• October 2019

    རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།

    རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།勝利道歌——天鼓妙音The Sound of the Divine Drum: Advice at a Time of Victoryསྙིང་འདབ་བརྒྱད་པདྨའི་ཟེའུ་འབྲུ་ལ། ། མགོན་རྒྱལ་ཀུན་ཡེ་ཤེས་གཅིག་འདུས་སྐུ། །怙主諸佛智慧身,文殊室利童子尊,nying dab gyé pemé zeudru la gön gyal kun yeshé chik dü kuEver-youthful and glorious Mañjuśrī, Embodiment of all the victorious buddhas’ wisdom,རྗེ་འཇམ་དཔལ་གཞོན་ནུ་རྟག་བཞུགས་ནས། ། གཏམ་སྨྲས་ཚད་འགྲོ་ལ་སྨན་པར་མཛོད། །恆住八瓣蓮蕊心,所言願利諸有情。jé jampal shyönnu tak shyuk né tam mé tsé dro la menpar dzöRemain forever upon the eight-petalled lotus in my heart, And make whatever I say a source of healing for all beings!ལམ་ཡང་ཟབ་འོད་གསལ་སྙིང་པོ་ཡི། ། ཚིག་ཐོས་པས་སྲིད་རྩ་ཧྲུལ་པོར་བྱེད། །甚深光明大圓滿,僅聞詞句斷有根,lam yang zab ösal nyingpo yi tsik töpé si tsa hrulpor chéSimply to hear the words of the essence of…

  • October 2019

    རང་ལུས་འདི་སྐུ་གསུམ་ཞིང་ཁམས།།

    རང་ལུས་འདི་སྐུ་གསུམ་ཞིང་ཁམས།།རང་རིག་འདི་སྟོང་གསལ་པད་འབྱུང་།།རང་བབ་འདི་བརྒྱུད་གསུམ་དགོངས་པ།།རང་གྲོལ་གྱི་གནད་འདི་ངོ་མཚར།།བཟའ་བ་རྣམས་དམ་རྫས་མྱོང་གྲོལ།།བཏུང་བ་འདི་བདུད་རྩི་ཀུན་སྨན།།གོས་རྒྱན་འདི་ལོངས་སྤྱོད་ཆ་ལུགས།།ཕྱི་ནང་འདི་ཡུམ་ལྔའི་ཞིང་ཁམས།།ནང་བཅུད་འདི་དཔའ་བོ་མཁའ་འགྲོ།།རྟོག་ཚོགས་འདི་ཞི་རྒྱས་དབང་དྲག།ལྷ་འདྲེ་ཀུན་གཉིས་མེད་སྤྲུལ་སྐུ།།སྒྲ་གྲགས་ཀུན་མི་ཤིག་རབ་སྙན།།འདི་བྱ་དང་འདི་བྱེདནི་བྲལ་བ།།གུ་ཡང་རིག་སྟོང་ནི་རྗེན་པ།།མཐའ་བྲལ་རྒྱུན་ཆད་ནི་མི་འདུག།གང་དྲན་མཁྱེན་སྤྲུལ་པས་སྨྲས་ཐལ།།

