ་རྣམས་ཀྱི་མི་ཟའོ། །ཞེས་དང་། ཤའི་བྱིན་ལེན་སྟོབ་པ་ལ། བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དུ་མ་ཉིད་ན་དང་པོས་སོ། །ཉམས་ན་འོག་མས་སོ་ཞེས་དང་། སུམ་བརྒྱ་པ་ལས། ཡ་རབས་རྣམས་ལ་ཉ་དང་ཤ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་ནི་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །ཞེས་གནང་བའི་ཤ་བཟའ་བར་གསུངས་ལ། དེ་ཡང་རྣམ་གསུམ་དག་པའི་ཤའོ།…

  • November 2019

    མཁའ་འགྲོ་མ་ཚེ་རིང་དབང་མོའི་ཞབས་བརྟན་རིན་ཆེན་མེ་ཏོག།ཨེ་མ་ཧོ།།ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་རྣམ་རྒྱལ་མ།།ཡུམ་ཆེན་ཤེར་ཕྱིན་ཀུན་བཟང་ཚེ༵་རིང༵་མ།།པདྨ་གར་གྱི་དབང༵་མོ༵འི་བཞེད་དོན་ཀུན།།གང་བསམ་ལྷུན་གྲུབ་བསྟན་འགྲོའི་དཔལ་དུ་ཤོག།རྣམ་སྨིན་རིག་འཛིན་སྲིད་པའི་ཟློས་གར་ངོམས། །ཚེ་དབང་རིག་འཛིན་རྟག་བརྟན་འཚོ་བཞེས་སྐུ།།ཕྱག་ཆེན་རིག་འཛིན་ལྷན་སྐྱེས་བདེ་སྐྱོང་གསུང་།།ལྷུན་གྲུབ་རིག་འཛིན་དེ་ཉིད་མཐར་ཕྱིན་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་ལྷ་བབས་ཟླ་བའི་དུས་ཚེས་དགེ་བར་བསོ་རྒྱལ་རིན་པོ་ཆེའི་མ་ཡུམ་ཚེ་རིང་དབང་མོ་མཇལ་བའི་མོད་ལ་གང་ཤར་གསོལ་འདེབས་སུ་རིག་འཛིན་ཨེ་མ་ཧོས་ལས་རབ་གླིང་གི་མ་ཡུམ་གཟིམས་ཁང་ནས་སྙིང་ནས་སྨོན་པར་དགེའོ།། །།Mayum Tsering Wangmo (Tib. མ་ཡུམ་ཚེ་རིང་དབང་མོ་), also known as Tselu, is the mother of Sogyal Rinpoche and Dzogchen Rinpoche. She is renowned as a great dakini and an emanation of Ushnishavijaya. She is the sister of Khandro Tsering Chödrön. She was born in 1925 as the daughter of Dechen Tso, the princess of Ling, and Sonam Tobgyal of the Lakar family, an emanation of the protective deity Gönpo Tsokdak.༄༅། མཁའ་འགྲོ་མའི་གསོལ་འདེབས་བར་ཆད་ཀུན་སེལ། ། ཨེ་མ་ཧོ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཉིད། །མ་གཅིག་ཡུམ་ཆེན་ཤེར་ཕྱིན་ཀུན་བཟང་མོར། །གསོལ་བ་འདེབས་སོ་ཆོས་ཅན་དོན་རྟོགས་ནས། །ཆོས་དབྱིངས་མཉམ་ཉིད་ངང་དུ་བྱིན་གྱིས་རློབས། །མཁའ་ཁྱབ་ཞིང་གི་ལོངས་སྤྱོད་རྫོགས་སྐུ་ཡི། །རྒྱལ་ཡུམ་རིགས་ལྔར་མཁའ་འགྲོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བཀའ་གཏེར་དག་སྣང་དོན། །ཟབ་རྒྱས་སྨིན་གྲོལ་བསྟན་པར་བྱིན་གྱིས་རློབས། །མི་མཇེད་འཇིག་རྟེན་ཁམས་གྱི་ཞིང་ཁམས་སུ། །ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་མཛད་མར། །གསོལ་བ་འདེབས་སོ་དོན་གཉིས་མཐར་ཕྱིན་ནས། །ལས་ཉོན་བག་ཆགས་དག་པར་བྱིན་གྱིས་རློབས། །སྔོན་བྱོན་ཕྱོགས་བཅུའི་སངས་རྒྱས་མཁའ་འགྲོ་དང་། །ཕྱིས་འབྱོན་སྐུ་གསུམ་མཁའ་འགྲོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ ། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་རྣམ་དག་མ་མོ་མཁའ་འགྲོ་ལ། །སྣང་སྲིད་གཞིར་གཞེངས་མཆོད་པ་འདི་འབུལ་བས། །ཁམས་གསུམ་ཡོངས་གྲོལ་ཆོས་ཉིད་དོན་རྟོགས་ནས། །བསྟན་འགྲོར་ཕན་བདེ་འབྱུང་བར་བྱིན་གྱིས་རློབས།…

