September 2019

དེ་རིང་ནས་ངས་དཀར་ཟས་ཀྱི་ལམ་བུ་བདམས་པ་ཡིན།

དེ་རིང་ནས་ངས་དཀར་ཟས་ཀྱི་ལམ་བུ་བདམས་པ་ཡིན། ལྷ་རམས་པ་ཧ་ཤེན་རིན་པོ་ཆེས།
དེ་རིང་ནི་ང་ལ་མཚོན་ན་དུས་ཚོད་དམིགས་བསལ་བ་ཞིག་ཡིན། ངས་ས་ཆ་དམིགས་བསལ་བ་འདི་འདྲ་ཞིག་བདམས་ནས་རང་ངོས་ནས་སེམས་ཐག་གཙང་བཅད་ཀྱིས་མི་ཚེ་འདིར་དཀར་ཟས་པ་ཞིག་བྱ་རྒྱུར་དམ་བཅས་པ་ཡིན། མ་གཞི་དེང་སང་དཀར་ཟས་ཟ་མཁན་གྱི་མི་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་། ཁྱད་པར་རྒྱ་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ལྟ་བུར་མཚོན་ན་ནང་པའི་རྗེས་འཇུག་ཅིག་གི་ངོས་ནས་དཀར་ཟས་ཟ་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་དང་། གྲྭ་པ་བླ་མ་ཞིག་གི་ངོས་ནས་དཀར་ཟས་ཟ་བ་ནི་གཞི་རྩའི་བླང་བྱ་ཞིག་ཏུ་ངོས་འཛིན་བྱེད་པ་རེད། ཡིན་ན་ཡང་། ང་ཚོ་བོད་ལ་མཚོན་ན་སྔོན་ནས་མཐོ་སྒང་གི་ཁོར་ཡུག་སོགས་ཀྱི་རྒྱབ་ལྗོངས་ཀྱི་དབང་གིས་དམར་ཟས་ལ་མ་སྟེན་པར་འཚོ་ཐབས་མེད་པ་ལྟ་བུ་རེད། དེར་བསྟེན་དགེ་འདུན་པ་ཡིན་ཡང་ཤ་ཟ་བ་གཏན་ནས་འགོག་པ་ཞིག་བྱུང་མེད། ང་རང་སྒེར་ངོས་ནས་ཞུས་ན་ད་བར་དངོས་གནས་ཤ་ལ་སྲེད་ཞེན་ཆེན་པོ་ཡོད་པ་ཞིག་ཡིན་ལ། ད་བར་ངས་ཤ་ཟོས་པ་འདི་གསང་སྔགས་ཀྱི་དམ་ཚིག་དང་། ཡང་ན་ཐེག་ཆེན་གྱི་སྙིང་རྗེ་སོགས་རྒྱུ་མཚན་དུ་བྱས་ནས་དམིགས་བསལ་གྱི་དུད་འགྲོ་སེམས་ཅན་ལ་ཕན་སེམས་ཀྱིས་ཟོས་པའི་སྐད་ཆ་དེ་འདྲ་མིན་ལ། རང་ཉིད་བླ་མ་སྤྲུལ་སྐུ་ཞིག་གི་མིང་ཡོད་པའི་ཆ་ནས་ཉེས་སྒྲིབ་ཀྱིས་མི་གོས་པའི་དམིགས་བསལ་གྱི་གདེངས་ཚོད་ཡོད་པ་དེ་བས་ཀྱང་མིན།

ཤ་ཟ་བ་འདི་ཐེག་པ་ཆེན་པོའི་སྙིང་རྗེའི་ཉམས་ལེན་གྱི་ངོས་ནས་བསམ་ནའང་འདྲ། དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་འདྲ་མཉམ་གྱི་གཞི་རྩའི་ལྟ་གྲུབ་ཀྱི་ངོས་ནས་བསམ་ནའང་འདྲ། གང་ལྟར་འོས་ཤིང་འཚམས་པ་ཞིག་མིན་པའི་ལྟ་ཚུལ་དེ་སྔར་ནས་ཡོད་ལ། སྔར་ཡང་ལོ་མང་སྔོན་ལོ་གཉིས་ཙམ་ཞིག་ལ་ཤ་བཅད་པ་ཡིན་མོད། དེ་རྗེས་ཡང་བསྐྱར་དམར་ཟས་གཏན་དུ་མཚམས་འཇོག་ཐུབ་པ་ཞིག་བྱུང་མ་སོང་།