  • October 2019

    ཧོར་འདུལ་པར་རིས་ལྟས་ནས་གྲོང་ཚིག་འབྲི། ཆང་ཕོར་ནས

    ཧོར་འདུལ་པར་རིས་ལྟས་ནས་གྲོང་ཚིག་འབྲི། ཆང་ཕོར་ནས། མི་འདོད་བཙན་པོས་དཔུང་གིས་ཁྲིད་པའི་གླིང་དཀར་ན་ཆུང་འབྲུག་མོ་དེས།།ཉིན་མཚན་ཀུན་ལ་འཁྲེངས་སེམས་དམར་པོས་གེ་སར་ཡིད་ལ་སྒོམ་སྒོམ་ནས།།མིག་ཆུས་བྲིས་པའི་རྒྱང་འབོད་རིང་མོ་ཁྲུང་ཁྲུང་དཀར་མོ་སྤུན་གསུམ་སྐུར།།བྱང་ཡུལ་འཁྱམས་པའི་ཕོ་གསར་དེ་ལ་མྱུར་མྱུར་ཆས་པའི་འབོད་པ་སླེབས།། ལྷ་དང་མི་ཡི་ཐུགས་བརྒྱུད་སྐུར་བས་སེང་ཆེན་ཆོས་ཉིད་ཀློང་ནས་བཞེངས།།གཞིས་བཞུགས་གླིང་ལ་བཀའ་ཆབ་གནང་ནས་ཧོར་སེར་འདུལ་བའི་ལམ་དུ་ཆས།།ཐབ་དང་དཔུང་བས་སྒོ་སྲུང་བཅུ་གཉིས་མིང་མེད་ཐལ་བ་རླུང་ལ་ཕྱར།།ཞལ་དཀར་ཁྲ་ཡི་ལུས་དང་འཕྲད་ནས་ཤི་གསོན་བར་གྱི་གཏམ་གླེང་མཚར།། འཛོམ་པ་སྤུན་གསུམ་འཇང་གི་མོ་མ་ཧོར་ཆུ་ཁ་ཡི་བན་གོག་སོགས།།ངོ་མཚར་སྤྲུལ་བས་ཧོར་ཡུལ་གཡོས་ནས་དམུ་གབ་ནག་པོས་ཞྭ་མོས་གཡོག།ཐང་ཆེན་པདྨའི་སྒར་ཤུལ་དེ་ནས་ཐང་རྙེད་མགར་བའི་བུ་དོད་དེས།།ཤེད་ཆེན་འཆང་ལྷ་བླ་སྟག་དང་བཅས་མལ་ཉལ་རྨི་ལམ་བཞིན་དུ་བཅོམ།། གླིང་དམགས་འབོད་དུ་རྐྱང་རྒོད་གཏོང་བས་ཁྲ་མོ་དཔུང་གིས་རུ་དར་ངོམ།།རྒྱ་ཚ་ཕ་བུ་ལམ་ནས་མཇལ་བས་དགའ་སྐྱོ་སྟོང་གིས་ལེའུ་གཤམ།།ཧོར་གླིང་གཡུལ་གྱི་རྔ་ཆེན་རྡུང་བས་གུར་དཀར་སྙིང་ཤ་ཆུ་ལས་གྲངས།།ག་དར་ཕྱིང་སྔོན་ངར་བའི་ལམ་འབྲོག་ནག་དཔའ་བོ་ཐང་ལ་ཕབ།། ཡར་རྩེ་མཁར་ལ་ལྕག་ཐག་རྒྱང་ནས་ཧོར་ལྷ་ཁཱ་ཏ་ཚོགས་བཅས་འདུལ།།གུར་དཀར་གཉན་བསད་ཐེངས་དགུ་བྱས་ནས་སྐྱ་ཁྲ་དག་པའི་ཞིང་ལ་སྐྱེལ།།རུ་ཐང་བཅུ་གཉིས་གཤིས་ལ་ཕབ་པས་ཧོར་སེར་སྟོང་བའི་འཇག་སྐྱ་ཕྱུར།།སྟོབ་ཆེན་བྲག་ལ་རྒྱང་ཤིང་རྒྱབ་ནས་ཤན་རྒོད་དམར་པོ་ཁྱི་ལྟར་ཁྲིད།། འབྲུག་མོས་རེ་སྒུག་མངོན་འགྱུར་བྱུང་བས་ཕ་གཞིས་གླིང་དཀར་ལྷ་མི་མཇལ།།ཧོར་འདུལ་དཔའ་བོས་དགའ་སྟོན་དང་བཅས་མཐོང་སྨོན་གླིང་ལ་ཆིབ་ཁ་རྒྱུར།།གཞི་བྱེས་དགྱེས་འཛོམ་ཇ་ཆང་གཏམ་གླེང་སྲིད་པའི་བར་དུ་མི་མཛད་པའི།།ཧོར་འདུལ་སྟག་མོས་ངར་སྒྲ་དེ་ཡང་་ཞི་བའི་ནགས་སུ་མངོན་པར་མཛེས།།