  • November 2019

    དཀར་ཟས་ཀྱི་བདེ་སྐྱིད་མི་ཚེའི་ལང་ཚོ།རྒྱལ་སྤྱིའི་དཀར་ཟས་ཉིན་མོའམ་དུས་ཆེན་འདི་ནི་༡༩༨༦ལོར་ཐོག་མར་རྒྱ་གར་ནས་དར་བའི་དུས་ཆེན་ཞིག་ཡིན་ལ།ཐོག་མར་༼འཛམ་གླིང་དམར་མེད་ཉིན་མོ་༽ཞེས་འབོད། ལོ་རེའི་སྤྱི་ཟླ་༡༡ཚེས་༢༥་ལ་གཏན་ཁེལ་གནང་འདུག་ཅིང་། རིམ་བཞིན་དར་ནས་འཛམ་གླིང་རང་བཞིན་ཅན་གྱི་དུས་ཆེན་ཞིག་ཏུ་གྱུར་ལ། ཉིན་འདིར་འཛམ་གླིང་གི་ས་ཁུལ་སོ་སོའི་བཤས་ར་མང་པོས་གསོད་མཚམས་འཇོག་ཅིང་། ཟ་ཁང་དང་སྨན་ཁང་། བཙོན་ཁང་སོགས་ཀྱིས་ཀྱང་དཀར་ཟས་འབའ་ཞིག་འདོན་སྤྲོད་བྱེད། ལོ་དེར་མི་གྲངས་ས་ཡ་དགུ་དང་ལྔ་འབུམ་ལ་འགུལ་སྐྱོད་འདི་དང་ལེན་བྱེད་དུ་བཅུགས་སོ།།མི་རྣམས་ཀྱིས་དཀར་ཟས་ཀྱི་བྱེད་སྟངས་སྤྱད་ནས་འཚེ་བའི་རྣམ་པ་མཐའ་དག་སྤང་བའི་རེ་བ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱིས་ཚེ་སྲོག་ལ་གཅེས་སྐྱོང་དང་གདུང་སེམས་མཉམ་སྐྱེད་བྱེད་པའི་འབོད་སྐུལ་གནང་བར་ཡོད་ལ། དུས་མཚུངས་སུ་བདེ་ཐང་གི་བཟའ་བཏུང་གོམས་པར་གསོ་སྐྱོང་བྱེད་པར་མཆིས་སོ།།དཀར་ཟས་ཀྱི་བདེ་སྐྱིད་མི་ཚེའི་ལང་ཚོ། རྙིང་བན་ཤྲཱིཿསྨྱོན།ཨེ་མ་ཧོ།ན་མོ་གུ་རུ་བྷོ་དྷི་ས་ཏྭ་ཡེ། ཀ་ར་ཀུ་ཤུ་ཀེ་ལ་བུ་རམ་དང་།།ཁ་དོག་སྣ་ཚོགས་རོ་བཅུད་ཕུན་ཚོགས་ཅན།།ག་བུར་གུར་གུམ་བཟང་དྲུག་སྨན་སྣ་རིགས།།ང་ཚོས་དཀར་ཟས་བདུད་རྩི་མཉམ་དུ་རོལ།། ཅ་ལེ་ཅོ་ལེའི་དམར་ཟས་ཟ་བ་ལས།།ཆ་ཤས་ཀུན་གཙང་ཆུ་བཟང་བཏུང་ན་དགའ།།ཇ་རྩམ་ཟས་མཆོག་དབང་བའི་གངས་ཅན་པ།།ཉ་ཕག་སྒོང་ངའི་དྲི་ངན་རྡུལ་ཙམ་དབེན།། ཏ་ཐ་ག་ཏའི་བསྟན་པའི་སྒོར་ཞུགས་དང་།།ཐ་སྙད་རིག་པ་སྨྲ་བའི་མཁས་དབང་དང་།།ད་ལྟའི་དུས་རབས་མཚམས་པའི་ཁ་ཟས་ནི།།ན་ཚ་མི་སྐྱེད་དཀར་ཟས་ཁོ་ན་ལགས།། པ་སངས་ལྟར་དཀར་ལྷག་བསམ་གོང་འཕེལ་དང།།ཕ་མ་སེམས་ཅན་ཡོངས་ལ་ཕན་བདེའི་ཆེད།།བ་གླང་ལ་སོགས་དུད་འགྲོར་སྐྱབས་སྦྱིན་མཆོག།མ་ལུས་ཀུན་བཟང་དཀར་ཟས་མཆོག་ཏུ་བསྔགས།། ཙ་ར་ཆོད་པའི་བླ་སྨན་རྣམ་དག་དང་།།ཚ་གྲང་དཔྱོད་པའི་ཚན་རིག་རབ་འབྱམས་པས།།ཛ་དྲག་ནད་ངན་ཕལ་ཆེར་དམར་ཟས་ལས།།ཝ་ལེར་འབྱུང་བར་མངོན་རྗེས་རིགས་པས་བསྒྲུབས།། ཞལ་ཟས་རོ་བརྒྱ་ལྡན་པའི་དཀར་ཟས་ལ།།འ་ཅག་གངས་ཅན་ཚང་མས་མཉམ་རོལ་ན།།ཟ་མ་དངུལ་ལ་སྲེད་པའི་རྒྱ་འདྲེ་ལས།།ཡ་རབ་གངས་ཅན་ཆོས་ལྡན་ཁྱད་དུ་འཕགས།། ར་ལུག་རྟ་ནོར་ཁྱི་མི་རྔམས་ཤིང་།།ལ་ལུང་དཀར་ཟས་འཚོ་བའི་དཔལ་ལ་རོལ།།ཤ་ཁྲག་དམར་ཟས་ངན་པའི་རྒྱུན་ཆད་ནས།།ས་སྟེང་འགྲོ་བར་ཞི་བདེ་རྒྱན་དུ་མཛེས།། ཧ་ཅང་ཐལ་བའི་དམར་ཟས་ཡོངས་སྤོངས་ནས།།ཨ་མྲི་ཏ་ཡི་དཀར་ཟས་ལོངས་སུ་སྤྱོད།།གངས་ཅན་ཕྱི་ནང་མི་མཐུན་གཡུལ་ལས་རྒྱལ།།

