• October 2019

    འཁྲུག་རྩོད་དང་གྱེན་ལོང་གི་དམག་འཁྲུག་གཡུལ་ངོ་ལ་རང་ལུས་དང་བར་ཆད་གང་ཡོད་ལ་འཛེམས་བག་མེད་པར་ཕན་བདེའི་རྩ་བ་དཀའ་བ་ཁྱད་གསོད་དང་ངལ་བ་དུང་བླངས་ཀྱིས་རང་སྲུང་རྡོ་རྗེ་གོ་ཁྲབ་དངབཅིངས་གྲོལ་ནམ་མཁའ་དྲི་མེད་ལ་བརྩོན་བཞིན་ཧོང་ཀོང་ལ་ཞི་བདེ་དང་འཛམ་གླིང་ལ་ཕན་བདེ། སྐྱེ་དགུ་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཧོང་ཀོང་ཕྱོགས་སུ་ཆས། ཆོས་མཐུན་གྲོགས་པོ་ཚོས་ཐུགས་སྨོན་རེ་གནང་བར་མཁྱེན། ཁྱད་པར་རྫོགས་ཆེན་དུས་འཁོར་དབང་བསྐུར་ཆེན་མོ་དང་ཨེ་ཝཾ་སྨོན་ལམ་ཆེན་མོའི་ཕྲིན་ལས་མཐར་ཕྱིན་པའི་སྨོན་འདུན་བཅས་ཤྲཱིས་སོ།།

  • October 2019

    ཤར་༧རྒྱལ་བ་༧ཀཿ་ཐོག་པའི་༧སྐྱབས་རྗེ་རིག་འཛིན་ཆེན་མོ་ལ་བསྟོད་གསོལ་གེ་སར་གཞོན་ནུའི་རྒྱལ་དར་ཅེས་བྱ་བ།།

