September 2019

༧རྒྱལ་དབང་༧ཀརྨ་པ་རིག་པའི་་རྡོ་རྗེའི་སྐུ་ཚ་མགོ་ལོག་ཨ་སྐྱོང་དཔོན་གྱི་སྲས་མཁས་དབང་སྟོབས་དགའ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།

༧རྒྱལ་དབང་༧ཀརྨ་པ་རིག་པའི་་རྡོ་རྗེའི་སྐུ་ཚ་མགོ་ལོག་ཨ་སྐྱོང་དཔོན་གྱི་སྲས་མཁས་དབང་སྟོབས་དགའ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།
སྟོབས་དགའ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༤༣་ལོར་ཡབ་འགུ་ལོག་ཨ་སྐྱོང་དཔོན་མགོན་ལྷ་དང་། ཡུམ་རྒྱལ་མཆོག་༡༦་པའི་སྐུའི་གཅེན་མོ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་བལྟམས་པའི་ཚེ་བལྟས་ངོ་མཚར་ཅན་དུ་མ་བྱུང་བ་རེད་ཅེས་བརྗོད་སྲོལ་འདུག དུས་མི་རིང་བ་མ་ཡུམ་མཆོག་འགུ་ལོག་ནས་སྡེ་དགེ་ཕྱིར་ལོག་གནང་བ་དང་ཆབས་ཅིག་སྲས་ཀྱང་ལྷན་ཅིག་ཁྲིད་གནང་། དགུང་གྲངས་བཞིའི་སྟེང་རྫོགས་ཆེན་དགོན་དུ་སྐུ་ཞང་རྫོགས་ཆེན་དཔོན་སློབ་རིན་པོ་ཆེའི་མདུན་འཇོག་གནང་མཛད། དེ་སྐབས་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་གསུངས་པ་དང་། དེ་བཞིན་འཇམ་མགོན་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་མཆོག་ནས། ཕྲུ་གུ་འདི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། འདི་རྒྱལ་དབང་ཀརྨ་པའི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་མ་འོངས་པར་འབྱུང་བར་ངེས་པས། འདིར་མ་བཞག་པར་གདན་ས་མཚུར་ཕུར་རང་དུ་ཕུལ་ཞེས་བཀའ་ཕེབས་པ་དང་འབྲེལ། ཀརྨ་བསྟན་སྐྱོང་དབང་པོ་ཞེས་པའི་མཚན་གསོལ། དེ་ནས་ཡུམ་དང་ལྷན་དུ་ལྷ་ལྡན་ཕྱོགས་སུ་ཕེབས་ཤིང་།གདན་ས་མཚུར་ཕུར་རྒྱལ་དབང་ཀརྨ་པའི་ཞབས་སར་བཅར་བ་དང་། དུས་དེ་ནས་བཟུང་གཙོ་བོ་རྒྱལ་བ་ཀརྨ་པ་དང་གདུན་མའི་རྡོ་རྗེ་སློབ་དཔོན་མཁས་དབང་འོད་ཟེར་དབང་ཕྱུག དེ་བཞིན་སྤྱི་ཁྱབ་མཁན་པོ་ཕྱོགས་ཀྱི་གླང་པོ། དབུ་ཆེན་ཀརྨ་ཚེ་དབང་། མཁས་དབང་རྩིས་པ་འོད་ཟེར་རབ་བརྟན། དྲུང་ཡིག་མཐུ་སྟོབས་སོགས་ཀྱི་མདུན་ནས་ཡིག་དཀར་ནག་འབྲི་ཀློག སྟན་རྩིས། འབུད་བརྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ། གཏོར་བཟོ་དཀར་རྒྱན་སོགས་དང་། དབང་ལུང་ཁྲིད་གསུམ། རིམ་གཉིས་ཀྱི་ཟབ་གནད་སོགས་ཕུལ་དུ་ཕྱིན་པ་སློབ་སྦྱོང་གནང་བ་དང༌། ཆབས་ཅིག་རྒྱལ་དབང་ཀརྨ་པའི་མདུན་ནས་སོ་ཐར་སྡོམ་པ་བཞེས། མཚན་ཀརྨ་གྲགས་པ་ཡོངས་འདུས་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་བསྩལ།
