October 2019

གངས་ཅན་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་གུ་རུ་
རིན་པོ་ཆེའི་ཐུགས་རྒྱུད་བསྐུལ་ཕྱིར་
བཛྲ་གུ་རུའི་དགེ་སྐུལ།

ཆོས་དབྱིངས།

དེ་ཡང་གངས་ཅན་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་བཀའ་དྲིན་མཚུངས་མེད་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་རྒྱུད་བསྐུལ་ཏེ་བཛྲ་གུ་རུ་ཅི་ནུས་སུ་འདོན་རྒྱུ་དང་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་པ་དང་། ཁྱད་པར་དུ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་དར་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མ་ནས་ཡང་ནས་ཡང་དུ་གསུངས་པ་དཔེར་མཚོན་ཙམ་འགོད་ན།

གཏེར་ཆེན་ལས་རབ་གླིང་པའི་རྒྱལ་ཁབ་སྤྱིའི་ལུང་བསྟན་ཐམས་ཅད་ཀྱི་ནང་དོན་མདོར་བསྡུས་ཏེ་གཏེར་སྟོན་ཉིད་ཀྱི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། རྒྱལ་ཁབ་སྤྱི་ལ་ཕན་ཐབས་གཉེན་པོ་ཡོད་པ་རྣམས་མདོར་བསྡུས་ཏེ་ཚང་བར་བྲིའོ། །རྒྱལ་ཁབ་ཀྱི་མི་བདེ་སྤྱིའི་གཉེན་པོ་བཛྲ་གུ་རུ་ཁོ་ན་གལ་ཆེ་ཚུལ་དང་།། ཞེས་སོགས་གསུངས་པ་དང་།

བདུད་འཇོམ་ལུང་བསྟན་ལས།

དཔལ་རྡོ་རྗེ་ཕུར་པ་མ་གཏོགས་པའི༔
དུས་སྙིགས་མའི་བདུད་མགོ་གང་གིས་གནོན༔
དཔལ་ཨོ་རྒྱན་ཆེན་པོ་མ་གཏོགས་པའི༔
བོད་ཐུགས་རྗེས་སྐྱོང་མི་སུ་ཞིག་ཡོད༔ ཅེས་དང་།

རྡོ་གྲུབ་ཆེན་གྱི་ལུང་བསྟན་ལས།

སྡེ་མཆོག་དམན་ཀུན་བསམ་པ་སྤྱི་དྲིལ་གྱིས།།
ལྷ་ཨོ་རྒྱན་གྱི་རྣམ་ཐར་གསུང་སྒྲོག་དང་།།
ལེའུ་བདུན་མ་བཛྲ་གུ་རུ་སོགས༔
གང་མང་དུ་འདོན་དང་། ཞེས་དང་།

ཁྱད་པར་དུ་པདྨ་བཀའ་ཐང་དང་།།
ལེའུ་བདུན་དང་བསམ་ལྷུན་གང་མང་སྒྲུབ།།
སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་རྟེན།།
ཅི་མང་དུ་བཞེངས་ན་ཕན་དང་བདེའི།།
མངོན་རྟོགས་གཟུགས་མཐོང་ལ་ཐེ་ཚོམ་མེད།། ཅེས་དང་།

ཅོག་སྟེང་མདོ་སྤྲུལ་གྱི་ལུང་བསྟན་ལས།

རྗེ་པད་འབྱུང་ལ་རྒྱུན་དུ་གསོལ་བ་ཐོབ༔ ཅེས་དང་།

ཨ་པཾ་གཏེར་སྟོན་གྱི་ལུང་བསྟན་ལས།

བོད་སྡུག་གི་དུས་ལ་ཐུག་པའི་ཚེ། །
ལྷ་པད་འབྱུང་ལས་གཞན་སུ་ཡིས་སྐྱོབ། །
དད་མེད་ཀྱི་བདུད་ཀྱིས་ཀ་ཞ་སྒྲོག༔
རྒྱལ་བ་རྣམ་མཉམ་པར་གསུང་ཡིན་སྨྲ༔