ལར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས་རྣམ་གསུམ་དག་པའི་ཤ་རབ་ཏུ་བྱུང་བ་དག་ལ་གནང་ཡོད་པ་ནི་དངོས་ཡོད་རེད་ལ། དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་བཀྲལ་བ་ལྟར་ཉན་ཐོས་དག་གི་དབང་དུ་བྱས་ནས་གསུངས་པ་དང་། ཉན་ཐོས་ཀྱི་འདུལ་བ་རང་རྐང་གི་དབང་དུ་བྱས་ན་དེ་ཉིད་སྒྲ་ཇི་བཞིན་དུ་ཁས་ལེན་ཆོག་པ་ཞིག་ཡིན་པར་སྣང་མོད། ཐེག་པ་ཆེན་པོར་དད་ཅིང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་རྒྱུད་ལ་བླངས་ཟིན་པ་ཞིག་གི་ངོས་ནས་ནི་ཤའི་ཁ་ཟས་འདི་ཉིད་ཟོས་ན་མི་རུང་བ་ཞིག་ཡིན་པ་དང་། ཤའི་རོ་ལ་སྲེད་པ་དང་བཅས་པའི་སྒོ་ནས་ཟོས་ན་དེ་ཉིད་རྣམ་གསུམ་དག་པའི་ཤ་ཚད་ལྡན་ཞིག་འགྱུར་བ་ཤིན་ཏུ་དཀའ་བ་ཡིན་པས་ཐེག་ཆེན་གྱི་ལམ་དུ་ཞུགས་ཟིན་པ་ཞིག་ཡིན་ན་ཤ་གཏན་ནས་མི་ཟ་བ་དེ་གལ་ཆེ་བ་ཡིན་ཚུལ་སྡོམ་གསུམ་ཐུབ་བསྟན་ཕྱི་དོར་དུ་འདི་སྐད་དུ།

ཤ་ཟོས་ན་རང་དོན་དུ་ཤ་ལ་སྲེད་པ་དྲག་པོ་སྐྱེ་ཞིང་། དེའི་དབང་གིས་སྙིང་རྗེ་ཆེན་པོ་ཉམས་པར་འགྱུར་བའི་དགག་བྱ་འདྲེན་པའམ། འདྲེན་དུ་དོགས་པའི་ཐེག་པ་ཆེན་པོ་པའི་དགེ་སློང་ངམ། དགེ་ཚུལ་ལམ། རྒྱལ་པོའམ། བློན་པོའམ། གྲོང་དཔོན་ནམ། ཁྱིམ་ན་གནས་པའི་བུད་མེད་དག་གིས་ཀྱང་ཤ་བཟ་བར་མི་བྱ་བ་ཡིན་ལ། ཞེས་དང་། དེས་ན་བྱང་ཆུབ་སེམས་དཔར་ཁས་ལེན་ཅིང་དམ་བཅའ་བ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལན་བརྒྱ་ཕྲག་ཅིག་བླངས་པ་དག་གིས་ནི། ཤ་མི་ཟ་བ་ལྟ་ཅི་སྨོས། ཞེས་དང་། ཐེག་པ་ཆེ་ཆུང་གི་མདོ་གང་ལས་ཀྱང་ཤའི་རོ་ལ་ཆགས་པའི་སྲེད་པས་ཤ་བསྙེན་པར་གནང་བ་མེད་དོ། ། ཞེས་དང་། ཤའི་རོ་ལ་ཆགས་པའི་སྲེད་པའི་དབང་གིས་ཤ་ཟ་བ་རུང་བར་འདུལ་བ་ལས་གནང་ངོ་ཞེས་ཁོ་བོ་ཅག་ནི། རྣམ་པ་ཐམས་ཅད་དུ་མི་སྨྲ་ལ། དེ་འདྲ་བ་སྐྱོན་མེད་པར་གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲའོ། །ཞེས་གསུངས་པ་སོགས་སྔོན་གྱི་དམ་པ་དག་གི་གསུངས་གི་གདམས་པའི་གནས་ལ་ཡང་བསམ་བློ་གང་ཐུབ་ཐུབ་ཀྱིས་བཏང་བ་དང་གཅིག ། ཡང་རང་ཉིད་གཞན་ལ་དགེ་སྡིག་བླང་དོར་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་ཏུ་ཁས་འཆེ་བའི་ཆ་ནས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་སྣང་མེད་དུ་གཏོང་བའི་འཚོ་བ་འདི་ལ་འཐད་ལྡན་གྱི་འགྲེལ་བཤད་དང་རྒྱུ་མཚན་བློ་ཁ་ཁེངས་པ་ཞིག་ནམ་ཡང་མི་རྙེད་པ་ལྟ་བུར་འདུག་པ་དང་གཉིས། ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ཡོད་པ་ལས་། དང་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པར་མཚོན་ན། སྤྲང་པོ་བདག་ལྟ་བུར་ཟང་ཟིང་གི་སྦྱིན་པ་ཞིག་ཡོང་ཐབས་པ་མེད་པ་དང་། ཆོས་ཀྱི་སྦྱིན་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། ཆོས་སྦྱིན་ཉོན་མོངས་ཅན་མིན་པར། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་པ་ལྟར། གང་ཐུབ་ཀྱི་བརྩོན་ཁུལ་དང་། དེས་ན་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི་གཞན་གྱི་ཚེ་སྲོག་བསྐྱབས་ཏེ་ཚེ་ཐར་གཏོང་རྒྱུ་དེ་ཡིན་ན་ཡང་། དེང་གི་དུས་འདིར་གཞན་གྱི་ཚེ་སྲོག་སྐྱོབ་ཚུལ་ཡག་ཤོས་དེ་ནི་རང་ཉིད་ཀྱི་དམར་ཟས་སྤངས་རྒྱུ་ཡིན་པར་ངེས་ལ། སྤྱིར་དེང་གི་དུས་འདིར་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་དང་རྗེས་སུ་མ་འབྲེལ་བའི་ཟས་རིགས་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཡིན་ནའང་། ལྟོས་ས་ལྟོས་འཇོག་གི་ཆ་ནས་བཤད་ན་དམར་ཟས་སྤངས་ན་དེ་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡག་ཤོས་ཞིག་རེད་འདུག་སྙམ་པ་དང་གསུམ་སྟེ། དོན་དག་འདི་གསུམ་གྱི་ཕྱོགས་ལ་རང་ངོས་ནས་དུས་ཡུན་རིང་པོར་བསམ་བློ་བཏང་རྗེས་ད་ནི་རང་ཉིད་ཀྱིས་གང་མགྱོགས་དམར་ཟས་འདི་ཉིད་མཚམས་འཇོག་ཐུབ་པ་ཞིག་བྱ་དགོས་ངེས་རེད་ཨང་སྙམ་པའི་བསམ་བློ་ཤུགས་ཆེན་པོ་བཅོས་མིན་དུ་བྱུང་བ་ནི་ངའི་དེ་རིང་གི་དམ་བཅའ་འདིའི་རིང་བའི་རྒྱུ་རྐྱེན་ཡིན།

དེ་ཡང་ཁོ་བོ་སྐྱེ་བ་འདི་ལ་མཚན་ལྡན་གྱི་བླ་མ་བཅུ་ཕྲག་གསུམ་ལ་ཉེ་བའི་མདུན་ནས་སོར་བྱང་སྔགས་གསུམ་གྱིས་བསྡུས་པའི་ཆོས་ཀྱི་བདུད་རྩི་ཟབ་མོ་ལོངས་སུ་སྤྱོད་པ་ལས་ཐོག་མར་བོད་དུ་ཡོད་སྐབས་ངེས་པ་དོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་གི་ཞལ་སྔ་ནས་ལས་སྐྱེ་བ་འདིར་ཐོག་མར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཞུས་པ་དང་། དེ་ནས་རྒྱ་གར་འཕགས་པའི་ཡུལ་ནས་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཁོ་ནའི་དྲུང་ནས་ཀྱང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་སྔ་ཕྱིར་ལན་གྲངས་བཅུ་ཕྲག་མང་པོར་མནོས་ཤིང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་དགེ་བའི་བཤེས་གཉེན་བཟང་ལ་མང་བ་མང་པོའི་དྲུང་ནས་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་ལུགས་ཀྱི་ཤིན་རྟ་ཆེན་པོ་གཉིས་ཀྱི་གཞུང་ལ་ཡང་སྙིང་རུས་བསྐྱེད་ནས་ཅུང་ཟད་སྦྱངས་པ་ལས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་རྒྱུ་མཚན་དང་འབྲེལ་བའི་དད་པ་དང་ཡིད་ཆེས་བཅོས་མ་མ་ཡིན་པ་རྙེད་པའི་བྱིན་རླབས་དང་ དེ་ནས་ཉེ་ཆར་ཐའེ་ཝན་དུ་ཞིབ་འཇུག་ཚོགས་པའི་ལས་འཛིན་ཆོས་གྲོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དེང་གི་དུས་ཀྱི་རྩོད་མེད་ཡོངས་གྲགས་ཀྱི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ། བཅོས་མ་མིན་པའི་སྙིང་རྗེ་དང་བྱང་སེམས་རིན་པོ་ཆེ་ཐུགས་ལ་མངའ་བའི་བྱང་ཆུབ་སེམས་དཔའ་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་ཐའེ་ཝནདུ་འདུས་པ་སྟོང་ཕྲག་གཉིས་ལ་ཉེ་བར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་རིན་པོ་ཆེ་ལེགས་པར་གནང་བ་ཞུ་བའི་སྐལ་བཟང་བྱུང་སྐབས་གུས་པའི་སེམས་ལ། ལར་ཡང་བོད་གངས་ཅན་གྱི་ཆོས་བརྒྱུད་ཁག་ནི་རྩ་བ་གཅིག་ལས་གྱེས་པའི་ཤིང་སྡོང་གི་ཡལ་ག་དང་ལོ་འདབ་ལྟ་བུར་ཡོད་ལ། ཁྱད་པར་དུ་རང་ཉིད་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་རྒྱུད་ཀྱི་མདོ་དང་སྔགས་ཀྱི་ཡོན་ཏན་དང་། ཁོང་གི་བརྒྱུད་པ་རིན་པོ་ཆེ་འདིའང་སྐབས་དེར་བོད་དུ་ཡོད་པའི་ཆོས་བརྒྱུད་ཁག་གི་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་དེ་དག་གི་ཐུགས་ཀྱི་བཅུད་ཕྱུངས་པ་འབའ་ཞིག་ཡིན་པ་ལྟར། སྔར་རྗེ་རིན་པོ་ཆེའི་དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས་སྐབས་སུའང་ཐོག་མར་སྐབས་དེའི་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་དོན་གྱི་རྒྱལ་ཚབ་ཏུ་བཞུགས་པ་སྤྱན་སྔ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་མནོས་པ་རེད་འདུག་ལ། འབྲི་གུང་བཀའ་བརྒྱུད་ཀྱི་སེམས་བསྐྱེད་དང་འཕོ་བའི་བརྒྱུད་པ་ལ་དམིགས་བསལ་གྱི་རྟེན་འབྲེལ་དང་བྱིན་རླབས་ཀྱི་ཟབ་ཁྱད་ཀྱང་ཆེན་པོ་ཡོད་པ་ཡོངས་སུ་གྲགས་པར་མ་ཟད། རང་རེའི་དེ་རིང་དངོས་སུ་སེམས་བསྐྱེད་ཞུ་ཡུལ་དུ་གྱུར་པའི་བླ་མ་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ནི། གུས་པ་རང་ཉིད་རྟོག་གེ་བ་ཞིག་དང་ཡོད་ཚད་ལ་དད་པ་ཞོག་ཆོག་ཆོག་དང་ཆོས་འབྲེལ་ཞུ་ཆོག་ཆོག་གི་དད་པ་དག་སྣང་ཅན་དེ་འདྲ་ཞིག་མིན་ན་ཡང་། བླ་མ་ཁོང་ལ་སེམས་ཀྱི་གཏིང་ནས་དད་པ་དང་མོས་གུས་བཅོས་མ་མ་ཡིན་པ་སྐྱེས་པའི་ཐོག་ནས་ད་ཐེངས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་སྡོམ་ཞུས་ནས་ལོ་དྲུག་བརྒྱ་བཞི་བཅུ་ཞེ་དྲུག་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་རྩ་ལག་དམ་པ་ཁོང་ཉིད་ཀྱི་མདུན་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