དགུང་གྲངས་བཅོ་ལྔའི་སྟེང༌། གདན་ས་མཚུར་ཕུའི་རྡོ་རྗེ་སློབ་དཔོན་དང་། སྒར་ཆེན་ཁྲི་པའི་གོ་གནས་བསྩལ། དེ་ནས་བཟུང་གྲུབ་དབང་དམ་པ་དིལ་ཡག་སྒྲུབ་དཔོན་བསྟན་འཛིན་མདུན་ནས་ནང་བརྟག་རྒྱུད་གསུམ་དང་རྒྱུད་པའི་ཟབ་གནད། ཐབས་ལམ་ནཱ་རོ་ཆོས་དྲུག གྲོལ་ལམ་ཕྱག་རྒྱ་ཆེན་པོ་བཅས་གསན་བཞེས་གནང་། དུས་སྐབས་དེར། ཁམས་ལ་དུས་འགྱུར་གྱི་རྐྱེན་གྱིས་སྐྱེས་བུ་དམ་པ་དུ་མ་ཞིག་དབུས་ཕྱོགས་སུ་ཕེབས་པ་དང་སྟབས་འཁེལ་ཏེ་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གསང་ཆེན་བསྟན་པའི་ཤིང་རྟ་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་ཆེན་དཔོན་སློབ་དྲུག་པ་འཇིགས་བྲལ་ཚེ་དབང་རྡོ་རྗེ། ཀ༔ ཐོག་སི་ཏུ་བྱམས་པ་ཆོས་ཀྱི་ཉི་མ། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བླ་མ་ཀ་ལུ་རིན་པོ་ཆེ། དེ་བཞིན་རྫོགས་ཆེན་མཁན་པོ་ཨོ་རྒྱན་མགོན་པོ། ཞེ་ཆེན་མཁན་པོ་ཨ་ཆུང་སོགས་ཀྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་གནད། སྨིན་གྲོལ་དབང་ལུང་སོགས་རྒྱ་ཆེར་གསན་བཞེས་གནང་། རྗེས་སོར་རྒྱ་གར་དུ་ཕེབས་ནས་རྒྱལ་བའི་དབང་པོ་ཀརྨ་པའི་མདུན་ནས་བཀའ་བརྒྱུད་སྔགས་མཛོད། གདམས་ངག་མཛོད། དེ་བཞིན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གྲུབ་དབང་སངས་རྒྱས་མཉན་པ། གནས་ནང་དཔའ་བོ་རིན་པོ་ཆེ། མཁས་དབང་སྤོམ་མདའ་མཁན་པོ་རྡོ་རྗེ། ཁམས་སྤྲུལ་བརྒྱད་པ་དོན་རྒྱུད་ཉི་མ། མཁས་དབང་བར་གཞིས་སྐུ་ངོ་ཕུན་ཚོགས་དབང་རྒྱལ་སོགས་ཀྱི་མདུན་ནས་མུ་མཐུད་དེ། མདོ་སྔགས་རིགས་གནས་བཅས་པ་གསན་བཞེས་ཀྱིས་མཁས་པའི་དབང་པོར་གྱུར།།
གདན་ས་རུམ་བཏེགས་སུ་མཚུར་ཕུ་དགོན་གྱི་ཕྱག་བཞེས་ལྟར་མགོན་སྒྲུབ་དང་། ཕུར་སྒྲུབ། ཚེས་བཅུ་སོགས་དང་བརྒྱུད་སྡེ་ཁག་གི་འདོན་རྟ་དབྱངས། གར་ཐིག