    ཤར་༧རྒྱལ་བ་༧ཀཿ་ཐོག་པའི་༧སྐྱབས་རྗེ་རིག་འཛིན་ཆེན་མོ་ལ་བསྟོད་གསོལ་གེ་སར་གཞོན་ནུའི་རྒྱལ་དར་ཅེས་བྱ་བ།།ཨོཾ་སྭ་སྟི་སིདྡྷི་བུདྡྷ་ཛྙཱ་ན་ཡེ།།དྲི་མེད་འོད་ཟེར་གསང་གསུམ་དཀྱིལ་འཁོར་དཔལ།།དགྱེས་པའི་བྱིན་རླབས་ཞལ་གསལ་རབ་ཡངས་གར།།བསླུ་མེད་རྟེན་འབྱུང་དེ་ཉིད་ལེགས་གཟིགས་ཉིད།།རྡོ་རྗེ་འཆང་དབང་ཀུན་ཏུ་བཟང་པོ་རྒྱལ།།དཀྱུས་རིང་སྤྱན་གྱི་སྣང་གསལ་ཀུན་ཏུ་བཀྲ།།ཚངས་དབྱངས་དམ་ཆོས་སྙན་ངག་ལྷག་ཏུ་ཤིས།།སྟོབས་བཅུ་ཡོན་ཏན་བདེ་ལེགས་རྫོགས་པའི་དཔལ།།ཀཿཐོག་བསྟན་པའི་བདག་པོ་ཞབས་བརྟན་ཤོག།མཁྱེན་རབ་ཡེ་ཤེས་དང་པོའི་སངས་རྒྱས་མགོན།།བརྩེ་ཆེན་ཐུགས་རྗེ་འགྲོ་ཀུན་འདྲེན་པའི་མགོན།།མཐུ་སྟོབས་ནུས་ལྡན་སྒྱུ་འཕྲུལ་དྲྭ་བའི་མགོན།།མགོན་མཆོག་འཇམ་དཔལ་དགྱེས་པའི་རྡོ་རྗེར་བསྟོད།།ཛམ་གླིང་གོ་ལའི་ཁྱོན་དུ་ཐུབ་བསྟན་དཔལ།།དགྱེས་པའི་ཞིང་ཁམས་རྒྱ་མཚོའི་ངོ་མཚར་བསྐྲུན།།གསུམ་ལྡན་རྡོ་རྗེ་འཛིན་པའི་རྟུལ་ཞུགས་ཅན།།ཀཿཐོག་རིག་འཛིན་ཆེན་མོ་རྟག་ཏུ་རྒྱལ།།འཇམ་དཔལ་དབྱངས་དངོས་མཁྱེན་པའི་ཉི་མ་གསལ།།སྤྱན་རས་གཟིགས་དབང་བརྩེ་བའི་དུང་ཟླ་ཚེས།།ཕྱག་རྒྱས་གསང་ཆེན་ནུས་མཐུས་ནམ་མཁའ་བརྡལ།།རིགས་གསུམ་ཀུན་འདུས་རིག་འཛིན་ཆེན་མོ་རྒྱལ།།པདྨའི་ཐུགས་སྲས་པདྨ་བཞད་པར་རྩལ།།པདྨ་ཀ་རའི་ལུང་རྟོགས་རིག་པ་འཛིན།།པདྨའི་ཟབ་རྒྱས་བཤད་སྒྲུབ་བསྟན་པ་སྐྱོང་།།པདྨའི་ཡང་གསང་རྫོགས་ཆེན་སྙིང་ཐིག་སྤེལ།།རྒྱལ་ཀུན་དགྱེས་པའི་རིག་འཛིན་དགའ་ཚལ་བཞད།།རྒྱལ་བསྟན་ལུང་རྟོགས་བདུད་རྩིས་སྦྲང་ཆར་འཇོ།།རྒྱལ་སྲས་དམ་པའི་ཡོན་ཏན་འདབ་སྟོང་བཀྲ།།རྒྱལ་ཁམས་ཕྲིན་ལས་འབྲས་བཟང་མཛེས་ལྗོངས་འཕེལ།།སྙན་གྲགས་ཕྱོགས་ཀྱི་བུ་མོའི་རྣ་བར་འཇེབས།།མཁྱེན་བརྩེའི་ཉི་ཟླ་འོད་གསལ་ཁྱབ་པར་གདལ།།མཛད་བཟང་རབ་དཀར་རྒྱལ་སྲས་སྤྱོད་པ་ཅན།།ཀཿཐོག་རིག་འཛིན་ཆེན་མོ་ཞབས་བརྟན་ཤོག།སྐུ་ཚེ་བརྟན་པ་ཚེ་དཔག་མེད་དང་མཉམས།།གསུང་ཆོས་ཆོས་འཁོར་འཛམ་གླིང་སྨིན་གྲོལ་བཀོད།།ཐུགས་རྗེ་རྗེ་བཙུན་དམ་པའི་དགོངས་པ་བཞིན།།ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་གྱུར་ཅིག།ཅེས་པ་འདི་ཡང་རབ་གནས་ས་ཕག་ཟླ་༨ཚེས༦དཀར་ཕྱོགས་དགའ་བ་གཉིས་པར་སེངྒྷ་གླིང་གི་གནམ་ཐང་ནས་མཇལ་སྒུག་གི་སྐབས་སུ་ཀཿཐོག་རིག་འཛིན་མོ་ལ་མཇལ་དར་ཚུལ་དུ་གང་ཤར་ཤེས་པའི་མཎྜལ་ཏུ་དགའ་དད་སྤྲོ་བ་ཆེན་མོས་གནམ་ཐང་དེ་ཉིད་དུ་ཤར་མར་རིག་འཛིན་ཤྲཱིཿཨེ་མ་ཧོས་གསོལ་བ་བཏབས་པར་དགེའོ།། དགེའོ།། དགེའོ།།