ལ་ཁྱད་དུ་འཕགས་པའི་རྟེན་འབྲེལ་གྱི་གནད་བཟང་པོ་ཡོད་ངེས་པར་མ་ཟད། ་རང་ངོས་ནས་ལས་འཕྲོ་ཤིན་ཏུ་བཟང་པོ་བྱུང་སྙམ་པའི་དགའ་ཚོར་བཅོས་མ་མ་ཡིན་པ་ཞིག་སེམས་གཏིང་ནས་སྐྱེས་པ་དང་མཉམ་དུ། ད་ཐེངས་ངས་ཡོང་ལ་ཉེ་བའི་ཧིན་རྡི་ཉི་ཞི་ཡར་༼གསེར་གླིང་རྒྱལ་ཁབ་༽གནས་བསྐོར་དུ་འགྲོ་བའི་གོ་སྐབས་བཟང་པོ་དེ་སྤྱད་དེ་ངས་བཀའ་གདམས་བསྟན་པའི་མེས་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་གསེར་གླིང་པ་མཇལ་བའི་གནས་ཁྱད་པར་ཅན་དེར་ཉིད་དུ་ཤའི་ཁ་ཟས་འདི་གཏན་ནས་མཚམས་འཇོག་གི་དམ་བཅས་འབུལ་ངེས་ཡིན་སྙམ་དུ་དུས་ཐོག་དེར་སེམས་ཐག་གཙང་བཅད་བྱས་པ་ཡིན། དེ་ནི་རང་ཉིད་ངོས་ནས་རྒྱལ་ཀུན་སྙིང་རྗེའི་རིང་གཟུགས་ཆེན་པོ་མཆོག་གིས་དབུས་པའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་རང་རྒྱུད་ལ་སྩོལ་བའི་བླ་མ་རྣམ་པར་ཕུལ་བའི་སྒྲུབ་པའི་མཆོད་པ་ཆུང་ངུ་ཞིག་ཏུའང་བསམ་པ་ཡིན་ཏེ། འདི་ནི་ངས་རང་ཉིད་ཀྱིས་དམར་ཟས་མཚམས་འཇོག་གི་ཐག་ཅོད་དངོས་སུ་བྱས་པའི་ཉེ་བའི་རྒྱུ་རྐྱེན་ཡིན་ནོ། །

དེ་ནས་སྔར་གྱི་འཆར་གཞི་ལྟར། ཉིན་འདི་དཀར་ཇོ་བོ་གསེར་གླིང་པའི་གདན་ས་སྟེ། སྔར་གྱི་གསེར་གླིང་གི་རྒྱལ་ཁབ་ཅེས་ཐེག་པ་ཆེན་པོ་སྔགས་དང་བཅས་པ་ཤིན་ཏུ་དར་བའི་ནང་པའི་རྒྱལ་ཁབ། ད་ལྟའི་དུས་ན་ཀླ་ཀློ་དག་གིས་བཟུང་བས་ནང་པའི་བསྟན་པ་ནི་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་གྱི་དགོན་པ་དང་། མཆོད་རྟེན། དཀྱིལ་འཁོར་སོགས་ཀྱི་གནའ་ཤུལ་མང་པོ་ཡོད་པ་ཙམ་ལས་སྔར་གྱི་བྱུང་བ་མཐའ་དག་ལོ་རྒྱུས་སུ་གྱུར་ཟིན་པའི་ས་ཆ་འདིར་དངོས་སུ་བསླེབས།

ཕལ་ལྟས་ཚོད་ལ་ས་ཆ་འདིར་ང་ཚོའི་མིག་ལམ་ལ་མཐོང་དུ་ཡོད་པ་ནི་ཆག་འཇིག་ཏུ་ཕྱིན་པའི་ལོ་རྒྱུས་ཀྱི་གནའ་ཤུལ་ཙམ་ལས་གང་ཡང་མེད་པ་ལྟར་སྣང་ན་ཡང་། སྤྱིར་ནང་པའི་རྗེས་འཇུག་པ་ཞིག་དང་། ཁྱད་པར་ཇོ་བོ་ཡབ་སྲས་ཀྱི་རྗེས་སུ་ཞུགས་པ་དག་གི་སེམས་ནང་དུ་དམིགས་བསལ་གྱི་རིན་ཐང་བླ་མ་མེད་དུ་ཡོད་པ་ཞིག་ཡིན་ཏེ། དེ་ཡང་སྐབས་ཤིག་ཏུ། ཇོ་བོ་རྗེ་ལྷ་གཅིག་དེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་ན་བཞུགས་པའི་མདོ་སྔགས་ཆོས་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བཞེས་པ་ལས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་མཐར་ཕྱིན་ཞིག་གི་ཕྱིར་དེའི་མན་ངག་ཡོངས་སུ་རྫོགས་པ་མངའ་བའི