གཏོར་བཟོ་དཀར་རྒྱན་སོགས་མཐོང་རྒྱུན་གྱི་ཕྱག་བཞེས་རྣམས་སློབ་འཁྲིད་གནང་བ་དང་། དེ་བཞིན་བློ་གསར་གཞོན་སྐྱེས་རྣམས་ལ་བོད་ཀྱི་རིག་གནས་སོགས་སློབ་འཁྲིད་གནང་བ་རེད། དགུང་གྲངས་ཉེར་བདུན་སྟེང་སྐྱ་སར་བབས་ཏེ། འཇིག་རྟེན་ལུགས་མཐུན་འབྲུག་རྒྱལ་གསུམ་པ་འཇིག་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་སྐུ་ཡི་གཅུང་མོ་ཨ་ཞི་ཆོས་སྐྱིད་དང་ལྷན་དུ་གཉེན་སྒྲིགས་གནང་། དེ་སྐབས་རྒྱལ་དབང་ཀརྨ་པ་མཆོག་ནས་སྐར་ཆེན་ཕྱག་མཛོད་ཀྱི་གོ་གནས་བསྩལ། རྗེས་སོར་རྒྱལ་བའི་དབང་པོ་ཀརྨ་པ་ཞིང་ཁམས་གཞན་དུ་ཕེབས་རྗེས་གདན་སར། ཕྱི་ནང་གི་ཕྱག་ལས་མཐའ་དག་ལ་གཟིགས་རྟོག་
ལེགས་པར་གནང་། འདི་སྐབས་བླ་མའི་སྐུ་རྒྱུ་ཁོ་ན་ཁོག་ཏུ་བཅང་ཞིང་། ཆོས་དང་བླ་མའི་དམ་ཚིག་གང་ལའང་མི་སེམས་པར། ཚེ་འདིའི་བདེ་འབྲས་ཁོ་ན་དོན་དུ་གཉེར་བའི་ཕྱི་ནང་གི་གྲགས་ཅན་མི་སྣ་མང་པོས་རིན་པོ་ཆེ་ལ་མཆོག་ལ་ནག་ཉེས་འགེལ་གྱི་འཁྱལ་གཏམ་དུ་མ་ཞིག་སྤེལ་སོང་ཡང་། དེ་དག་ནི་ཁུངས་མེད་ཁོ་ནའོ། རྗེས་སོར་རྒྱ་གར་རྒྱལ་ས་དིལླིར། དཔལ་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་ཁང་དུ་ལོ་ལྔའི་རིང་སློབ་ཁྲིད་གནང་བ་དང་། མཐར་དགུང་གྲངས་ལྔ་བཅུ་ང་བདུན་སྟེང་དགོངས་པ་ཞི་དབྱིངས་སུ་གཤེགས་པ་རེད། སྐུ་གཤེགས་སྐབས་ཀྱང་ཉིན་གཉིས་ཀྱི་རིང་ལ་ཐུགས་དམ་བཞུགས་པ་སོགས་ངོ་མཚར་དུ་བྱུང་སོང་། མདོར་ན་མཁས་དབང་དམ་པ་འདི་ནི། སྐུ་ན་ཆུང་ངུའི་དུས་ནས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པས། མདོ་སྔགས་རིག་གནས་གང་ལའང་ངེས་ཤེས་ཕུ་ཐག་ཆད་ཅིང་། སློབ་ཁྲིད་གནང་སྐབས་ཀྱང་། ཚིག་གོ་བདེ་ལ། དོན་བསྡུས་པ། སྒྲ་དག་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་ཞིང་། རྒྱུན་དུ་ཐུགས་རྒྱུད་སྒམ་པ་དང༌། ལོ་རྒྱུས་སོགས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་གནང་བ་ལས་འཇིག་རྟེན་ཆགས་སྡང་སོགས་ཀྱི་གཏམ་ལ་རྩ་བ་ནས་ཐུགས་མི་དགྱེས་པ་ཞིག་ཡིན། རྟག་ཏུ་བླ་མའི་རྣལ་འབྱོར་ལ་བརྩོན་པ་ཞིག་སྟེ། སྐུ་གཤེགས་ལ་ཉེ་སྐབས། ཕྲན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞལ་མཇལ་བྱུང་ཞིང་། སྨན་པ་ནས་ཁོང་གི་ན་ཚ་དེ་བཅོས་ཐབས་མེད་པའི་ཐག་བཅད་བྱུང་སོང་ཞེས་བཀའ་ཕེབས་དང་འབྲེལ་སྤྱིར་ན་འཆི་སོགས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ་ཡིན་ཚུལ། དབུ་མའི་གྲུབ་མཐའ་ནས་