  • October 2019

    ༧རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་ལས་ཚན་པ་༢༠པ་བཞུགས།

    ༧རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་ལས་ཚན་པ་༢༠པ་བཞུགས།༈ ཨོཾ་སྭཱ་སྟི། ལོངས་སྤྱོད་ཀྱི་ཁེ་སྤོགས་བྱེད་པ་དེ། །ངེད་རང་ཆོས་པ་ལ་རུང་མ་ཡིན། །དུས་ནམ་ཞིག་བླ་མ་སངས་རྒྱས་དུས། །མ་དག་པའི་འཁོར་དུ་འོང་ཞེས་གསུངས། །ད་དགེ་སྦྱོར་གང་ཡོང་མ་གཏོགས་པ། །འབྲུ་ཚོང་གི་འཕེལ་འགྱེད་མི་མཛད་པར་ཞུ། །འཕྲལ་འདོད་པ་ཆུང་ཞིང་ཆོག་ཤེས་པ། །ནམ་ཞིག་དག་པའི་འཁོར་དུ་འོང་། །ད་ལྟ་འདམ་ཁ་ཡོད་ཕྱིན་ལ། །དག་པའི་འཁོར་དང་མཛད་པར་ཞུ། །དམ་པའི་ཆོས་ལ་གེགས་བྱེད་ན། །ཕ་མ་དང་མཆེད་གྲོགས་ཡོན་མཆོད་སོགས། །སུ་ཡིན་ཀྱང་བདུད་དུ་འབབ་པར་གདའ། །མི་ཆོས་ཀྱི་འབྲེལ་འདི་སྤོང་བར་ཞུ། །སྙིང་རྗེ་དང་ཞེན་ཆགས་ངོ་བོ་གཅིག །འཁོར་འདས་ཀྱི་ལམ་ལ་ནོར་སོ་ཡོད། །ཆོས་དང་ཅི་མཐུན་མ་གཏོགས་པ། །མི་ཡི་ངོ་བསྲུང་ལ་མ་དགའ་མཛོད། །རང་ཆོས་ལྡན་དུ་བསྡད་ནས་འདུག་ཙ་ན། །མི་ཀུན་གྱིས་གུས་པ་བྱེད་པར་འདུག །ཆོས་འགལ་གྱི་སྤྱོད་པ་སྤོང་བར་ཞུ། །ཡང་ཡང་སྐྱེ་བ་འདི་སྡུག་རེ་བསྔལ། །སྐྱེ་མེད་མངོན་སུམ་དུ་མ་གྱུར་པར། །རྩེ་གཅིག་ཏུ་སྒོམ་པ་འདི་གལ་རེ་ཆེ། །སེམས་ཀྱི་གཞི་རྩ་ཆོད་པ་ཞིག་འཚལ། །དགེ་སྦྱོར་གྱི་སྒང་ལ་འབུང་དུས་སུ། །ཀ་ཧེ་ཧེ་ཟེར་བའི་ལོང་གཏམ་མཁན། །དགེ་སྦྱོར་གཅོག་པའི་ཕུང་འདྲེ་ཡིན། །གྲོགས་དང་འབྲེལ་བ་མི་མཛད་ཞུ། །རང་སྒྲུབ་པ་ཉམས་སུ་ལེན་ཙ་ན། །ཇ་ཆང་གི་ཟས་བསྐོར་བྱེད་པ་དེ། །གཡན་པ་ཕྲུག་པའི་བདེ་བ་འདྲ། །བདུད་ཀྱི་མགོ་བསྐོར་ཞིག་མ་ལགས་སམ། །ཡོང་ངེས་ཤེས་པའི་འཆི་བ་ལ། །མེད་ཐབས་མེད་པ་དམ་ཆོས་ཡིན། །ཚེ་འདིའི་བྱ་བ་དོན་མེད་དུ་འདུག །ཕྱི་མའི་བསོད་ནམས་གལ་རེ་ཆེ། །རང་སེམས་ཆོས་སྐུར་མ་རྟོགས་ན། །དངོས་གྲུབ་ཆེན་པོ་བརྒྱད་པོ་ཡང་། །སྤྲོས་བཅས་ཀྱི་མགོ་བསྐོར་ཙམ་དུ་གདའ། །དབང་སྡུད་དང་དྲག་པོའི་འཕྲིན་ལས་དང་། །མིག་མཐོང་དང་རྣ་སྙན་ཁྲུས་ཆོག་སོགས། །ཉམས་ལེན་པ་ལ་བདུད་དུ་འབབ། །འགྲོ་བ་ལ་ཕན་ངེས་མ་གཏོགས་པ། །གྲོང་ཆོག་ལ་དགའ་བ་མི་མཛད་ཞུ། །བདེ་སྡུག་དང་སེམས་སྣང་གང་བྱུང་ཡང་། །ཉམས་ལ་མ་ཞེན་སྒོམ་པར་ཞུ། །མཛའ་མཛའ་འདུས་པའི་ཕོ་ཁྲོམ་ལ། །ཆགས་སྡང་གི་ལོང་གཏམ་འཐག་པ་དེ། །དྲིན་ཅན་གྱི་བླ་མའི་ཐུགས་དཀྲུགས་ཤིང་། །རང་གཞན་གྱི་དགེ་སྦྱོར་གཅོག་པས་ན། །མཆུ་བསྡུར་ལ་དགའ་བ་མི་མཛད་ཞུ། །ཉམས་ལེན་བྱེད་པའི་ཆོས་པ་ལ། །དགྲ་གཉེན་ཉེ་རིང་མི་ཡོང་བས། །མཐུན་མཐུན་གྲ་སྡེབས་ཀྱི་དཔུང་གཞིབས་ཏེ། །བསྟན་པ་བཤིག་པའི་དང་མ་ཡིན། །དཔེན་དང་སྡེབས་དཀྲུགས་མི་འཚལ་ལོ། །བླ་མ་དང་དགེ་འདུན་གྱི་སྐྱོན་གླེང་སྟེ། །རང་ཟོང་རང་གིས་འཚོང་བ་ཞིག་ལགས། །ཡོན་བདག་གཤེ་སྐུར་བྱེད་པ་དེ། །རྒྱལ་ཁམས་ཀུན་དད་པ་ཟློག་པ་ཞིག་འོང་། །མི་ནག་ལ་ཁ་སྤྱད་ཐལ་བ་དེ། །རང་ཚུགས་མི་ཟིན་གཞན་དབང་དུ་ཐལ། །ཆོས་ཚུགས་དང་ལྟག་ཚུགས་མ་ཤོར་བར། །འཛིན་ཚུགས་འཚམ་པོ་མཛད་པར་ཞུ། །དངོས་གྲུབ་ཀྱི་རྩ་བ་ཡིན་པས་ན། །བླ་མ་ལ་མོས་གུས་འབྲལ་མེད་འཚལ། །བྱིན་རླབས་ཀྱི་སྣ་ཁ་རྣོ་བའི་ཕྱིར། །ཡི་དམ་བསྒོམ་བཟླས་ལ་རེམ་པར་འཚལ། །བསྟན་པ་བསྲུང་དུས་དགོས་པས་ན། །ཆོས་སྐྱོང་གི་བཟླས་བརྗོད་བརྩོན་པར་ཞུ། །འཕྲལ་དུ་སྤྱོད་པ་གཙང་བ་དང་། །ཕུགས་སུ་དག་སྣང་ཆེ་བ་དང་། །མཆེད་གྲོགས་ནང་ཁ་གཤིན་པ་དང་། །མགོ་ཡང་བློ་མང་མི་བྱེད་པ། །སྒོམ་ཆེན་ཀུན་ལ་གནད་དུ་ཆེ། ། མངྒ་ལཾ།ལལ

