July 2019

གདོད་མའི་མགོན་པོ་མི་ཕམ་རིན་པོ་ཆེ་རྗེས་སུ་དྲན་པ་བཅོས་མིན་དད་པའི་གདུང་དབྱངས།

གདོད་མའི་མགོན་པོ་མི་ཕམ་རིན་པོ་ཆེ་རྗེས་སུ་དྲན་པ་བཅོས་མིན་དད་པའི་གདུང་དབྱངས།

༡ 
རྒྱལ༵་ཀུན་མཁྱེན་པའི་མེ་ལོང་དྷཱིཿཡིག་མཚན།།
རྒྱལ༵་བསྟན་དུས་ཀུན་གསལ་བྱེད་དམར་སེར་འཆང་།།
རྒྱལ༵་སྲས་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་བ།།
རྒྱལ༵་དབང་མཚོ་སྐྱེས་བརྒྱུད་པར་བཅས་ལ་བསྔགས།།


དྲི༵་མེད་དྭངས་གཙང་འོ་མའི་མཚོ་གླིང་ནས།།
དྲི༵་བྲལ་གཟི་དཔལ་བཀྲ་བའི་ཆུ་ཤེལ་དབང་།།
དྲི༵་མའི་མུན་ཚོགས་གཏིང་ནས་ཡོངས་གསལ་བ།།
དྲི༵་མེད་སྣང་གཏེར་མཚོ་སྐྱེས་བླ་མ་རྒྱལ།།

གང༵་གི་བུ་སློབ་གསེར་རིའི་ལྷུན་པོའི་ཕྲེང་།།
གང༵་ཞིག་སྨྲ་བའི་རྒྱལ་པོ་འཇིགས་བྲལ་བ།།
གང༵་སྣང་བརྡ་དང་དཔེ་རུ་ཤར་གཟིགས་པ།།
གང༵་ཞིག་མི་ཕམ་མི་ཡི་སེང་གེར་བསྔགས།།

གངས་རིའི་མེ་ཏོག་འཛུམ་པའི་ས་ཡི་ཆར༵།།
ཆར༵་ལྡན་ཟླ་ཀླུང་གཡུ་འབྲུག་ནོར་བུའི་ཚལ༵།།
སྣོད་བཅུད་དགེ་བའི་ལེགས་ཚོགས་འཕེལ་བའི་གནས།།
ཞིང༵་འདིར་ངོ་མཚར་སྐུ་ཡི་མེ་ཏོག་བཞད།།

ཆུང་ནས༵་དད་དང་ངེས་འབྱུང་ནོར་གྱིས་ཕྱུག།
ཡེ་ནས༵་ཐབས་དང་ཤེས་རབ་ཟུང་དུ་འཇུག།
གདོད་ནས༵་ཆོས་སྐུའི་ངོ་བོར་སངས་རྒྱས་པ།།
སྐྱེ་ནས༵་ཕྲེང་བར་མཛད་འཕྲིན་མཁའ་དང་མཉམ།།

སྨྲ་བའི་སེང་གེའི་ཞལ་གཟིགས་ཁྱེད་ལ༵་ཐོབ། ། 
འཇམ་དབྱངས་མཁྱེན་བརྩེའི་ཐུགས་རྒྱུད་སྙིང་ལ༵་འཕོས། ། 
བློ་གཏེར་དབང་པོའི་བྱིན་རླབས་ཡིད་ལ༵་སྨིན། ། 
མི་ཕམ་འཇམ་པའི་དབྱངས་ལ་གསོ༵ལ་བ༵་འདེ༵བས། ། 

གཏེར་སྟོན་བསོད་རྒྱལ་ཨ་འཛོམས་འབྲུག་སྤྲུལ་རྗེ༵། ། 
རྫོགས་སྤྲུལ་ལྔ་བ་དཔལ་སྤུངས་སི་ཏུ་རྗེ༵། ། 
ཀུན་བཟང་དཔལ་སོགས་གྲུབ་པའི་དབང་ཕྱུག་བཅས། །
ཡབ་རྗེ་མི་ཕམ་མགོན་པོར་གསོ༵ལ་བ༵་འདེ༵བས། ། 