  • October 2019

    གངས་ཅན་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་གུ་རུ་རིན་པོ་ཆེའི་ཐུགས་རྒྱུད་བསྐུལ་ཕྱིར་བཛྲ་གུ་རུའི་དགེ་སྐུལ། ཆོས་དབྱིངས། དེ་ཡང་གངས་ཅན་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་བཀའ་དྲིན་མཚུངས་མེད་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་རྒྱུད་བསྐུལ་ཏེ་བཛྲ་གུ་རུ་ཅི་ནུས་སུ་འདོན་རྒྱུ་དང་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་པ་དང་། ཁྱད་པར་དུ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་དར་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མ་ནས་ཡང་ནས་ཡང་དུ་གསུངས་པ་དཔེར་མཚོན་ཙམ་འགོད་ན། གཏེར་ཆེན་ལས་རབ་གླིང་པའི་རྒྱལ་ཁབ་སྤྱིའི་ལུང་བསྟན་ཐམས་ཅད་ཀྱི་ནང་དོན་མདོར་བསྡུས་ཏེ་གཏེར་སྟོན་ཉིད་ཀྱི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། རྒྱལ་ཁབ་སྤྱི་ལ་ཕན་ཐབས་གཉེན་པོ་ཡོད་པ་རྣམས་མདོར་བསྡུས་ཏེ་ཚང་བར་བྲིའོ། །རྒྱལ་ཁབ་ཀྱི་མི་བདེ་སྤྱིའི་གཉེན་པོ་བཛྲ་གུ་རུ་ཁོ་ན་གལ་ཆེ་ཚུལ་དང་།། ཞེས་སོགས་གསུངས་པ་དང་། བདུད་འཇོམ་ལུང་བསྟན་ལས། དཔལ་རྡོ་རྗེ་ཕུར་པ་མ་གཏོགས་པའི༔དུས་སྙིགས་མའི་བདུད་མགོ་གང་གིས་གནོན༔དཔལ་ཨོ་རྒྱན་ཆེན་པོ་མ་གཏོགས་པའི༔བོད་ཐུགས་རྗེས་སྐྱོང་མི་སུ་ཞིག་ཡོད༔ ཅེས་དང་། རྡོ་གྲུབ་ཆེན་གྱི་ལུང་བསྟན་ལས། སྡེ་མཆོག་དམན་ཀུན་བསམ་པ་སྤྱི་དྲིལ་གྱིས།།ལྷ་ཨོ་རྒྱན་གྱི་རྣམ་ཐར་གསུང་སྒྲོག་དང་།།ལེའུ་བདུན་མ་བཛྲ་གུ་རུ་སོགས༔གང་མང་དུ་འདོན་དང་། ཞེས་དང་། ཁྱད་པར་དུ་པདྨ་བཀའ་ཐང་དང་།།ལེའུ་བདུན་དང་བསམ་ལྷུན་གང་མང་སྒྲུབ།།སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་རྟེན།།ཅི་མང་དུ་བཞེངས་ན་ཕན་དང་བདེའི།།མངོན་རྟོགས་གཟུགས་མཐོང་ལ་ཐེ་ཚོམ་མེད།། ཅེས་དང་། ཅོག་སྟེང་མདོ་སྤྲུལ་གྱི་ལུང་བསྟན་ལས། རྗེ་པད་འབྱུང་ལ་རྒྱུན་དུ་གསོལ་བ་ཐོབ༔ ཅེས་དང་། ཨ་པཾ་གཏེར་སྟོན་གྱི་ལུང་བསྟན་ལས། བོད་སྡུག་གི་དུས་ལ་ཐུག་པའི་ཚེ། །ལྷ་པད་འབྱུང་ལས་གཞན་སུ་ཡིས་སྐྱོབ། །དད་མེད་ཀྱི་བདུད་ཀྱིས་ཀ་ཞ་སྒྲོག༔རྒྱལ་བ་རྣམ་མཉམ་པར་གསུང་ཡིན་སྨྲ༔ དང་པོ་ནི་གང་ཅན་འགྲོ་བ་ལ༔ཐུགས་བསྐྱེད་ཀྱི་སྨོན་ལམ་ཁྱད་པར་ཡོད། །བར་དུ་ནི་རྗེ་དང་བླ་མའི་ཚུལ༔བཟུང་ནས་སུ་བསྟན་པའི་ཁྱད་པར་གཉིས༔ ཐ་མ་རུ་སྙིགས་མའི་འགྲོ་བ་ལ༔ཐུགས་བརྩེ་བའི་གཏེར་གྱི་ཁྱད་པར་གསུམ༔དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི༔མཁྱེན་བརྩེ་ནུས་ཡོན་ཏན་གཅིག་བསྡུས་བཞི༔ བལ་ཡུལ་གྱི་མཆོད་རྟེན་བཞེངས་པའི་ཚེ༔སྙིགས་འགྲོ་ལ་སྨོན་ལམ་ཁྱད་པར་ལྔ། །ངེད་ཉེར་བཞིའི་ཡུལ་གྱི་ཌཱཀྐིའི་གཙོས༔དཀྱིལ་འཁོར་ཀུན་ཁྱབ་བདག་གཙོ་བོར་བཞུགས༔ རིག་འཛིན་རྣམས་ཡེ་ཤེས་སྒྱུ་མའི་འཕྲུལ༔དཔེ་ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ༔འཛམ་གླིང་གི་ཆུ་སྣོད་ཇི་སྙེད་དུ༔ཟླ་གཟུགས་ཀྱི་སྤྲུལ་པའི་ཟློས་གར་བཞིན༔ ས་སྟེང་འདི་པདྨའི་གདུལ་བྱ་ཡིན༔རིགས་གསུམ་གྱི་སྤྲུལ་པའི་བཤེས་གཉེན་རྣམས༔པད་འབྱུང་གི་རྣམ་རོལ་མཐའ་ལས་འདས༔གཞན་ཕན་གྱི་མཛད་པ་ཕྲིན་ལས་སྒོ༔ ཡོལ་མེད་དུ་རྒྱ་མཚོའི་རླབས་ལྟར་འཁྲུགས༔བུ་སྡུག་ཚེ་ཕ་མར་འབོད་པ་བཞིན༔རྗེ་པདྨར་གུས་པས་གསོལ་བ་ཐོབ༔ ཅེས་སོགས་ཞལ་ཆེམས་དང་ལུང་བསྟན་དཔག་ཏུ་མེད་པ་ཞིག་རྩོད་བྲལ་སྤྲུལ་པའི་གཏེར་སྟོན་དུ་མའི་གཏེར་ཁ་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་པ་དང་། སྤྱིར་དུས་ཀྱི་རྒུད་པ་བཟློག་ཐབས་སྐུ་རིམ་དམིགས་བསལ་བ་རྣམས་ནི་ཇི་སྐད་དུ གུ་རུའི་ཞལ་ནས། སྔས་ན་རི་དྭགས་མི་ཚུད་རྒྱ་དང་འདྲ༔ ཕྱིས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ༔ ཞེས་གསུངས་པ་ལྟར་ཡུལ་དུས་གང་ཟག་གི་ཁྱད་པར་ཡོད་མོད་ཀྱང་། གུ་རུའི་ཐུགས་རྒྱུད་བསྐུལ་ཕྱིར་བཛྲ་གུ་རུ་འདོན་རྒྱུ་དང་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པར་བྱེད་པ་ནི་གཏེར་ལུང་སྔ་ཕྱི་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་གི་ཚུལ་དུ་དུས་དང་གནས་སྐབས་ཐམས་ཅད་དུ་གལ་ཆེ་བར་གསུངས་འདུག་པས་ཅིས་ཀྱང་འབད་པར་འཚལ་ཞེས་རབ་གནས་ས་ཕག་བོད་ཟླ་ ༨ ཚེས་ ༡༠ ཉིན་གསེར་ལྗོངས་ལི་མདོ་ཆོས་སྡེ་ནས་སྤྲིངས་པ་དགེའོ། །སིདྡྷིའི་ཕན་ཡོན། སློབ་དཔོན་ཆེན་པོས་བཀའ་སྩལ་བཿ འོ་རིགས་ཀྱི་བུ་མོ་ཿབཛྲ་གུ་རུ་ཞེས་པ་ནིཿ ང་གཅིག་པུའི་སྙིང་པོ་མ་ཡིན་ཏེཿ ཡི་དམ་རྒྱུད་སྡེ་བཞི་དང་ཿ ཐེག་པ་རིམ་དགུ་དང་ཿ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྲོག་སྙིང་ཿ དུས་གསུམ་སངས་རྒྱས་ཐམས་ཅད་དང་ཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་སྙིང་པོ་འདི་ལ་ཚང་བའོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨོྃ་ཨཱཿཧཱུྃ་གིས་དུག་གསུམ་ལས་གྱུར་སྒྲིབ་པ་འདགཿ བཛྲ་ཞེ་སྡང་ལས་གྱུར་སྒྲིབ་པ་འདགཿ གུ་རུས་ང་རྒྱལ་ལས་གྱུར་སྒྲིབ་པ་འདགཿ པདྨས་འདོད་ཆགས་ལས་གྱུར་སྒྲིབ་པ་འདགཿ སིདྡྷིས་ཕྲག་དོག་ལས་གྱུར་སྒྲིབ་པ་འདགཿ ཧཱུྃ་གིས་ཉོན་མོངས་ལས་གྱུར་སྒྲིབ་པ་འདགཿ ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱྃཿ བཛྲ་གུ་རུ་ལན་གཅིག་བརྗོད་པ་ཡིཿ དེ་ལ་གཟུགས་མཆིས་འཛམ་གླིང་སྣོད་དུ་ཆུང་ཿ འདི་ཉིད་མཐོང་ཐོས་དྲན་པའི་སེམས་ཅན་ཀུནཿ རིག་འཛིན་ཕོ་མོའི་གྲལ་ལ་འཁོད་པར་ངེསཿ བསླུ་མེད་བཛྲ་གུ་རུའི་བདེན་ཚིག་ལཿ གང་འདོད་བཀའ་བཞིན་འགྲུབ་པར་མ་གྱུར་ནཿ པདྨ་ང་ཡིས་སེམས་ཅན་བསླུ་བ་ཨང་ཿ མི་བསླུ་ངེས་པས་བཀའ་བཞིན་བསྒྲུབ་པར་གྱིསཿ བཟླས་པ་མི་ནུབ་རྒྱལ་མཚན་རྩེ་ལ་ཕྱོརཿ རླུང་ཕོག་སེམས་ཅན་གྲོལ་བར་ཐེ་ཚོམ་མེདཿ ཡང་ན་ས་ཤིང་རྡོ་ཡི་ལོགས་སུ་བྲིཿ རབ་གནས་བྱས་ནས་ལམ་ལ་བཀྲམ་ན་ཡང་ཿ མཐོང་བ་ཙམ་གྱིས་ནད་གདོན་སྒྲིབ་པ་འདགཿ ས་དེར་གནས་པའི་འདྲེ་སྲིན་རྒྱུ་ལམ་ཆོདཿ མཐིང་ཤོག་དག་ལ་གསེར་གྱི་བྲིས་ལ་འདོགསཿ གདོན་བགེགས་འབྱུང་པོས་གནོད་པ་བྱེད་མི་ནུསཿ ཤི་ནས་རོ་དང་མ་བྲལ་བསྲེགས་ན་ནིཿ འཇའ་ཚོན་འཁྱུག་ཅིང་བདེ་ཆེན་འཕོ་བར་ངེསཿ འབྲི་ཀློག་འདོན་པའི་ཡོན་ཏན་ཚད་ལས་འདསཿ མ་འོངས་སེམས་ཅན་དོན་དུ་བཀོད་དེ་སྦསཿ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ལོག་ལྟ་ཅན་ལ་གསང་རྒྱ་རྒྱ་རྒྱཿ དམ་ཚིག་ཅན་ལ་གཏད་རྒྱ་རྒྱ་རྒྱཿ སྤྲུལ་སྐུ་ཀརྨ་གླིང་པས་གཏེར་ནས་གདན་དྲང་ཏེ་ཤོག་༡༡སེར་ལས་བཤུས་པའོ།།