  • October 2019

    རིག་འཛིན་རྣམ་བཞིའི་བཀའ་བགྲོས་འཆི་མེད་བདུད་རྩིའི་གངྒ་ཞེས་བ་བྱ་བ།

    རིག་འཛིན་རྣམ་བཞིའི་བཀའ་བགྲོས་འཆི་མེད་བདུད་རྩིའི་གངྒ་ཞེས་བ་བྱ་བ།ན་མོ་གུ་རུ་བུདྡྷ་དྷརྨཱ་སངྒྷ་ཡེ།ཀུན་བཟང་ངོ་བོ་ཀ་དག་གཉུག་མའི་དཔལ།།ཞིང་ཁམས་རང་བཞིན་ལྷུན་གྲུབ་ཀུན་དགྱེས་པ།།སྣ་ཚོགས་ཐུགས་རྗེ་ཆེན་པོ་རྡོ་རྗེ་འཆང་།།བཀའ་གཏེར་རིག་འཛིན་བརྒྱུད་པས་དགེ་ལེགས་སྩོལ།།བརྩེ་དུང་མཉམ་མེད་མཁྱེན་བརྩེ་ནུས་པའི་དཔལ།།སྔ་འགྱུར་བཀའ་གཏེར་མཛོད་ལ་དབང་འབྱོར་བས།།དབང་ལུང་མན་ངག་ཟབ་མོའི་སྨིན་གྲོལ་ཆོས།།གཏམ་སྙན་རིག་འཛིན་རྣམ་བཞིས་བགྲོ་གླེང་ཟབ།།རིག་འཛིན་ནམ་མཁའ་རྒྱ་མཚོའི་ཀློང་ཆེན་པོར།།དད་དམ་ཉི་ཟླས་མཛེས་པའི་འོད་གསལ་སྙིང་།།བསྟན་དང་འགྲོ་ལ་ཕན་བདེའི་ཕྲིན་ལས་གར།།ཕྱོགས་དུས་ཀུན་ཏུ་དར་རྒྱས་ཕུན་ཚོགས་གྱུར།།ཐོལ་བྱུང་དུ་ཨེ་མ་ཧོས་སྐྱིད་གླུ་རུ་ཕུལ་བར་དགེའོ།། །།