བྷོ་ཊའི་མཁས་དབང་སྟོང་གིས་ཟླ་བྲལ་བ། ། 
དཔལ་རིའི་དགེ་བཤེས་བློ་བཟང་ར༵བ་གསལ་ལ། །
བརྒལ་ལན་རྩོད་ལ་རིག་པའི་དཔའ་བོ་མཆོག ། 
མི་ཕམ་འཇམ་དབྱངས་བླ་མར་གསོ༵ལ་བ༵་འདེ༵བས། ། 

རྒྱབ་བརྟེན་ལུང་གི་མདུན་ནས་ཁྱེད་མི༵་ཕམ༵། ། 
དམ་བཅའ་རྡོ་རྗེའི་ཁྲི་ལས་ཁྱེད་མི༵་ཕམ༵། ། 
རིགས་འཕྲུལ་ཁྲི་མ་འབུམ་གྱིས་ཁྱེད་མི༵་ཕམ༵། ། 
མི་ཕམ་ཡིད་བཞིན་ནོར་བུར་གསོ༵ལ་བ༵་འདེ༵བས། །
༡༠
སྤོབས་པ་གླང་པོའི་སྟོབས་ཀྱིས་ཁྱེད་མི༵་ཕམ༵། ། 
གཟི་བརྗིད་སེང་གེའི་འགྱིང་གིས་ཁྱེད་མི༵་ཕམ༵། ། 
ཐལ་ངག་ལྕགས་ཀྱི་སྡེར་མོས་ཁྱེད་མི༵་ཕམ༵། ། 
མི་ཕམ་ཐམས་ཅད་མཁྱེན་པར་གསོ༵ལ་བ༵་འདེ༵བས། ། 
༡༡
འཇམ་དཔལ་དྲག་པོས་མི་དང་མི་བཞི༵ན་རྩེད། ། 
གེ་སར་སྐྱེས་བུ་ལུས་དང་གྲིབ་བཞི༵ན་འགྲོགས། །
ཆོས་སྐྱོང་དགྲ་ལྷས་མ་དང་བུ་བཞི༵ན་སྲུང་། །
རྩ་གསུམ་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །
༡༢
ངོ་བོ་ཆོས་སྐུ༵་དྲུག་པ་རྡོ་རྗེ་འཆང་། །
རང་བཞིན་ལོངས་སྐུ༵་རྒྱན་དང་དཔེ་བྱད་ཅན། །
སྣ་ཚོགས་སྤྲུལ་སྐུ༵་གང་ལ་གང་འདུལ་བ། །
སྐུ༵་གསུ༵མ་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །
༡༣
ཡེ་ན༵ས་སངས་རྒྱས་གོ་འཕང་མངོན་དུ་གྱུར། ། 
རིང་ན༵ས་ཆོས་ཀྱི་བདེན་པ་ཐུགས་ལ་གཏམས། ། 
གདོད་ན༵ས་རྒྱལ་སྲས་འཕགས་པའི་ཚུལ་འཛིན་པ། །
དཀོན་མཆོག་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །
༡༤
ཁྱེད༵་ཀྱི་ཡོན་ཏན་གངས་རི་ལས་ཀྱ༵ང་མཐོ། ། 
ཁྱེད༵་ཀྱི་བཀའ་དྲིན་ས་འཛིན་ལས་ཀྱ༵ང་བརྗིད། །
ཁྱེད༵་ཀྱི་མཁྱེན་རྒྱ་ནམ་མཁའ་ལས་ཀྱ༵ང་ཆེ། །
མཁྱེན་གཏེར་ནོར་བུའི་མཛོད་ལ་ཕྱ༵ག་འཚ༵ལ་ལོ༵། །
༡༥
སྤྱིར་ན་ཤཱཀྱའི་བསྟན་ལ་བཀའ་དྲིན་ཆེ༵། །
ལྷག་ཏུ་སྔ་འགྱུར་ཡོངས་ཀྱི་མགོན་གཅིག་པུ། །
ཁྱད་པར་རྫོགས་པ་ཆེན་པོའི་རང་ལུགས་ཆེ༵། །
འཛིན་སྐྱོང་སྤེལ་ལ་ཟླ་བྲལ་ཕྱ༵ག་འཚ༵ལ་ལོ༵། །
༡༦
མ༵དོ་སྔག༵ས་ཤེས་བྱ་ཀུན་ལ་ཆགས་ཐོགས་དབེན། ། 
