གསང་སྔགས་ཀྱི་བླ་མ་དང་སློབ་མའི་མཚན་ཉིད།དགེ་རྩེ་མ་ཧཱ་པཎྚིཏ་འགྱུར་མེད་ཚེ་དབང་མཆོག་གྲུབ། (༡༧༦༡-༡༨༢༩)ལམ་སྟོན་གྱི་རྩ་བ་བླ་མའི་མཚན་ཉིད་ནི། དབང་གི་ཐུགས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པ། ཕྱི་དང་ནང་གི་དེ་ཉིད་བཅུ་ཚང་བའམ། ཟབ་མོའི་ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་དགོངས་པ་མངའ་བས་སློབ་བུ་རྗེས་སུ་འཛིན་པའི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པ་སྟེ། དེ་ཡང་ཚིག་གིས་གདམས་པའི་སྒྲོ་འདོགས་གཅད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་མྱོང་གིས་གེགས་སེལ་ཞིང་ཉམས་རྟོགས་ཀྱི་བོགས་འབྱིན་ནུས་པ་སྟེ་མཚན་ཉིད་བཞི་ལྡན་ནོ། གཞན་སྤྱི་མདོ་ལས། སློབ་དཔོན་མཚན་ཉིད་བརྟགས་པ་ནི།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག ། བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད།། གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས།།དཀྱིལ་འཁོར་བྲི་བའི་ལམ་ལ་མཁས།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང།། སེམས་ཅན་རྣམས་ལ་མི་འཇིགས་སྦྱིན།། ཐེག་པ་ཆེ་ལ་རྟག་དགའ་བ།། དེ་ནི་སློབ་དཔོན་ཡིན་པར་གསུངས།། ཞེས་སོ། དེ་ལ་དེ་ཉིད་བཅུ་ནི་རྡོ་རྗེའི་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང།། གསང་དང་ཤེས་རབ་ཡེ་ཤེས་དང།། ཁ་སྦྱོར་འབྱེད་པའི་ཆོ་ག་དང།། གཏོར་མ་རྡོ་རྗེའི་བཟླས་པ་དང་།། དྲག་ཤུལ་སྒྲུབ་པའི་ཆོ་ག་དང་།། རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ།། གསང་བའི་དེ་ཉིད་བཅུ་ཡིན་ནོ།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།། སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་།། སྦྱིན་སྲེག་མཆོད་པ་ལས་སྦྱོར་དང།། སླར་ཡང་སྡུད་པའི་རྣམ་པ་ནི།། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ།། ཞེས་བསྟན་པ་བཞིན་ལས། ཕྱིའི་དེ་ཉིད་བཅུ་ནི་རྣལ་འབྱོར་རྒྱུད་མན་ཆད་ཐམས་ཅད་ཐུན་མོང་ཡིན་པས། ཐུན་མོང་མ་ཡིན་པ་གསང་སྔགས་བླ་ན་མེད་པའི་རྒྱུད་འདིར་འཇིག་རྟེན་པས། ཐེག་པ་འོག་མ་དག་གི་བློ་ཡུལ་དུ་མི་ཆུད་པའི་ཐབས་ཟབ་ལ་རྒྱ་ཆེ་བ། ཁྲོ་བཅུ་ལ་སོགས་པའི་བསྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང། བྲིས་པའི