  • October 2019

    འཇའ་ལུས་འཕོ་ཆེན་སྐུ་བཞེངས་བི་མ་ལ།།

    འཇའ་ལུས་འཕོ་ཆེན་སྐུ་བཞེངས་བི་མ་ལ།།ཟགས་ཕུང་འོད་དུ་ཡལ་བའི་ལྕེ་བཙུན་རྗེ།།ཆོས་ཟད་ཡེ་ཤེས་མངོན་གྱུར་བླ་མ་རྗེ།།དབྱེར་མེད་རིག་པའི་གཤིས་ལུགས་གཅིག་དུ་གུས།། མ་སྨད་བསོད་ནམ་ཤེལ་གྱི་ཕྲེང་བ་ལ།།མི་ཚེའི་ཕྲེང་ཐག་དོན་མེད་མ་ཟད་པ།།མགོན་པོ་གང་གི་ཞལ་མཇལ་གསུང་ཐོས་སུ།།ལས་དབང་གོམ་ཁ་མདོ་སྨད་ཕྱོགས་འདི་སྐྱིད།། བུ་སྐྱེས་དོན་གོ་མ་ཆོད་སྡིག་ཡང་ཆོག།།མང་སྐམ་གྲགས་པ་མེད་པས་དམོད་ཡང་ཉན།།ཚེ་མཐའ་མི་འཁྱམས་ལྡོམ་པོ་ཡིན་ཡང་བཟོད།།ཆོས་དང་བླ་མས་མ་འཕངས་ང་རེ་དགའ།། ངན་ཡང་བླ་མས་ཚེ་རབ་མི་འབྲལ་གསུང་།།སྐྱོ་ཡང་ངེས་གསང་ཆོས་ཀྱི་བགོས་སྐལ་ཐོབ།།འཁྱམས་ཡང་མཆོག་གསུམ་དད་གུས་སེམས་ནས་བརྟན།།རྒས་ཡང་གདམ་པའི་ཉིང་བཅུད་ཟས་དང་ལྡན།། ངུས་ན་བླ་མའི་ཞལ་རིས་ཡིད་ལ་འཁོར།།ཀུན་རྟོགས་སྤྲོས་པའི་རྒྱུན་ཐག་དལ་གཅིག་ཆད།།དྲན་ན་གདུང་བའི་མུན་པ་དབྱིངས་སུ་དག།བྱིན་རླབས་ཡེ་ཤེས་ཉི་མ་སྙིང་ལ་ཤར།། གང་ཤར་རང་གྲོལ་སྟོང་བའི་མཚོན་ཁ་ནས།།གཉིས་འཛིན་སྤྲོས་པའི་རས་ཡོལ་ཕྱེད་གཤག་ངང་།།མ་བཅོས་རིག་པ་བླ་མའི་ངོ་བོར་མཐོང་།བློ་བདེའི་དཔའ་གླུ་རིང་མོ་དབང་མེད་ཤོར།། སྨྱོན་པའི་གཏམ་ལས་མེད་མོད་ཐུགས་རེ་བདེན།།སེམས་ཞེན་སྒོམ་ལས་མེད་དོ་གསུང་དེ་རྨད།།ཆེན་པོའི་ཐུགས་དང་མི་འཚམ་སྨྱོན་རྟག་འགའ།།ཙོང་ཆུའི་གྲུ་ཟུར་ཉུལ་བས་ཆང་ཕོར་ནས།།

