February 2020

ཀྱེ། ལྷ་ཀི་ཀི་ཀི་ལ་བསོ་བསོ་བསོ། །
ཕོ་གེ་སར་རྒྱལ་པོ་དམག་གི་ལྷ། །
དགྲ་རྒྱལ་ཁམས་གང་བའི་དུས་བྱུང་ཚེ། །
ཐུགས་མ་གཡེལ་མ་གཡེལ་དགྲ་འདུལ་རྗེ། །
མགོན་སུ་ལ་མི་རེ་ཁྱེད་ལ་རེ། །
ཨ་ཙི་ཙི་དམག་གི་དཔུང་རེ་རྔམ། །
ཨ་ལི་ལི་གཞོན་པའི་ཆས་རེ་བཟང་། །
ཨ་ཡ་ཡ་མི་ཕོ་རྩལ་རེ་ཆེ། །
ཕོ་དཔལ་རྩལ་ཅན་ཚོ་གཡས་ན་བཞུགས། །
སྨན་མཛེས་མ་དྲི་ཞིམ་གྱི་ཞལ་བཟང་མ། །
ཞལ་གང་ནས་བལྟས་ཀྱང་འཛུམ་པ་འདྲ། །
སེམས་ཅི་ལ་བཏང་ཡང་ཁྱོད་ལ་འགྲོ། །
མོ་མཛེས་སྡུག་ཅན་ཚོ་གཡོན་ན་བཞུགས། །
སྟེང་ལྷ་ཡུལ་གྱི་སྤྲིན་དཀར་འོད་རེ་ཆེ། །
བར་མི་ཡུལ་གྱི་རྡོ་ཁང་སྨུག་རེ་ཆགས། །
འོག་ཀླུ་ཡུལ་གྱི་ན་བུན་ཐོལ་རེ་ལྡང་། །
དམུ་ཐག་ལ་འགྱུས་ཏེ་འདི་རུ་ཕེབ། །
གུང་སྐྱིད་པའི་གདན་ལ་རྒྱལ་པོ་བཞུགས། །
ཡུལ་དཀར་པོའི་ལྷ་ལུང་འདི་ཉིད་དུ། །
གནས་ནོར་རྫས་འཛོམ་པའི་བདག་པོ་དེ། །
གླིང་གེ་སར་རྒྱལ་པོ་ཁྱེད་ཀྱིས་མཛོད། །
བསང་བདུད་རྩིའི་སྤྲིན་དཔུང་ཐིབས་སེ་ཐིབ། །
རྔ་རོལ་མོའི་དབྱངས་སྙན་འབྲུག་སྒྲ་འུར། །
སྐྱེམས་དཀར་མངར་མཚོ་མོ་ཆི་ལི་ལི། །
སྤོས་དྲི་བཟང་ངད་པ་སྤུངས་སེ་སྤུང་། །
དར་བ་དན་གློགས་ལྟར་ཤིགས་སེ་ཤིག །
སེམས་དད་པའི་བརྩེ་གདུང་དུངས་སེ་དུང་། །
བུ་ཕ་ལ་མི་རེ་སུ་ལ་རེ། །
སྨན་བུ་མོ་མ་ལ་ལོས་ཀྱང་རེ། །
དུས་འདི་རུ་རྟགས་དང་མཚན་མ་སྟོན། །
དགྲ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་ཐུལ། །
གཉེན་ཕུ་དུང་ཅན་གྱི་སྐྱེ་བོ་སྐྱོངས། །
ཞལ་འཆི་མེད་བདུད་རྩིའི་མཛུམ་མདངས་ངོམས། །
དགུང་གསེས་རུམ་གྱི་ཨ་དཀར་འོད་པོ་ཆེ། །
ཆེ་སྲིད་གསུམ་གྱི་སྤྱི་བོའི་གཙུག་ན་ལྡིང་། །
ཆུང་འཇག་གདན་གྱི་སྟེང་ན་དགྱེས་ཚུལ་རྩེ། །
ཐུགས་འོདགསལ་གྱི་ངང་ནས་བུ་ལ་གཟིགས། །
ཡིད་མོས་གུས་ཀྱི་མཆོད་པ་བཞེས་སུ་གསོལ། །
དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །
མགོན་མི་འགྱུར་བདག་གི་དགྲ་བླ་མཛོད། །
དཔལ་ཐུགས་ཡིད་དབྱེར་མེད་འདྲེས་པར་མཛོད། །
ཨ་ལ་ལི་ལ་ལི་ལ་མོ་ལི།