་ལས་འབྲེལ་ཅན་གྱི་བླ་མ་ཞིག་གང་ན་ཡོད་རྩད་བཅད་པ་ན། ལྷ་དང་བླ་མ་དུ་མའི་ལུང་བསྟན་མང་པོ་དང་ཇོ་བོ་རང་གིས་ཀྱང་བརྟགས་པ་ཡང་དུ་མ་གནང་བས་བླ་མ་གསེར་གླིང་པ་དེ་ཉིད་ཁོ་ན་རང་ཉིད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོན་པའི་བླ་མ་ཡིན་པར་མཁྱེན་ཏེ་ཐེག་པ་ཆེན་པོའི་སྨོན་འཇུག་གི་སྡོམ་པ་དང་གདམས་ངག་ཞུ་བའི་ཆེད་ཟླ་བ་བཅུ་གསུམ་རིང་བཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་གསད་དེ་མཚོ་ཐོག་ཏུ་གྲུ་གཟིངས་སུ་ཞུགས་ཏེ་གསེར་གླིང་ཡུལ་དུ་ཕེབས། བླ་མ་གསེར་གླིང་པ་དང་མཇལ་ཞིང་བྱང་ཆུབ་སེམས་ཀྱི་གདམས་པ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མངོན་རྟོགས་སོགས་ཀྱི་གདམས་ངག་དུ་མ་ཞུས་པ་ཐུགས་ཉམས་སུ་བཞེས་ཏེ་བླ་སློབ་གཉིས་ལོ་ངོ་བཅུ་གཉིས་རིང་ཐུགས་ཡིད་གཅིག་འདྲིས་ཀྱིས་ས་ཆ་འདིར་བཞུགས་པ་རེད། ཕྱིས་སུ་ཡང་ཇོ་བོའི་ཞལ་ནས། བདག་ལ་བཀའ་དྲིན་ཅན་གྱི་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད། དེ་ཐམས་ཅད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་འབའ་ཞིག་སྟེ། ཐམས་ཅད་རྟོགས་པ་མཉམ་པ་ཤ་སྟག་ཡིན་ནའང་དེ་རྣམས་ལས་བཀའ་དྲིན་ཆེ་ཤོས་ནི་བླ་མ་གསེར་གླིང་པ་ཉག་གཅིག་ཡིན་གསུངས་ཏེ་རྒྱུན་དུ་གསེར་གླིང་པའི་མཚན་ཐོས་མ་ཐག་ཕྱག་ཐལ་མོ་སྤྱི་བོར་སྦྱོར་བར་མཛད་པའི་ཚུལ་གསུངས་ཡོད།

དེ་ནས་ཇོ་བོ་རྒྱ་གར་དུ་ཕྱིར་ཕེབས་ཏེ་བསྟན་པ་དང་འགྲོ་བའི་རྒྱ་ཆེར་མཛད་ནས་ཞུགས་བཞིན་པ་དེ་ལྟ་ན་ཡང་། སྐབས་དེར་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་ཉེས་ཤིན་ཏུ་ཆེ་བའི་སྐབས་ཤིག་ཏུ་ཁེལ་ཡོད་པས་ཚུལ་དེ་བོད་ཀྱི་རྒྱལ་པོས་ཐུགས་ཀྱིས་མ་བཟོད་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་ཡོང་བའི་ཐུགས་རེ་དང་བཅས་བརྩོན་པ་ཆེན་པོས་ཕོ་ཉ་བ་མངགས་ནས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་སྐབས་ཇོ་བོས་བརྟགས་པ་དུ་མ་མཛད་པ་དང་། ལྷག་པར་དུ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ། ཇོ་བོ་བོད་དུ་ཕེབས་ན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ནའང་སྐུ་ཚེ་ལོ་ཉི་ཤུས་ཐུང་བ་ཡོང་བའི་ལུང་བསྟན་གནང་ངོ་། །