  • November 2019

    ཉིན་འདི་དག་གི་རིང་ལ་རྒྱལ་བ་སྔ་འགྱུར་པའི་གདན་ས་ནུབ་ཕྱོགས་ཧྥ་རན་སའི་ལས་རབ་གླིང་དུ་བསོ་རྒྱལ་རིན་པོ་ཆེ་འདས་པའི་མྱ་ངན་དང་མ་ཡུམ་ལ་སྙུང་འདྲི་ཞིག་གིས་ཆེད་དུ་སོང་། ཁྱད་པར་ལས་གླིང་གསང་གསུམ་གྱི་བར་ཆད་གཡུལ་རྒྱལ་བའི་སྨོན་ལམ་དང་། གཏེར་ཆེན་ལས་རབ་གླིང་པའི་ཕྲིན་ལས་ཀུན་ཁྱབ་ཏུ་སྨོན་པ་དང་གསང་གསུམ་མནོལ་བའི་བསང་མཆོད་བཅས་རང་ནུས་གང་ཅོག་གིས་བྱས། ནམ་རྒྱུན་རང་ཡིན་ན་རང་སྣང་གང་ཤར་སྨྱོ་སྤྱོད་འཁན་དང་བྲག་རྩེ་ནས་ལྡིང་བ་དང་ཆུ་ལ་རྩེད་མཁས་པ་ཡིན་པ་དང་དག་སྣང་གི་གླུ་བྲོ་ལ་རྟག་ཏུ་དགའ་ཡང་། གནས་འདིར་ཕྱིན་པ་དང་སྔོན་སོང་ལོ་རྒྱུས་དང་ད་ལྟའི་གནས་བབས་ལ་བསམས་ན་དགའ་འོས་དམ་པའི་གདན་ས་ཀུན་བཟང་དག་པའི་ཞིང་ཁམས་ལ་མ་དག་གྲོགས་ངན་གྱིས་འགྲན་རྩོད་ལ་བསམས་ན་སྐྱོ་འོས་པ་ཅི་ལ་མིན། དེས་ན་རབ་ཏུ་གུས་ཞབས་དང་དགེ་སློང་སྡེ་སྣོད་འཛིན་པ་ཞིག་གིས་ཆ་སྤྱད་དུ་ཞི་དུལ་གྱིས་མིག་གཉའ་ཤིང་གང་ཙམ་དུ་ཕབས་ནས་འགྲོ་བ་དང་གྲོགས་སུ་དང་ལམ་འགྲོན་པ་འཕྲད་ན་ཚུར་ལན་མ་བྱས་བར་ཀྱེ་དང་ཀྭ་ཡེ་དང་ཝེ་དང་ཧ་ལོ་མ་ཟེར་ནས་ཤར་བསྐྱོད་བྱས། རང་བྱུང་རྡོ་ཕ་བོང་གི་ཁྲི་ཡ་མཚན་པ་ཞིག་འདུག འཇམ་དབྱངས་མཁྱེན་བརྩེ་དང་བསོ་རྒྱལ་རིན་པོ་ཆེ་བཞུགས་མྱོང་བ་དང་མཚམས་པ་བསྟན་པ་རྣམ་རྒྱལ་ནས་རྩ་ཆེན་པོ་བརྩི་འདུག་པས་ཞེ་ས་དང་གུས་བཀུར་ལས་བྲག་སྟེང་ལག་པས་ཐུག་ཙམ་ལས་གང་ཡང་བེད་སྤྱོད་དུ་མ་བྱས། ཚོགས་ཆེན་ལྷ་ཁང་དུ་སངས་རྒྱས་སྐུ་ཆེ་བ་གཅིག་དང་སངས་རྒྱས་སྐུ་བརྒྱ་ཕྲག་དང་གུ་རུ་སྐུ་ཆུང་གཉིས་དང་། དིལ་མགོ་མཁྱེན་བརྩེ་རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེའི་འདྲ་སྐུ་དངོས་བྱོན་མ་དང་། མཁའ་འགྲོ་ཚེ་རིང་ཆོས་སྒྲོན་དང་མ་ཡུམ་ཚེ་རིང་དབང་མོའི་སྐུ་པར་དང་། སྐུ་གསུམ་རྒྱལ་བའི་ཞིང་ཁམས་སོགས་བདེ་བར་མཇལ་བས་བདེ་འཚམས་བཅས་་་་་་་་་ཨེ་་མ་ཧོས་ས་གནས་དེ་ཉིད་ནས་་་་་་་