་བསྲུང་འཁོར་གྱིས་ཕྱིར་བཟློག་པའི་མངོན་སྤྱོད་ཀྱི་ལས་རྣམ་པ་གཉིས། ལྟར་སྣང་འཇིག་རྟེན་པའི་ཀུན་སྤྱོད་དང་མཐུན་པས་མ་དད་པ་སྐྱེ་བའི་ཕྱིར་ཤིན་ཏུ་གསང་ཞིང་སྦ་བའི་གནས་སོ། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གཉིས་ལ་བརྟེན་པའི་སྦྱོར་བ་དང། དེ་བཞིན་དུ་ཁ་སྦྱོར་དབྱེ་བའི་ཚོགས། བསད་པ་སྟེ་སྒྲོལ་བ་དང། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང། མ་གྲུབ་ན་བཙན་ཐབས་སམ་སྤོགས་པའི་ཆོ་གས་ལྷ་བསད་པ་སྟེ་དྲག་ཤུལ་སྒྲུབ་པ་དང། རབ་གནས་དང། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ཡང་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྐྱེ་བའི་རིམ་པ་དང་སྦྱར་བའི་ཕྱིར། འཇིག་རྟེན་ན་རང་གི་ཆོས་ཉིད་ལ། ངོ་ཚ་བ། གསང་ཞིང་སྦེད་པའི་གནས་དང། ཆོས་མཚུངས་པ་ཉིད་ལམ་དུ་བྱེད་པས་ན་གསང་བའི་དེ་ཉིད་བཅུ་ཞེས་བཤད་པ་ཡིན་ལ། དེ་རྣམས་ཁོང་དུ་ཆུད་པ་ནི་རྡོ་རྗེ་ཐེག་པའི་ལམ་སྒྲ་ཇི་བཞིན་པར་སྟོན་པའི་སློབ་དཔོན་ཡིན་ནོ། དེ་ཡང་ནང་དང་ཕྱིའི་དེ་ཉིད་བཅུ་གསུངས་པ་བླ་མེད་དང་རྒྱུད་སྡེ་འོག་མའི་སློབ་དཔོན་གྱིས་ཤེས་དགོས་པ་ལ་སྦྱར་རོ། དེ་ལྟར་རྒྱུད་སྡེ་རྣམས་སུ་སློབ་དཔོན་གྱི་མཚན་ཉིད་མང་དུ་གསུངས་པའང་རེ་ཞིག་བརྒྱད་པོ་འདིར་འདུས་ཏེ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། ཕན་ནུས་ཟབ་མོའི་དབང་ཐོབ་པས་ཆུ་བོ་རྫོགས་པ། གསང་སྔགས་བབ་ཅོལ་དུ་མི་སྤྱོད་པས་གསང་བ་གཉེར་ཐུབ་པའམ། ཡང་ན་སྣོད་ལྡན་གྱི་གདུལ་བྱ་ཡལ་བར་མི་འདོར་བའི་གཉེན་དང་ལྡན་པ་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པས་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ། དཀྱིལ་འཁོར་དང་དབང་གི་རིམ་པ་ཞི་རྒྱས་སོགས་ལས་ཚོགས་བསྒྲུབ་པའི་མཐའ་ལ་མ་རྨོངས་པ། སྙན་བརྒྱུད་ཀྱི་མན་ངག་འཆད་པའམ་ཉམས་མྱོང་དང་ལྡན་པས་མན་ངག་གི་གདེང་ཟིན་པ་སྟེ་མཛོད་གསུམ་སོ་སོར་བགྲངས་པས་བརྒྱད་དོ། དེའང་ལྟ་བའི་མཛོད་ཨ་ཏི། ཏིང་ངེ་འཛིན་གྱིས་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་གའོ། དེ་ལྟ་བུ་ནི་ལས་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས།། གཉེར་ལྡན་རྒྱུད་དང་ལས་ལ་མཁས།། མན་ངག་དྲོད་འཆང་བརྒྱད་འཆང་བ།། རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན།། ཅེས་སོ། མདོར་ན་ཕ་ཡུལ་དང་འབྲེལ་ཐག་ཆོད་པས་སྐྱེས་པའི་ཡུལ་ལ་ཐག་བསྲིངས་པ། འཁོར་བ་སྡུག་བསྔལ་དུ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། དགོས་མེད་རྒྱུད་ལ་སྐྱེས་པས་ཟས་ནོར་ལ་ཆགས་ཞེན་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པས་དགེ་སྡིག་ལ་བླང་དོར་བྱེད་པ། ཚེ་འདི་སྦུན་པར་བསྒྱུར་ནས་ཡུན་གྱི་དོན་ཆེན་སྒྲུབ་པ། ཐེག་ཆེན་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པ་སྟེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤངས།།བདེན་སྨྲ་ཇི་སྐད་གསུངས་བཞིན་བྱེད།། རི་དྭགས་རྒྱལ་པོ་སེང་གེ་ལྟར།། བརྟགས་ཤིང་ཡོན་ཏན་བློ་ཆེ་བ།། སྡུག་བསྔལ་རྣམ་པས་ཐབས་ཀྱིས་སྐྱོབ།། ཅེས་སོ། དེའི་སྟེང་དུ་སྤྱིར་རིག་པའི་གནས་ལ་མཁས་ཤིང་ཤེས་བྱ་ལ་ཐོགས་པ་མེད་པ་དང། བྱེ་བྲག་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ། ཁྱད་པར་ལྟ་སྤྱོད་ཕུལ་དུ་བྱུང་བས་ལོག་རྟོག་དང་ཐེག་དམན་གྱི་གྲུབ་མཐའ་ལས་གྲོལ་བ། ལུས་ངག་གི་རྒྱ་བར་ནས་འདོན་པས་ཆོས་ལ་ཕྱོགས་ལྷུང་ཆུང་ཞིང་གཟུ་ལུམ་མེད་པ། གདུལ་བྱའི་བློ་རིགས་བརྟགས་པས་བསྟན་པའི་ལམ་སྲོལ་དུ་འཇུག་པ། ཆོས་དང་ཆོས་མིན་ཕྱེ་བས་བདུད་དང་གོལ་ས་གཅོད་པ་ལ་མཁས་པ། བླ་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས་གྲུབ་ཐོབ་ཀྱི་རྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་བྲུས་པས་སྙན་བརྒྱུད་ཀྱི་གདམ་པ་འངའ་བ། གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་ཀྱི་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་ཀྱི་དོན་ཐོབ་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་སྒྱུར་བར་ནུས་པ།…
འབྲུག་སྨོན་ཀུན་ཏུ་བཟང་པོ།།ཨེ་མ་ཧོ།།སྟེང་ན་ཆོས་རྒྱལ་གཡུ་རལ་གཟི་འོད་ལམ་སེ་ལམས།།བར་ན་ཆོས་སྡེ་ལྷ་འབངས་བྱིན་རླབས་ཤིག་སེ་ཤིགས།།འོག་ན་ཆོས་ཁམས་གནས་ཡུལ་བཀྲ་ཤིས་སྤུང་སེ་སྤུངས།།ཀུན་ཏུ་བཟང་པོའི་སྣོད་བཅུད་བདེ་ལེགས་ཕུན་སུམ་ཚོགས།།གངས་ལྗོངས་ཕག་སེང་གི་གཡུལ་ངོར་མཐོང་བའི་མོད་ལ་ཤྲཱིས་སོ།