མ༵དོ་སྔག༵ས་རྒྱུད་སྡེ་རྒྱ་མཚོ་ཐུགས་སུ་ཆུད། ། 
མ༵དོ་སྔག༵ས་མཁས་གྲུབ་སྟོང་གིས་འགྲན་བྲལ་བ། ། 
རྣམ་དཔྱོད་མཚུངས་པ་མེད་ལ་ཕྱ༵ག་འཚ༵ལ་ལོ༵། ། 
༡༧
ཁྱེད༵་ནི༵་མཁའ་ལྡིང་དབང་པོའི་གཤོག་པ་ཡི༵ན། ། 
ཁྱེད༵་ནི་དམར་ཡག་སྟག་གི་ང་རོ་ཡི༵ན། ། 
ཁྱེད༵་ནི༵་དྲི་མེད་པདྨ་དཀར་པོ་ཡི༵ན། ། 
ཁྱེད༵་ནི༵་དགོས་འདོད་འབྱུང་བའི་ནོར་བུ་ཡི༵ན། ། 
༡༨
བསྟན་པའི་རྒྱལ་མཚན་བསྒྲེངས་པའི་ཐུགས་བསྐྱེད་དཀ༵ར།།
འགྲོ་ཀུན་ཕ་མར་ཤེས་པའི་བྱམས་བརྩེ་དཀ༵ར།།
མཛད་འཕྲིན་ཟླ་བྲལ་གངས་ཀྱི་ལྷུན་པོ་དཀ༵ར།།
མཁས་བཙུན་སྙན་གྲགས་གླིང་བཞིའི་ཁྱོན་ན་དཀ༵ར།།
༡༩
ལེག༵ས་ལམ་སྟོན་པའི་བཤེས་ལ་བསྟེན་ཚུལ་ལེག༵ས།།
ལེག༵ས་གསུང་ཆོས་ཚུལ་རྒྱ་མཚོ་བཞེས་ཚུལ་ལེག༵ས།།
ལེག༵ས་པའི་མཛད་བཟང་བསྟན་འགྲོར་སྤེལ་ཚུལ་ལེག༵ས།།
ལེག༵ས་བཤད་ལུང་རིགས་འདབ་མ་གྲོལ་ཚུལ་ལེག༵ས།།
༢༠
མཁ༵ས་པའི་མཚན་སྙན༵་མི་ནུབ་སྲིད་རྩེར་བསྒྲེངས། །
བཙུ༵ན་པའི་སྤྱོད་བཟང་སྐྱེ་འགྲོའི་དཔལ་དུ་བསྐྲུན།།
བཟ༵ང་པོའི་མཛད་འཕྲིན་རིས་མེད་བསྟན་པའི་རྒྱན།།
ཁྱེད་ཉིད་ཟླ༵་བྲལ་ཀུན་མཁྱེན་ངག་གི་དབང་།།
༢༡
འཆ༵ད་ལ་ཐོགས་མེད་ཀླུ་ཐོགས་ཟུང་གི་གྲོག༵ས།།
རྩོད༵་ལ་ཟླ་མེད་ཕྱོགས་གླང་ཡབ་སྲས་གྲོག༵ས།།
རྩོམ༵་ལ་འགྲན་མེད་མཚོ་བྱུང་ལྷ་མོའི་གྲོག༵ས།།
ལུང་རིགས་རྫོགས་པའི་པཎ་གྲུབ་མཁས་དགུའི་གྲོག༵ས།།
༢༢
དང་པོར་སྐྱེས་ཐོབ་ཤེས་རབ་སྒྲོན་མེ་སྦར།།
བར་དུ་བས༵མ་པའི་ཉི་གཞོན་ནང༵་དུ་འཆར།།
ཐ་མར་སྒོམ༵་པའི་ཐིག་ལེ་གས༵ང་བར་སྨིན།།
ཐོས༵་བས༵མ་སྒོམ༵་པའི་གཏན་སྲིད་ཟིན་ལ་རྨད།། 
༢༣
ཆེ༵ད་དུ་སྦྱངས་ཤིང་ཆེ༵ད་དུ་མ་བསླབས་ཀྱང་། །
ཤེ༵ས་བྱའི་གནས་ལ་ཤེ༵ས་རབ་ཕུལ་དུ་ཕྱིན། །
རི༵ག་པའི་གཞོན་ཆུང་རི༵གས་ལམ་ཟླ་བྲལ་བས། །
ངེས༵་ཤེས༵་སྒྲོན༵་མེ༵་དགུང་གྲངས་བདུན་ནས་བརྩམས། ། 
༢༤
འབེལ་གཏམ་བཀྲོལ་ལ་རོང་ཟོམ་ལས་ཀྱང༵་བཟང་། །
སྔགས་ཀྱི་ཕྱོགས་ལ་དཔལ་སྤྲུལ་ལས་ཀྱང༵་མཁས། ། 
རིགས་ལམ་དགེ་བཤེས་ཁང་དམར་ལས་ཀྱང༵་རྣོ། ། 
ཟླ་བྲལ་ངག་གི་དབང་པོ་ཁྱེད་ལ་འདུད། ། 
༢༥
ནང་བསྟན་པད་དཀར་ལྗོན་པའི་སྡོང་པོ་མཛེ༵ས།།
སྒྲ་དང་ཚད་མ་རིག་པའི་ཡལ་ག་མཛེ༵ས།།
བཟོ་དང་གསོ་བའི་འབྲས་བུས་མངོན་པར་མཛེ༵ས།།
ཡོངས་རྫོགས་རིག་གཞུང་མེ་ཏོག་ཁྱེད་ལ་བཞད། ། 
༢༦
འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་རྨ༵ད། ། 
གསང་འབྲེལ་སྤྱི་དོན་ལུགས་ཀྱི་བསྟན་བཅོས་རྨ༵ད། ། 
ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་རྨ༵ད། ། 
ཁྱེད་ཀྱི་གསུང་རབ་བོད་བརྒྱུད་ནང་བསྟན་རྒྱན།།
༢༧
ཁྱེད༵་ལ༵་མཁས་མདོག་དྲེགས་པའི་ཆེ་ཉམས་མེ༵ད། ། 
ཁྱེད༵་ལ༵་བཙུན་སྙམ་བཅོས་མའི་ཨོ་ཟོབ་མེ༵ད། ། 
ཁྱེད༵་ལ༵་སྐུ་འཁོར་སྟོང་གི་ཤོམ་ར་མེ༵ད། ། 
ཆོག་ཤེས་ནོམ་གྱིས་ཕྱུག་གི་ཆོས་པ་བ། །
༢༨
མཐོན་པོའི་གསེར་ཁྲིར་མི་དགྱེས་རང་ག་བ༵། །
འབྱོར་བའི་ནོམ་ལ་མི་དགྱེས་གྲྭ་རྐྱང་བ༵། །
ཚེ་འདིའི་གཡེང་བར་མི་དགྱེས་བྱ་བཏང་བ༵། །
མི་ཕམ་མི་མེད་ལུང་བའི་སྒོམ་ཆེན་ཡིན། །
༢༩
རྨ༵ད་བྱུང༵་བསྟན་བཅོས་བང་རིམ་དཔང་མཐོ་བ༵། །
རྨ༵ད་བྱུང༵་དཀའ་གནད་རིག་པའི་ལྗགས་རྣོ་བ༵། །
རྨ༵ད་བྱུང༵་ལུང་རིགས་གཡུ་རལ་བརྗིད་ཆེ་བ༵། །
རྨ༵ད་བྱུང༵་མི་ཕམ་མཁས་དགུའི་གཙུག་གི་རྒྱན། །
༣༠
དྲ༵ན་དབང་ནགས་མའི་ཀླུང་གི་ཁྱུ་བྱུག་ཁྱེ༵ད། །
དྲ༵ན་གདུང་སྐར་ཚོགས་ཁྲོད་ཀྱི་དུང་ཟླ་ཁྱེ༵ད། །
དྲ༵ན་འཛིན་གངས་ཀྱི་རི་བོའི་སེང་ཆེན་ཁྱེ༵ད། །
དྲ༵ན་སྣང་དད་པའི་གདུང་དབྱངས་ཁྱེད་ལ་འབུལ། །
༣༡
རྗེས་དྲན་ངག་གི་གླིང་བུ་ཁྱེད་ལ་འབུད། །
རྗེས་བཟུང་བདེན་ཚིག་གསོལ་སྨོན་ཁྱེད་ལ་ཞུ། །
རྗེས་འཇུག་བུ་སློབ་ཐུགས་བརྩེས་མི་འདོར་བར། །
རྗེས་བཟུང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
༣༢
མཁྱེ༵ན་ནོ་མཁྱེ༵ན་ནོ་མི་ཕམ་རིན་པོ་ཆེ། ། 
དྲན༵་ནོ་དྲན༵་ནོ་འཇམ་དཔལ་ཡིད་བཞིན་ནོར། །
དད༵་དོ་དད༵་དོ་ཚེ་རབས་ཐམས་ཅད་དུ། །
མི༵་འབྲལ་མི༵་འབྲལ་རྗེས་སུ་འཛིན་གྱུར་ཅིག །