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་ཚུལ་དང་། ཁྱད་པར་བླ་མ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མོས་གུས་ལྟེམ་རྐྱང་ཡོད། འཆི་ཁ་དང་བར་དོ་སོགས་ལ་འཇིགས་པ་མེད་ལུགས་བཅས་ཞིབ་ཏུ་གསུངས་ཤིང་། འཆི་དྲོད་ཀྱི་གདེངས་འདི་ལྟ་བུ་དངོས་སུ་མཐོང་དུས་རང་ལ་ནི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་ཀྱང་བྱུང་ངོ༌། ། དེ་སྐད་མཁས་དབང་སྟོབས་དགའ་རིན་པོ་ཆེའི་ལོ་རྒྱུས་མདོར་བསྡུས་ཞིག་སུམ་འགྲེལ་མུ་ཏིག་ཕྲེང་མཛེས་ཀྱི་སྐྱོན་སེལ་དྲང་པོའི་ངག་ཅེས་པའི་དེབ་ཐེར་གྱི་སྔོན་བརྗོད་དུ་བྲིས་རོགས་ཞེས་ཚུལ་ཁྲིམས་བཟང་པོ་ནས་བསྐུལ་བ་ལྟར། མཁས་དབང་དམ་པ་འདི་དང་ལོ་མང་རིང་མཉམ་གཤིབས་ཀྱི་དཔལ་ཀརྨ་པའི་གདན་སའི་ཞབས་ཞུ་མཁན་ཀརྨ་ཆོས་གྲགས་བསྟན་འཕེལ་གྱིས་བྲིས་པའོ།། །། དགེ་ལེགས་འཕེལ།།

༼མཁས་དབང་སྟོབས་དགའ་མཆོག་གི་གསུང་རྩོམ་ལས་གུས་པས་མཇལ་མྱོང་བ་ནི༽
༡༽ ༡༩༩༣ ལོར བཀའ་བརྒྱུད་གསེར་ཕྲེང་གི་རྣམ་ཐར་རབ་འབྱམས་ཟླ་བ་ཆུ་ཤེལ་གྱི་ཁ་སྐོང་། ྋརྒྱལ་བ་ཀརྨ་པ་༡༣་ནས་༡༤་བར་གྱི་རྒྱུད་པའི་རྣམ་ཐར་གྱི་སྐོར།
༢༽ ༡༩༩༠༣ ལོར། སུམ་འགྲེལ་མུ་ཏིག་ཕྲེང་མཛེས་ཀྱི་སྐྱོན་སེལ་དྲང་པོའི་ངག་ཅེས་བྱ་བ། སི་ཏུ་ཆོས་འབྱུང་གི་སུམ་རྟགས་འགྲེལ་ཆེན་ལ། ཚེ་བརྟན་ཞབས་དྲུང་ནས་ཐོན་མིའི་ཞལ་ལུང་དུ་སྐྱོན་བརྗོད་གནང་བ་ལ་སྐྱོན་སེལ།
༣༽ ༡༩༠༤ ལོར། གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ་ཞེས་བྱ་བ། ཞལ་ཆེམས་ལས་ཀརྨ་པ་༡༦་པའི་ཡང་སྲིད་ཀྱི་
རྩོད་རྙོག་གི་བྱུང་རིམ།
༤༽ ༡༩༩༦ ལོར། བཀའ་བབས་བཞི་འཛིན་གྱི་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་དད་པའི་ས་བོན་ཞེས་བྱ་བ། བཀའ་བབས་བཞི་དང་ཆེ་བཞི་ཆུང་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།
ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་ཞུ་དམར་༡༤་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གིས་མཛད་པའི་ྋརྒྱལ་མཆོག་༡༤ པའི་རྣམ་ཐར་ཀུའི་དྲི་བསུང་ཞེས་པ་ནའང་ མཁས་དབང་སྟོབས་དགའ་ནམ་རྒྱལ་མཆོག་༡༦་པའི་རྣམ་ཐར་ཉིན་ཐོ་རྒྱས་པ་ཞིག་ཟིན་བྲིས་བཀོད་ཡོད་པ་གསལ་ལ། གཞན་ཡང་ཁོང་གིས་མཛད་པའི་གསུང་རྩོམ་ཐོར་བུ་རིགས་མང་པོ་ཞིག་དང་ཡིག་ཆ་གལ་ཆེན་ལྕགས་སྐམ་གོང་ཙམ་ཀ་ལིང་པོང་ཡོད་པ་ན། ཁྲིམས་རྩོད་པ་ཧ་མལ་ཟེར་བ་ཞིག་དང་འགའ་ཞིག་གིས་བརླག་གཏོར་ཕྱིན་པའི་ལོ་རྒྱུས་འདུག་པས། གསེར་སྲང་ཁྲི་ལས་ལྷག་པའི་གྱོང་གུད་རེད། ཧ་ཅང་གི་ཕམ་པོ་རེད། གུས་པ་ནི་དམ་པ་ཁོང་དངོས་སུ་མཇལ་བའི་སྐལ་བཟང་མ་ཐོབ་ཀྱང་། ཨ་མའི་ངག་ནས་ཁོང་ནི་མིའི་ནང་ནས་གཡང་ལྟ་བུ་ཞིག་རེད། ཟེར་བ་སོགས་ཆུང་དུས་ནས་ཡང་ཡང་ཐོས་པའི་བག་ཆགས་དང་། ཡང་ཁོང་གི་གསུང་རྩོམ་ ཚིག་སྦྱོར་སྟན་ལ་དོན་སྙིང་གསལ་བ་ བྲོ་བ་ཆེ་ལ་ནུས་པ་ལྡན་པ་ ཚོར་སྣང་ཟབ་ལ་འཁྲུག་ཆ་དོད་པའི་གཏམ་སྣ་ཚོགས་ཀུན་རྟོག་རི་མོ་སོགས་ཡང་ཡང་བཀླག་པར་བརྟེན་བག་ཆགས་གཏིང་ཟབ་བཞག་སོང་། ཁོང་གི་སྐོར་ལ་ཤེས་འདོད་མང་པོ་བྱུང་ལ། ཡུན་རིང་ཁོང་གི་སྐུ་འཁོར་དུ་བཅར་མྱོང་ཞིང་རྒྱུས་ཡོད་དག་ལ་འདྲི་སྐབས། ཁོང་ནི་ཧ་ཅང་གི་མི་གཤིས་བཟང་པོ་ཡོད་ལ་ ཁྲོས་པ་དང་བཀའ་བསྐྱོན་གནང་བ་སོགས་རྩ་ནས་མཐོང་མ་མྱོང་ལ། དུས་རྒྱུན་དུ་
གནས་ཚུལ་ཛ་དྲག་པོ་ག་ཚད་ཡོད་ནའང་ཐུགས་ལྷོད་པ་དང་ བཀའ་མོལ་དལ་པོ་དང་འཇམ་པོ་གསུང་མཁན་ཞིག་ཡིན་ཟེར། གཟིམ་ཆུང་ནང་དུ་བཅར་སྐབས་ཕལ་ཆེ་བ་ཕྱག་དཔེ་གཟིགས་པ་དང་འབྲི་བ་སོགས་གནང་བཞིན་ཡོད་ཟེར།
ཁོང་གི་གཟུགས་བྱད་ནི། སྐུ་གཟུགས་རིང་པོ་ལ་ཧ་ཅང་གི་ཉམས་དོད་པོ་དང་བབས་ཆགས་པོ། ཤང་གི་གཟེངས་མཐོ་ཞིང་སྨིན་མ་
དང་དབུ་སྐྲ་གནག་ལ་སྣུམ་པ། ལྷད་མེད་ཀྱི་འཛུམ་མདངས་དང་ཟབ་ནན་གྱི་སྤྱན་ཟུང་། དུལ་བའི་ངང་ཚུལ་བཅས་ཀྱིས་མཇལ་བ་ཙམ་གྱིས་དམ་པ་ཞིག་ཡིན་པ་དཔོག་ནུས་ཟེར། སྔོན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་ཨ་པད་སོགས་དམ་པ་དུ་མས། མཁས་པ་ཟེར་ན་སྟོབས་དགའ་ལགས་འདྲ་དགོས་ཅེས་སྟོད་བསྔགས་ཡང་ཡང་གནང་བའི་ལོ་རྒྱུས་འདུག་ལ། འབྲུག་རྒྱལ་བཞི་པ་སོགས་བློན་ཆེན་ཁག་ནས་ཧ་ཅང་གིས་རྩི་བཀུར་དང་སློབ་སྟོན་ཞུ་ས་ཡང་ཡིན་རབས་འདུགདམ་པའི་ངང་ཚུལ་བཟང་པོས་སྔོན་གདན་སའི་བླ་མ་བགྲེས་པ་ཁ་ཅིག་སྤྲུལ་སྐུ་རྣམ་པ་ལས་ཁོང་ལ་དད་པ་ཆེ་བ་ཡོད་ཟེར། མདོར་ན་ཁོང་ནི་དུས་རབས་ཉི་ཤུ་པའི་ནང་གི་བཀའ་བརྒྱུད་པའི་མཁས་དབང་ཞིག་དང་ཕོ་རབ་ཞིག་རེད་ལ། ངའི་ཡང་ཆེས་དགའ་སའི་མཁས་དབང་ཞིག་ཡིན།

Leave a Reply

Your email address will not be published.