དེ་ལ་ཇོ་བོས་རྗེས། གལ་ཏེ་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པ་ཞིག་བྱུང་ན་ང་ལོ་ཉི་ཤུས་ཚེ་ཐུང་བར་གྱུར་ནའང་གང་ཡང་མི་སྐྱོན་གསུངས་ཏེ་བོད་དུ་འཕེབས་རྒྱུའི་ཞས་བཞེས་གནང་ཤིང་བོད་དུ་ཕེབས། བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་པའི་བསྟན་པའི་སྲོག་འཐུད་པའི་བསྟན་བཅོས་ཀྱང་མང་པོ་བརྩམས། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་སོགས་བརྒྱུད་པ་ཟིན་ངེས་ཀྱི་སློབ་མའང་མང་པོ་བསྐྱངས་ཏེ། མཐར་བོད་ཡུལ་དུ་སངས་རྒྱས་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སོགས་ཀྱིས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད་དེ་ལོ་ངོ་བཅུ་བདུན་རིང་བོད་དུ་ཞུགས་པ་ཡིན། མདོར་ན་མཁན་སློབ་ཆོས་གསུམ་གྱི་རྗེས་ན་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཁོང་གིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་སེམས་དཔའ་ཆོས་འཕགས་ཀྱི་དྲུང་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའ་ིགདམས་པ་ཞུས་པ་དང་ཚུལ་མཚུངས་པའི་དཀའ་བ་ཆེན་པོ་སྤྱད་ནས་གནས་འདིར་དངོས་སུ་ཕེབས་ཏེ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པའི་དྲུང་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གདམས་པ་ཞུས་པ་སོགས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་པ་རེད།

དེས་ན་གནས་འདི་ནི་ཇོ་བོ་རྗེ་ཡབ་སྲས་ཀྱི་རྣམ་ཐར་ལ་དད་མཁན་ཚང་མ་དང་འདྲ་བར་ངའི་སེམས་སུའང་ཆེས་ཤིན་ཏུ་གལ་ཆེ་བའི་གནས་མཆོག་ཅིག་ཏུ་གྲུབ་ཡོད་ལ། དུས་ཡུན་རིང་པོ་ནས་གནས་འདི་ལ་འགྲོ་རྒྱུའི་བདུན་པ་ཤུགས་དྲག་ཡོད་པ་ལྟར་དེ་རིང་དངོས་སུ་བསླེབས་ཐུབ་པ་བྱུང་བ་རེད། དེང་དུས་ཀྱི་འགྲིམ་འགྲལ་ཆ་རྐྱེན་དང་སྦྱིན་བདག་དད་སློབ་དག་གི་བཀའ་དྲིན་གྱིས་ཇོ་བོ་རྗེ་ས་གནས་འདིར་ཕེབས་པ་ལྟ་བུ་མཚོ་ཐོག་ཁོ་ན་ནས་ཀྱང་ཟླ་བ་བཅུ་གསུམ་ལ་འགྲུལ་བཞུད་དགོས་པ་དེ་འདྲ་ནི་མ་བྱུང་ན་ཡང་། གང་ལྟར་ད་ཐེངས་ས་ཆ་འདིར་ཡོང་བ་ནི་རང་ངོས་ནས་མི་ཚེའི་ནང་གི་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས་ཡོང་བ་ལྟར། དེ་རིང་ངས་འདིར་དངོས་སུ་བླ་མ་གསེར་གླིང་པ་དང་ཇོ་བོ་ཨ་ཏི་ཤ་མཇལ་འཛོམས་གནང་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གདམས་པ་ཞུ་ཡུལ་གྱི་ས་ཆ་འདི་ནས་སར་བསྡད་དེ། སངས་རྒྱས་གཉིས་པ་ལྟ་བུའི་བདག་ཉིད་ཆེན་པོ་དེ་དག་གི་རྣམ་པར་ཐར་པ་ཡིད་ལ་བྱས་ཤིང་། མཚུངས་པ་མེད་པའི་བཀའ་དྲིན་དང་ཐུགས་རྗེ་རྗེས་སུ་དྲན་བཞིན་ལུས་ཀྱི་བ་སྤུ་ལྡངས་བ་དང་མིག་ནས་འཆི་མ་འཁྲུག་འཁྲུག་གི་བར་དད་བདུན་དྲག་པོས་གསོལ་འདེབས་དང་འབྲེལ་སྨོན་པ་དང་འཇུག་པའི་བྱང་ཆུབ་སེམས་ཀྱི་སྡོམ་པ་རིན་པོ་ཆེ་རྒྱུད་ལ་བླངས།