རྨི་ལམ་སྡུག་པོ་དེ་ཚོ་དེ་འདྲ་ཐིག་པ་ལ། མི་དགོས་རྒྱུ་གསར་འགྱུར་ནི་དེ་རིང་ཕག་གིས་སེངྒེ་བསད་འདུག་ཟེར། བདེན་པ་ལས་རྫུན་པ་རྒྱལ། བཟང་པོ་ལས་ཁྲེལ་མེད་རྒྱལ། བསྟན་འཛིན་ལས་བསྟན་གཤིག་རྒྱལ་བའི་གསར་འགྱུར་འདུག ད་རིས་ཡིན་ན་རྒྱལ་བ་སང་ཡང་ནག་པོ་ནག་རྐྱང་བཟོས་སོང་། བཙན་བྱོལ་དེ་དམྱལ་བ་དེད་སོང་། ཡི་དྭགས་ལ་སྐྱེ་སོང་། དུད་འགྲོ་ཕག་ལས་སྡུག་ཏུ་ཆགས་སོང་། ཨ་ཁ་ཁ། ད་ཡིན་ན་བོད་དོན་ལ་ཟས་བཅད་ངོ་རྒོལ་དང་གསོན་བསྲེག་པ་དང་དབུ་མ་ཞེས་པའི་ཁ་གཡང་དེ་ཚོ་ཞེན་པ་གཏིང་ནས་ལོག་ཏེ་གང་ལྟར་སྔོ་ཚོད་ཐུག་པ་དང་མོག་མོག་རེ་གསོལ་ནས་བསྡད་རྒྱུ་ཡིན།
ཨེ་མ།། ངོ་བོ་གསལ་བ་པདྨ་འབྱུང་།།རང་བཞིན་སྟོང་པ་མཚོ་རྒྱལ་མ། ། གསལ་སྟོང་ཟུང་འཇུག་ནམ་མཁའི་སྙིང་། ། རྒྱུན་མི་ཆད་པའི་རིག་ཀློང་འདུད། ། སེམས་ཉིད་རྩ་བ་བཅད་པས་ན། །འགྱུར་མེད་ནམ་མཁའ་ཁྱབ་པ་ལ། །རིག་དང་མ་རིག་མཚམས་པར་གནས། །གློ་བུར་རྣམ་རྟོག་འཁྲུལ་པ་ལ། །སྣང་བ་སྒྱུ་མའི་སྐྱེས་བུ་མཚར། །སྐྱེ་མེད་ཕར་བལྟས་བྱས་པ་ན། ། སྐྱེས་ཙམ་ཉིད་ནས་དངོས་པོ་བྲལ། །དངོས་མེད་ཀློང་ལས་རྟོག་ཚོགས་ཤར།ཤར་ཙམ་ཆེད་དུ་མ་འཛིན་པས། །སེམས་ཉིད་ངོ་བོ་སྟོང་པ་སྙམ། །སྟོང་པ་ངོ་བོ་ཉིད་དུ་མཐོང་། ། ཞེན་མེད་མ་འཛིན་རང་སར་ཞོག། །བཞག་བྱ་བཞག་བྱེད་མ་མཆིས་པས། །གནས་འགྱུའི་འཕྲང་ལས་གྲོལ་བར་སྙམ། །གསལ་སྟོང་ཟུང་འཇུག་བཏང་བ་ལ། །ཕྲ་རག་རྟོག་ཚོགས་རྗེན་པར་འབུད། །གཉིས་སྣང་འཛིན་པ་ཞིག་པས་ན། །བལྟ་བྱ་བལྟ་བྱེད་སྣང་བ་བོར། །སེམས་ཉིད་གསལ་སྟོང་ཝ་ལེར་སྙམ། །བདེ་གསལ་རྟོག་པར་མ་ཞེན་ལ། །ཤེས་ཉམས་རྟོག་པས་མ་བསླུས་མཛོད། །གཉུག་མའི་སེམས་ཉིད་ཤེས་པ་ལ། ། ཡིད་བྱེད་འཛིན་པའི་ཐེ་ཚོམ་འདུག། ཉམས་ཀྱི་རྟོག་པ་་ཕྲ་མོ་ལ། ། ཞེན་པའི་མདུད་པ་ལྷོད་ཀྱིས་ཤིག། རྣམ་རྟོག་ངོ་བོ་སྟོང་པ་ཉིད། །འཛིན་མེད་ལྟ་བ་ནང་ནས་རིག། རིག་པ་ནང་གི་ངོ་བོ་གཉིས།། འགྱུར་བ་མེད་པའི་ངོ་བོ་མཐོང་།།འགྱུར་མེད་སེམས་རིག་འདི་ཀ་ལ།། དབྱིངས་དང་ནམ་མཁའ་སྟོང་པ་ལ།། སེམས་གཏད་སེམས་ལ་གྲུབ་པ་མེད།། སེམས་ཉིད་གཞི་མེད་རྩ བ་བྲལ།། རྩ་བྲལ་ངང་ནས་བལྟས་པ་ན།།སྟོང་གསུམ་ཅི་ཟེར་ཐོས་སམ་སྙམས།། ཐོས་པས་ཡུལ་འཛིན་སྟོང་སང་ངེ་།། སེམས་འཛིན་མེད་པ་རྗེན་ནེ་བ།། རྗེན་ནེ་འཛིན་མེད་རང་ལུས་མཐོང་།། མཐོང་མེད་ཁྱབ་པ་ཆེན་པོ་དེས།། འཁྲུལ་ཙམ་འདྲེན་དང་གང་བསམ་འགྲོ།། འགྲོ་བས་རྟག་ཆད་བློ་འདི་སྤངས།།ནམ་མཁའ་བཞིན་དུ་མཐའ་བྲལ་བ།།སྒོམ་དང་མི་སྒོམ་མ་ཡེངས་སོགས།། མངོན་སུམ་ཁྱད་པར་ཅི་ཡང་མེད།། སོ་མ་ཟང་ཐལ་ཝ་ལེ་འདི།། ཡེ་ཤེས་འཆར་སྒོ་མ་འགགས་རྟགས།།དངོས་མེད་ལྷང་ངེར་འཆར་བ་འདི།། སྤྲོས་མེད་ངང་ལ་བལྟས་པས་ཆོག།། ཆོག་པ་པད་འབྱུང་བཀའ་དྲིན་ཡིན།། རིག་སྟོང་རང་བབ་ཀློད་ནས་ཀྱང་།། ཐམས་ཅད་ཀུན་བཟང་ཀློང་དུ་ཨཿགྲུབ་བརྙེས་གཏེར་འབྱིན་བསམ་གླིང་པས།། སུངས་བསྐུལ་ལྡོག་ཏུ་མ་ཕོད་པས།། གང་ཤར་རང་ལོ་ཉེར་གཅིག་དུས།། རྨོངས་ཐོམ་རྫུན་རྒན་གྱི་ན་བ།། ༧ ཀུན་བཟང་འགྲོ་འདུལ་རྡོ་རྗེ་ངས།། ཚིག་གི་སྡེབ་སྦྱོར་མ་མཆིས་ཀྱང་།།རྒྱུད་ཐོག་དཔག་པས་ནོར་འཁྲུལ་མེད།། ཞུན་མར་ངོགས་ནས་ཕུལ་བ་དགེ།། །།
སྐུ་ཚེ་བརྟན་སྨོན་རྟེན་འབྲེལ་རྡོ་རྗེ།།ན་མོ་གུ་རུ་པདྨ་ཨ་ཡུར་ཡེ།།མཚན་དཔེ་སྐུ་ལ་ལང་འཚོ་ངང་གིས་བརྟས།།ཚངས་དབྱངས་ཟབ་རྒྱས་དམ་ཆོས་གཏེར་ལ་དབང་།།ཐབས་མཁས་ཐུགས་རྗེ་པ༵དྨ༵འི་བཀའ་གཏེར་འཛིན།།དམ་བརྩེ་བདུད་རྩིའི་ཚེ་གཡང༵་ཀུན་འཛོམས༵་ཤོག།རྟེན་འབྲེལ་དང་དད་དམ་ཟབ་པས་དགེ་མཚན་དང་བསྟན་འགྲོར་སྨན་ཕྱིར་ཨེ་མ་ཧོས་སྨོན་པར་དགེའོ།།
སྐྱབས་སྡོམ་ཀུན་འདུས་ཀྱི་ཆོ་ག་ནོར་བུའི་བུམ་བཟང་།དང་པོ་སྐྱབས་འགྲོ་ནི།ན་མོཿདཀོན་མཆོག་གསུམལ་སྐྱབས་སུ་མཆི།།ཁམས་གསུམ་སྒྲོལ་བར་སེམས་བསྐྱེད་ནས།།སྐུ་གསུམ་རྒྱལ་བའི་དེ་བཞིན་ཉིད།།སྒོ་གསུམ་དག་རྫོགས་སྨིན་པར་བྱ།།བླ་མ་ཀུན་འདུས་པདྨ་འབྱུང་གནས་མཁྱེན།།ཡི་དམ་ཀུན་འདུས་ཀུན་བཟང་རྡོ་རྗེ་འཆང་།།མཁའ་འགྲོ་ཀུན་འདུས་རྗེ་བཙུན་སྒྲོལ་མ་དང་།།ཆོས་སྐྱོང་ཀུན་འདུས་གེ་སར་རྒྱལ་པོར་འདུད།།ལན་གསུམ། ཚོགས་བསགས་ཡན་ལག་བདུན།བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ།།བདག་ལུས་ལོངས་སྤྱོད་དགེ་རྩ་མཆོད་པར་འབུལ།།དུས་གསུམ་བགྱིས་པའི་སྡིག་ལྟུང་མཐོལ་ཞིང་བཤགས།།འཁོར་འདས་དགེ་རྩ་ཀུན་ལ་ཡི་རང་ངོ་།།མདོ་སྔགས་ཟབ་རྒྱས་ཆོས་ཆར་དབབ་ཏུ་གསོལ།།རྒྱལ་ཀུན་མྱ་ངན་མི་འདའ་ཞབས་བརྟན་བཞུགས།།དགེ་ཚོགས་མ་ལུས་འགྲོ་ལ་སྨན་པ་དང་།།ཀུན་ཀྱང་ཀུན་ཏུ་བཟང་དང་དབྱེར་མེད་ཤོག།ལན་གསུམ།ཨོཾ་ཨཱཿཧཱུཾ་ཧྲཱིཿའགྱུར་མེད་སྐུ་ལ་མཚན་དཔེས་བཀྲ་ཤིས་ཤིང་།།འགག་མེད་གསུང་ལ་ཟབ་རྒྱས་བདེ་ལེགས་འཇོ།།གཡོ་མེད་ཐུགས་རྗེ་ཨེ་ཝཾ་ཕུན་སུམ་ཚོགས།།མཚུངས་མེད་ཡོན་ཏན་ཕྲིན་ལས་མཐར་ཕྱིན་ཤོག།ཅེས་རབ་གནས་གྲོ་བཞིན་ཟླ་བའི་དབང་ཕྱོགས་དགའ་བ་དང་པོར་སྐྱབས་འགྲོའི་སྡོམ་པ་ཞུ་འཁན་བརྒྱ་ཕྲག་བྱུང་བའི་ངོར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཌཱ་ཀི་ནིའི་གླིང་དུ་བྲིས་པར་དགེའོ།། །།
Alt Sidebar
Search