ཅེས་པ་འདི་སྔ་འགྱུར་རིག་འཛིན་བརྒྱུད་པའི་གྲལ་མཐའ་རུ་སྐྱེས་ཤིང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་སྐྱེ་ཀུན་ཚེ་རབས་ཐམས་ཅད་དུ་ལས་ཀྱི་མེ་ཏོག་ཕོག་ཅིང་། དམ་པ་ཁོང་ལ་མི་ཤིགས་པའི་དད་པ་ཅན་རྫ་འབྲུག་གྲགས་སྤྲུལ་སྐུ་ལུང་རྟོགས་བསྟན་པའི་ཉི་མར་འབོད་པ་དེས་འཇུ་དགོན་གསང་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་སྤྲུལ་ལས་སྣེ་མཆེད་གྲོགས་རྣམ་པས་ཞུ་ངོ་མ་བཅག་པའི་དོད་དང་། ཁྱད་པར་འཇམ་མགོན་མི་ཕམ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་བརྒྱ་དང་བརྒྱད་ཀྱི་རྗེས་དྲན་ལ་བསོད་ནམས་ཀྱི་ཟེགས་མ་རེ་ཐོབ་པའི་ཆེད་དུ་སྒྲ་རྒྱན་གྱི་ལམ་ནས་༼ ཤོ་ལོ་ཀ་མཚན་བཟང་སོ་གཉིས་ཀྱི་གྲངས་དང་ལྡན་པ་༽ འདི་ཉིད་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་༼ འཛམ་གླིང་དཔེ་ཀློག་གི་ཉིན་མོ་༽ ལ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

Leave a Reply

Your email address will not be published. Required fields are marked *