  • October 2019

    ༄༅། །གླིང་བྲོ་བདེ་ཆེན་རོལ་མོ་བཞུགས་སོ། ། དང་པོ་བྲོ་ཡི་བྱིན་ཕེབ་ནི། །མོས་གུས་གདུང་བའི་ཡིད་མཆོག་གིས། །རབ་བསྐུལ་ཞི་ཞིང་དགའ་བའི་ཉམས། །སྙན་འགྱུར་ཚངས་པའི་དབྱངས་ལྟ་བུ། །གླུ་ནི་འདི་ལྟར་བླང་བར་བྱ། ། ཨོཾ། ལོ་འུ་ལ་ཨ་ཧོ་ཡ་སོགས། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། །བག་བྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །ཕོ་རྒྱུད་དཔའ་བའི་བྱིན་ཆེན་ཕོབས་ཤོག ། ཨ་ཧོ་ཡ་སོགས། བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། །རྐང་བའི་བྲོ་དང་ལག་པའི་གར་སྟབས། །ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས། །བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ།།བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག ། བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག། འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག། ཨ་ཧོ་ཡ་སོགས། ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །མ་གཡེལ་ཐུགས་རྗེས་དགོངས་ཤིག་ནོར་བུ། །ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག། ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ།ལེའུ་ཚན་དང་པོའོ། །དེ་ནས་བུད་མེད་རྣམས་ཀྱིས་ནི། གླུ་ནི་འདི་བཞིན་བླང་བར་བྱ། ཨོཾ། སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ། །མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ། །བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ཤོག །གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །མོ་རྒྱུད་མཛེས་པའི་བྱིན་ཆེན་ཕོབ་ཤོག།བུ་མོས་ཨ་མ་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །ཡིད་ལ་དྭངས་སྨན་ཌཱ་ཀི་དྲན་ནས། །རྐང་བའི་བྲོ་དང་ལག་པའི་གར་ཐབས།།ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་ཉི་མ་གསལ་བའི་མཁའ་འགྲོ། །བརྩེ་བའི་ཟླ་བ་རྒྱས་པའི་ཡུམ་ཆེན། །བྱིན་རླབས་གློག་ལྟར་མྱུར་བའི་དྭངས་སྨན། །དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ།།འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །ཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན།།མ་གཡེལ་ཐུགས་རྗེས་དགོངས་ཤིག་སྒྲོལ་མ། །མ་ཡིས་བུ་མོ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ། ཞེས་སོ། །དེ་ནས་མཆོད་ཅིང་བསྟོད་པའི་གླུ། །ཕོ་མོ་ཁྱད་མེད་ཅི་བདེར་བླངས། །བཀྲ་ཤིས་དར་གྱི་འཕྱངས་འཕྲུལ་ཐོགས། །སྒེག་ཅིང་འཛུམ་པའི་ཚུལ་གྱིས་ནི། །ཡིད་འཕྲོག་ངག་གིས་བླང་བར་བྱ། ། ཨཱཿ སྐུ་རྗེ་སེང་ཆེན་ཡིད་བཞིན་ནོར་བུ། །རྩ་གསུམ་དགྲ་བླའི་སྤྲིན་དཔུང་འཁྲིགས་པ། །བདེ་ཆེན་དྭངས་སྨན་ཌཱ་ཀིའི་ཚོགས་དང་། །དགྱེས་བཞད་ཆགས་པའི་ཉམས་འགྱུར་གཡོ་ཞིང་། །ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། བྱིན་རླབས་གཟི་བྱིན་འབར་བར་བཞུགས་ལ། །འདིར་ཚོགས་དད་ལྡན་བདག་ཅག་རྣམས་ཀྱིས། །གནས་ལུས་ལོངས་སྤྱོད་མཆོད་པར་འབུལ་ན། །བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛོད་ཅིག ། ཨ་ལ་ལ་སོགས། མཛེས་མཛེས་ལུས་ཀྱི་བྲོ་གར་སྟངས་སྟབས། །སྙན་སྙན་ངག་གི་གླུ་དབྱངས་འགྱུར་ཁུགས། །དུང་དུང་སེམས་ཀྱི་དད་གུས་གདུང་ཤུགས། །ཡང་ཡང་སེང་ཆེན་རྗེ་ལ་མཆོད་དོ། ། ཨ་ལ་ལ་སོགས། སྔོན་ཚེ་སེར་པོ་ཧོར་གྱི་ས་ནས།…