དང་པོ་ནི་གང་ཅན་འགྲོ་བ་ལ༔
ཐུགས་བསྐྱེད་ཀྱི་སྨོན་ལམ་ཁྱད་པར་ཡོད། །
བར་དུ་ནི་རྗེ་དང་བླ་མའི་ཚུལ༔
བཟུང་ནས་སུ་བསྟན་པའི་ཁྱད་པར་གཉིས༔

ཐ་མ་རུ་སྙིགས་མའི་འགྲོ་བ་ལ༔
ཐུགས་བརྩེ་བའི་གཏེར་གྱི་ཁྱད་པར་གསུམ༔
དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི༔
མཁྱེན་བརྩེ་ནུས་ཡོན་ཏན་གཅིག་བསྡུས་བཞི༔

བལ་ཡུལ་གྱི་མཆོད་རྟེན་བཞེངས་པའི་ཚེ༔
སྙིགས་འགྲོ་ལ་སྨོན་ལམ་ཁྱད་པར་ལྔ། །
ངེད་ཉེར་བཞིའི་ཡུལ་གྱི་ཌཱཀྐིའི་གཙོས༔
དཀྱིལ་འཁོར་ཀུན་ཁྱབ་བདག་གཙོ་བོར་བཞུགས༔

རིག་འཛིན་རྣམས་ཡེ་ཤེས་སྒྱུ་མའི་འཕྲུལ༔
དཔེ་ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ༔
འཛམ་གླིང་གི་ཆུ་སྣོད་ཇི་སྙེད་དུ༔
ཟླ་གཟུགས་ཀྱི་སྤྲུལ་པའི་ཟློས་གར་བཞིན༔

ས་སྟེང་འདི་པདྨའི་གདུལ་བྱ་ཡིན༔
རིགས་གསུམ་གྱི་སྤྲུལ་པའི་བཤེས་གཉེན་རྣམས༔
པད་འབྱུང་གི་རྣམ་རོལ་མཐའ་ལས་འདས༔
གཞན་ཕན་གྱི་མཛད་པ་ཕྲིན་ལས་སྒོ༔

ཡོལ་མེད་དུ་རྒྱ་མཚོའི་རླབས་ལྟར་འཁྲུགས༔
བུ་སྡུག་ཚེ་ཕ་མར་འབོད་པ་བཞིན༔
རྗེ་པདྨར་གུས་པས་གསོལ་བ་ཐོབ༔

ཅེས་སོགས་ཞལ་ཆེམས་དང་ལུང་བསྟན་དཔག་ཏུ་མེད་པ་ཞིག་རྩོད་བྲལ་སྤྲུལ་པའི་གཏེར་སྟོན་དུ་མའི་གཏེར་ཁ་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་པ་དང་། སྤྱིར་དུས་ཀྱི་རྒུད་པ་བཟློག་ཐབས་སྐུ་རིམ་དམིགས་བསལ་བ་རྣམས་ནི་ཇི་སྐད་དུ གུ་རུའི་ཞལ་ནས། སྔས་ན་རི་དྭགས་མི་ཚུད་རྒྱ་དང་འདྲ༔ ཕྱིས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ༔ ཞེས་གསུངས་པ་ལྟར་ཡུལ་དུས་གང་ཟག་གི་ཁྱད་པར་ཡོད་མོད་ཀྱང་། གུ་རུའི་ཐུགས་རྒྱུད་བསྐུལ་ཕྱིར་བཛྲ་གུ་རུ་འདོན་རྒྱུ་དང་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པར་བྱེད་པ་ནི་གཏེར་ལུང་སྔ་ཕྱི་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་གི་ཚུལ་དུ་དུས་དང་གནས་སྐབས་ཐམས་ཅད་དུ་གལ་ཆེ་བར་གསུངས་འདུག་པས་ཅིས་ཀྱང་འབད་པར་འཚལ་ཞེས་རབ་གནས་ས་ཕག་བོད་ཟླ་ ༨ ཚེས་ ༡༠ ཉིན་གསེར་ལྗོངས་ལི་མདོ་ཆོས་སྡེ་ནས་སྤྲིངས་པ་དགེའོ། །
སིདྡྷིའི་ཕན་ཡོན།