ཀྱེ། དགུང་སྟོང་ཆེན་གྱི་མཁའ་དབྱིངས་དྭངས་པ་ལ། །
བྱམས་སྙིང་རྗེའི་རང་བཞིན་རྩ་གསུམ་ལྷ། །
ཕ་སེང་ཆེན་དཔའ་བོའི་དམག་དཔུང་དུ། །
བྱིན་ཐིབས་སེ་བྱོན་ལ་མགོན་སྐྱབས་མཛོད། །
ལྷ་ཤིང་བསང་གི་མཆོད་པ་འདིས། །
ཡར་མཆོད་སྐྱབས་གནས་དཀོན་མཆོག་གསུམ། །
རྗེ་བླ་མ་ཡི་དམ་མཁའ་འགྲོ་བསང་། །
སྐུ་རྗེ་འཛམ་གླིང་གེ་སར་ཁོང་། །
དུས་ད་ལྟ་དགྲ་འདུལ་དམག་དཔོན་ཚུལ། །
དབུ་དར་འཕྲུ་དགུང་དུ་ལམ་སེ་ལམ། །
ཆོས་སྐྱོང་སྲུང་མའི་ཟི་ར་ཁོལ། །
དར་འཕྲུ་རྐན་སྒྲ་ཐགས་སེ་ཐག །
མ་མཁའ་འགྲོའི་གར་སྟབས་ཁྲིགས་སེ་ཁྲིག །
དབུ་རྨོག་དཀར་འོད་ཟེར་ལམས་སེ་ལམ། །
དགྲ་བླའི་ཁ་ཕོ་ཐམས་སེ་ཐམ། །
ཁྲབ་འབུམ་མེའི་རྒྱུན་ཐག་སྤུངས་སེ་སྤུང་། །
ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག །
སྐེད་མདོ་དྲུག་འཁོར་གསུམ་ཤ་ར་ར། །
ཁྲག་འཐུང་བཤུད་སྒྲ་ཉི་ལི་ལི། །
རྟ་འདོ་བའི་རྒྱུག་མདུར་ཤ་ར་ར། །
བཀའ་སྡོད་ཀྱི་བྲོ་གར་ཤིགས་སེ་ཤིག །
དཔའ་དགྲ་བླ་བྱས་ན་གེ་སར་ཡིན། །
ཝེར་མ་བྱས་ཀྱང་གེ་སར་ཡིན།
ཕྱི་མའི་བླ་མ་གེ་སར་ཡིན། །
འདི་གང་དཔོན་པོ་གེ་སར་ཡིན། །
ཕྱི་དམག་དཔོན་ནོར་བུ་དགྲ་འདུལ་རྩལ། །
ནང་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། །
ཐུགས་མི་འགྱུར་པདྨ་འབྱུང་གནས་རྗེ། །
ལྷ་མཆོད་དོ་བསྟོད་དོ་ཐུགས་དམ་བསྐང་། །
བུ་དམ་ཚིག་འགྱུར་མེད་བདག་ཅག་ལ། །
དེ་རིང་སྐྱབས་མགོན་སྡོང་གྲོགས་མཛོད། །
ངའི་བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །
དེ་རིང་ཉི་མ་མདུང་གང་ལ། །
སྨོན་པའི་འབྲས་བུ་འབྱིན་པར་མཛོད། །
སྡང་དགྲ་བོའི་གློ་སྙིང་ལོན་པ་དང་། །
རྒྱལ་ཁ་བཟང་རྒུ་ཐོབ་པར་མཛོད། །
ཐུགས་མ་གཡེལ་མ་གཡེལ་འཛམ་གླིང་དཔོན། །
ཨ་ལ་ལ་ཆ་ཆ་ཧེ་ཧེ་ཧོ། །
འདོ་བ་རྐྱང་རྒོད་སེར་པོ་དེ། །
ཕྱི་ནི་བྱོལ་སོང་རྟ་ཡི་ཚུལ། །
ནང་ན་སངས་རྒྱས་དགོངས་པ་འཆར། །
རྟ་མགྲིན་དབང་གི་སྤྲུལ་པ་རེད། །
མཛེས་འདོད་འཇའ་ཚོན་ཀྱི་ལི་ལི། །
ཟེར་མ་ང་གི་བང་གི་མཛོད། །
འདབ་ཆགས་བྱ་ཡི་གཤོག་རྩལ་ཚང་། །