མཐར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་གསུང་ཁྱད་པར་ཅན། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། རླབས་ཆེན་སྤྱོད་པ་ཀུན་གྱི་གཞི་དང་རྟེན། ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། རབ་འབྱམས་དགེ་ཚོགས་བསྡུད་པའི་གསོད་ནམས་གཏེར། དེ་ལྟར་ཤེས་ནས་རྒྱས་སྲས་དཔའ་བོ་རྣམས། རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་སོགས་ཀྱི་གསོལ་བ་སྨོན་ལམ་ཤུགས་དྲགས་འདེབས་པ་དང་ཆབས་གཅིག དེ་ཡང་དམ་པ་གོང་མའི་རྣམ་ཐར་ལ་ཡོད་པ་བཞིན་གནས་རྩ་ཆེན་དེ་འདྲ་ལ་སླེབས་སྐབས་དགེ་བའི་བྱ་བ་ཆུང་ཆུང་ཞིག་ལས་མ་བྱུང་ནའང་དམ་བཅའ་འཇོག་པ་བཞིན། ད་རེས་གནས་རྩ་ཆེན་འདིར་སླེབས་སྐབས་སྨོན་ལམ་འདེབས་པ་ཙམ་མ་ཡིན་པར་ས་ཆ་འདི་ནས་ངས་ཤའི་ཁ་ཟས་དེ་ཉིད་གཏན་དུ་སྤོངས་དགོས་སྙམ་པ་སྔར་ནས་ཐག་གཅོད་བྱས་ཟིན་པ་བཞིན། གནས་རྩ་ཆེན་འདི་ཀ་རང་དུ་དེ་རིང་གི་དུས་འདི་ནས་བཟུང་སྟེ་མི་ཚེ་འདིར་དམར་ཟས་གཏན་དུ་སྤངས་ཏེ་དཀར་ཟས་འབའ་ཞིག་ལ་རྟེན་རྒྱུ་ཡིན་ཞེས་དམ་བཅའ་དངོས་སུ་བཞག་པ་ཡིན་ལ། དེ་ལྟར་ཀུན་སློང་རྣམ་པར་དག་པས་བྱས་པའི་དམ་བཅའ་འདིའི་མཐུ་ལ་བརྟེན་ནས་ཀྱང་ཉམ་ཐག་པའི་དུད་འགྲོ་དག་གི་ཚེ་སྲོག་ལ་འཇིགས་པ་དང་བྲལ་བའི་རང་དབང་གི་དགའ་བ་ཐོབ་པ་དང་། ལྟོས་བཅས་དག་གིས་མཚོན་པའི་སྐྱེ་བོ་གཞན་དག་གིས་ཀྱང་། དོན་དམ་པའི་སྲོག་བླུ་སྟེ་རང་ཉིད་ནས་མགོ་བཙུགས་ཏེ་དཀར་ཟས་ལ་རོལ་བའི་བགྱི་བ་འདི་ཉིད་རིམ་གྱིས་དང་ལེན་ཐུབ་པ་ཞིག་འབྱུང་བར་སྨོན་ལམ་རྩེ་གཅིག་ཏུ་བཏབ་པ་ཡིན་ནོ། །

སྤྱིར་དགེ་བའི་བྱ་བ་གང་འདྲ་ཞིག་ཉམས་སུ་བླངས་ཀྱང་གཞན་ལ་སྒྲོགས་པ་མ་ཡིན་པར་མངོན་ཆུང་གི་སྒྲུབ་དགོས་པ་དམ་པ་གོང་མའི་ཕྱག་གཞེས་སུ་ཡོད་ནའང་། དེ་རིང་འདིར་བྱུང་རིམ་དང་བཅས་ཅུང་ཟད་ཞིབ་མོར་ཡི་གེར་བྲིས་པ་ནི། གཞན་དགེ་བ་ལ་བསྐུལ་བར་བྱ་བའི་ཕྱིར་དང་། རང་ཉིད་ཀྱི་གང་དམ་བཅས་པའི་དམ་བཅའི་དོན་བརྟན་པར་ཡོང་བ་བཅས་ཀྱི་ཆེད་དེ་དགོས་པ་གཉིས་ལ་དམིགས་པ་ཡིན་ནོ། །
སེར་སྨད་ལྷ་རམས་པ་ཧ་ཤེན་སྤྲུལ་མིང་པས་ཕྱི་ལོ་༢༠༡༩ཟླ་༠༩ཚེས་༡༨ ཉིན་བྲིས།

Leave a Reply

Your email address will not be published.