སློབ་དཔོན་ཆེན་པོས་བཀའ་སྩལ་བཿ འོ་རིགས་ཀྱི་བུ་མོ་ཿབཛྲ་གུ་རུ་ཞེས་པ་ནིཿ ང་གཅིག་པུའི་སྙིང་པོ་མ་ཡིན་ཏེཿ ཡི་དམ་རྒྱུད་སྡེ་བཞི་དང་ཿ ཐེག་པ་རིམ་དགུ་དང་ཿ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྲོག་སྙིང་ཿ དུས་གསུམ་སངས་རྒྱས་ཐམས་ཅད་དང་ཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་སྙིང་པོ་འདི་ལ་ཚང་བའོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨོྃ་ཨཱཿཧཱུྃ་གིས་དུག་གསུམ་ལས་གྱུར་སྒྲིབ་པ་འདགཿ བཛྲ་ཞེ་སྡང་ལས་གྱུར་སྒྲིབ་པ་འདགཿ གུ་རུས་ང་རྒྱལ་ལས་གྱུར་སྒྲིབ་པ་འདགཿ པདྨས་འདོད་ཆགས་ལས་གྱུར་སྒྲིབ་པ་འདགཿ སིདྡྷིས་ཕྲག་དོག་ལས་གྱུར་སྒྲིབ་པ་འདགཿ ཧཱུྃ་གིས་ཉོན་མོངས་ལས་གྱུར་སྒྲིབ་པ་འདགཿ ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱྃཿ བཛྲ་གུ་རུ་ལན་གཅིག་བརྗོད་པ་ཡིཿ དེ་ལ་གཟུགས་མཆིས་འཛམ་གླིང་སྣོད་དུ་ཆུང་ཿ འདི་ཉིད་མཐོང་ཐོས་དྲན་པའི་སེམས་ཅན་ཀུནཿ རིག་འཛིན་ཕོ་མོའི་གྲལ་ལ་འཁོད་པར་ངེསཿ བསླུ་མེད་བཛྲ་གུ་རུའི་བདེན་ཚིག་ལཿ གང་འདོད་བཀའ་བཞིན་འགྲུབ་པར་མ་གྱུར་ནཿ པདྨ་ང་ཡིས་སེམས་ཅན་བསླུ་བ་ཨང་ཿ མི་བསླུ་ངེས་པས་བཀའ་བཞིན་བསྒྲུབ་པར་གྱིསཿ བཟླས་པ་མི་ནུབ་རྒྱལ་མཚན་རྩེ་ལ་ཕྱོརཿ རླུང་ཕོག་སེམས་ཅན་གྲོལ་བར་ཐེ་ཚོམ་མེདཿ ཡང་ན་ས་ཤིང་རྡོ་ཡི་ལོགས་སུ་བྲིཿ རབ་གནས་བྱས་ནས་ལམ་ལ་བཀྲམ་ན་ཡང་ཿ མཐོང་བ་ཙམ་གྱིས་ནད་གདོན་སྒྲིབ་པ་འདགཿ ས་དེར་གནས་པའི་འདྲེ་སྲིན་རྒྱུ་ལམ་ཆོདཿ མཐིང་ཤོག་དག་ལ་གསེར་གྱི་བྲིས་ལ་འདོགསཿ གདོན་བགེགས་འབྱུང་པོས་གནོད་པ་བྱེད་མི་ནུསཿ ཤི་ནས་རོ་དང་མ་བྲལ་བསྲེགས་ན་ནིཿ འཇའ་ཚོན་འཁྱུག་ཅིང་བདེ་ཆེན་འཕོ་བར་ངེསཿ འབྲི་ཀློག་འདོན་པའི་ཡོན་ཏན་ཚད་ལས་འདསཿ མ་འོངས་སེམས་ཅན་དོན་དུ་བཀོད་དེ་སྦསཿ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ལོག་ལྟ་ཅན་ལ་གསང་རྒྱ་རྒྱ་རྒྱཿ དམ་ཚིག་ཅན་ལ་གཏད་རྒྱ་རྒྱ་རྒྱཿ སྤྲུལ་སྐུ་ཀརྨ་གླིང་པས་གཏེར་ནས་གདན་དྲང་ཏེ་ཤོག་༡༡སེར་ལས་བཤུས་པའོ།།

Leave a Reply

Your email address will not be published. Required fields are marked *