  • October 2019

    ༄༄། ། ན་མོ། བཀའ་དྲིན་ཅན་གྱི་བླ་མ་སྤྱི་བོའི་རྒྱན་དུ་མཆོད།། ཨ་ལ་ལ། ཀ་དག་གནས་ལུགས་ལྟ་བ་འཛིན་མེད་ཀྱི་ཀློང་ན།། གནམ་འཕང་སྤྱོད་པའི་ཐང་དཀར་རྒོད་པོ་དང་འདྲ་ལ།། བསྒོམ་མེད་ཡེངས་མེད་དམིགས་པའི་གཏད་སོ་དངབྲལ་བ།། ཕུ་ཆུ་དྲག་པོ་བརྡབ་པའི་ཆུ་ཀླུང་དང་མཚུངས་ཀྱི།། སྤྱོད་པ་སྤང་བླང་བྲལ་བ་བརྫུན་ཕུག་འདི་རྡིབས་ཤིང་།། ངོ་ལྐོག་མེད་པའི་དམ་ཚིག་ས་ལམ་ཤིང་རྟ་ལ་བཞོན་འདྲ།། རེ་འདོགས་བྲལ་བའི་འབྲས་བུ་གཞོན་ནུ་བུམ་པ་ཡི་ཀློང་ན།། དག་པ་གཉིས་ལྡན་ཆོས་སྐུ་ཤེལ་འོད་བཞིན་དུ་རང་སྨིན་ནོ།། གཞི་དབྱིངས་སྤྲོས་པ་བྲལ་བའི་མཐའ་བྲལ་གྱི་ཀློང་ན།། འགགས་མེད་ལམ་སྣང་ཤར་བའི་ཐ་དད་དུ་མ་མཐོང་།། འབྲས་བུ་བློ་ཆོས་ཟད་པ་དབྱེར་མེད་རང་འདུག་གོ། རྟོག་ཚོགས་དབྱིངས་སུ་ཡལ་བས་རིག་སྟོང་འདི་ཤར་བས།། འཁོར་འདས་བཟང་ངན་བྲལ་བས་རེ་དོགས་འདི་བྲལ་གཤིས།། རང་ཉིད་ཉམས་ཚོད་བསྟུན་པའི་སྐྱིད་གླུ་རང་ཡིན་གྱི།། བཀའ་དྲིན་ཅན་གྱི་བླ་མའི་བྱིན་མཐུས་ལས་ཤར་བ།། ནང་ལུགས་སུ་འབུལ་བས་འགལ་འཁྲུལ་ཞིག་སྲིད་ཀྱི།། ཆོས་ཉིད་འདུ་བྲལ་མེད་པའི་ཀློང་དུ་རང་བཤགས་ཞུ།། ཆོས་སྤྱན་ཡངས་པའི་སྤྱན་སྔར་མཆོད་པའི་རྣམ་རོལ་དུ་འབུལ་བས།། དགྱེས་པར་དགོངས་ལ་ཐུགས་རྗེ་དབྱིངས་ནས་རང་གཟིགས་མཛོད།། ཛྙཱ་ནས་བྲིས་པ་དགེ་ལེགས་ཀུན་ཁྱབ་རང་རྒྱས་ཤོག། །

  • October 2019

    མི་ཚེའི་ནང་དད་དམ་ལ་འགྱུར་བ་མེད་པའི་ཨ་སྐྱ་བླ་མ་དང་མཁན་པོ་འོད་གསལ་མཐའ་ཡས་དང་འོད་གསལ་ཆོས་སྒྲོན། ཨེ་ཝཾ་དཔལ་སྒྲོན་དང་འཇམ་མགོན་བླ་མ་སོགས་ལ་མཇལ་འཕྲད་བྱུང་། ཁྱད་པར་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཕྱག་བྲིས་དངོས་ཀྱི་ཟབ་ཆོས་དང་རྩམ་ཆུར་ཟས་གོས་དང་། སྨན་རག་གཏོར་ཚོགས་གཏོར་གྱི་དམ་རྫས་ཀུན་འདུས་དང་། གནམ་ལྕགས་ཀྱི་ཕུར་བུ་དང་། རྡོ་དྲིལ་དང་བླ་མ་ལོ་མའི་སྐུ་འཆང་དང་གནབ་ཆས་སོགས་འཛམ་གླིང་ན་རྙེད་པར་དཀའ་བའི་གཏེར་རྫས་གནང་སྦྱིན་དང་ཆུ་ཚོད་དྲུག་གིས་བར་བཀའ་མོལ་བྱུང་། དགའ་སྤྲོ་བླ་ན་མེད་པར་དགུང་ཟས་མཉམ་དུ་རོལ། དམིགས་བསལ་ཨེ་ཝཾ་མེ་ཏོག་གླིང་ལ་རྟེན་འབྲེལ་ལེགས་འགྲིགས་བྱུང་ངོ་། དགའ་དད་སྤྲོ་བས་ཤྲཱིས་སོ།