  • November 2019

    རེ་བ་མེད།།ཨེ་མ་ཧོ།།གནམ་གྱི་ཀ་བ་ལ་མཛུབ་མོ་མ་གཙུགས།།ས་གཞིའི་ཁང་བཟང་ལ་ཞེན་ཆགས་མ་སྐྱེས།།བར་སྣང་སེར་བུ་ཡིས་གནོད་པས་མ་ཚུགས།།གུས་བཀུར་ཁྲམ་པ་ལ་རེ་བ་མེད་དོ།།གསེར་ཁྲི་བརྫིག་པོ་ལ་འདྲ་པར་མ་བཤམས།།ཚེ་གྲོགས་རྒན་པོ་ལ་མགོ་བསྐོར་མ་བྱས།།བདེ་སྡུག་ཚོར་བ་ལ་རེ་དོགས་དབེན་ཕྱིར།།དབུལ་ཕྱུག་མཆོག་དམན་ལ་རེ་བ་མེད་དོ།།འཇིག་རྟེན་ཆོས་བརྒྱད་ལ་རེ་བཅོལ་མ་ཤོར།།བར་མ་རབ་བྱུང་གི་སྡོམ་རྒྱུན་མ་ཞུས།།ངོ་དགའ་ཁ་ཡག་གིས་མི་ཚེ་མ་ཐལ།།ཁ་མཆུ་ཐོབ་ཤོར་ལ་རེ་བ་མེད་དོ།།ཉམ་ཆུང་ནུས་མེད་ཁྱད་གསོད་མ་བྱས།།ཆེ་མཐོའི་རྒྱལ་པོ་ལ་བློ་རྩེ་མ་གཏད།།རང་ཚིགས་བདེན་དཔུང་གི་དྲང་ཚུགས་མ་ཤོར།།མཐོ་དམན་གཡང་ས་ལ་རེ་དྭོགས་མེད་དོ།།་་་་་་ཨེ་མ་ཧོས་་་་

  • November 2019

    ངོས་ནི་ནམ་རྒྱུན་ཡིན་ན་ཤར་ཕྱོགས་སུ་འགྲིམ་ལམ་སྐབས་སུ་སྦྱིན་བདག་དྲིན་ཆེན་དེ་ཚོས་དུས་ཚོད་དང་མགྱོགས་མྱུར་འཕྲུལ་བསྐྱོད་ཏག་ཏག་གནང་བ་ཡིན་ན་ཡང་། ད་རིས་ནི་དེ་ལས་ལྡོག་སྟེ་དེ་དག་ལས་དཀའ་ངལ་ཆེ་དྲག་གནམ་ཐང་དུ་ཆུ་ཚོད་གཅིག་ཙམ་གཉིད་ཁུག་པ་དང་། ནུབ་ཟས་མེད་པར་གནམ་གྲུ་དང་རླངས་འཁོར་ཚར་བཞི་ལྔ་བརྗེ་བོར་རྒྱབ་པ་དང་དུས་ཚོད་འགོར་བོ་བྱུང་ཡང་། བཟོད་པ་གོམས་ནས་ཨུ་ཚུགས་ཀྱིས་བདེ་འཚམས་ངང་གཏེར་ཆེན་བསོ་རྒྱལ་རིན་པོ་ཆེས་ཕྱག་བཏབས་པའི་ལས་རབ་གླིང་དུ་འབྱོར་ནས་ཨེ་ཝཾ་བདེ་ཆེན་ཞིང་སྒྲུབ་དང་ཚོགས་བསགས་ལ་འབད་འབུངས་སུ་གནས། ཁྱད་པར་རྒྱལ་བསྟན་སྤྱི་དང་སྔ་འགྱུར་བསྟན་པ་དང་ཡང་དགོས་གཏེར་ཆེན་ལས་རབ་གླིང་པའི་ཟབ་ཆོས་དར་རྒྱས་ཕུན་ཚོགས་དང་། འདས་པོ་དམ་པའི་ཐུགས་དགོངས་རྫོགས་པ་དང་མ་ཡུམ་བདེ་ཆེན་ཞིང་དུ་འདྲེན་པའི་སྨོན་ལམ་ཅི་ནུས་བྱེད་བཞིན་དུ་མཆིས་སོ། ། ཨེ་མ་ཧོས