སེང་གེ་དཀར་མོའི་དཔའ་རྩལ་ལྡན། །
རྡོ་རྗེའི་ཟེ་རྔོག་གཡས་གཡོན་ན། །
དགྲ་བླ་དུང་ཁྱུང་དཀར་པོ་འཁོར། །
རྣ་རྩེ་རྒོད་ཀྱི་ཐིག་ཕྲན་ལ། །
གསལ་བྱེད་སྒྲོན་མེའི་སོ་པ་འཁོར། །
དཔུང་པ་ང་གི་འཁོར་ལོ་ལ། །
ཚེ་ལ་དབང་བའི་དགྲ་བླ་འཁོར། །
འདོ་བ་རྟ་ཡི་རྨིག་བཞི་ལ། །
མགྱོགས་པ་ང་གི་དགྲ་བླ་འཁོར། །
སྤུ་རྩེ་རེ་ལ་ལྷ་རེ་བཞུགས། །
བུ་ང་ལ་མི་མགོན་སུ་ལ་མགོན། །
བསང་དཔའ་སྐྱེམས་བཞེས་ལ་མགྱོགས་རྩལ་སྤུར། །
གནས་གང་འདོད་རྫུ་འཕྲུལ་ཁ་ལོ་སྒྱུར། །
མི་བདག་གི་འདོད་དོན་ཁྱོད་ཀྱིས་སྒྲུབས། །
ཕྲིན་ལས་རླུང་རྟ་དར་བར་མཛོད། །
རྟ་ཕུ་ཕུ་བསོ་བསོ་ཆ་ཆ་སྤུར། །
སེང་ཆེན་གྱི་ཕྲིན་ལས་ཁ་བསྒྱུར་བློན། །
ཉག་ཕྲན་ཁ་ལོ་སྒྱུར་བའི་མི། །
དགུང་ལ་གཡུ་འབྲུག་གྲགས་པའི་མི། །
ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །
རྡོ་རྗེའི་ཐོག་རྒོད་ལན་མེད་རྩལ། །
དམག་དཔོན་འདན་མ་སྤྱང་ཁྲ་ནི། །
མདོ་བ་དངུལ་ཕྲུག་ལྡེམ་པ་ཞོན། །
གཡས་ན་མདའ་གསོར་སི་ལི་ལི། །
གཡོན་ན་གཞུ་སྐོར་གྱི་ལི་ལི། །
རྡོ་རྗེའི་གར་སྟབས་ཁྲིགས་སེ་ཁྲིག །
ཝེར་མའི་དམག་དཔུང་ཐིབས་སེ་ཐིབ། །
སྡང་དགྲ་བོའི་སྲོག་ལ་གཏིང་ནས་རྔམ། །
བུ་དམ་ཚིག་ཅན་ལ་ཞི་ནས་བཙའ། །
གཞི་ལ་ཚེ་རིང་འདན་མ་མཆོད། །
བྱེས་ལ་ལམ་ཡག་འདན་མ་མཆོད། །
ཚོང་ལ་དོན་གྲུབ་འདན་མ་མཆོད། །
རྩོད་ལ་ཇག་ཡག་འདན་མ་མཆོད། །
ཀུན་ལ་བཀྲ་ཤིས་འདན་མ་མཆོད། །
ཅི་བསམ་འགྲུབ་པའི་འདན་མ་མཆོད། །
བུ་གདུང་ཤུགས་ཅན་ལ་ཤ་ཚ་མཛོད། །
སྡང་དགྲ་བོའི་གློ་སྙིང་ལྕགས་མདས་ཕུག །
སྙིང་ཁྲག་ཝེར་མའི་སྐྱེམ་སྐལ་མཆོད། །
གསོལ་ལོ་མཆོད་དོ་སེང་ཆེན་རྒྱལ། །
གསོལ་ལོ་མཆོད་དོ་འདན་མ་བློན། །
རྒྱལ་བློན་རུ་དར་མཉམ་དུ་སྒྲིགས། །
ལྡང་བའི་དགྲ་ལ་མཐུ་མ་ཆུང་། །
གནོད་པའི་བགེགས་ལ་རྩལ་མ་ཞན། །
གསོལ་ལོ་མཆོད་དོ་དཔའ་རྟུལ་སྡེ། །
གསོལ་ལོ་མཆོད་དོ་ཝེར་མའི་དཔུང་། །
གསོལ་ལོ་མཆོད་དོ་དྲེགས་པའི་ཚོགས། །
མ་གཡེལ་མ་གཡེལ་ཕྲིན་ལས་མཛོད། །
དགྲ་ནག་པོ་ས་འོག་མགོ་མཇུག་སྒྱུར། །
གཉེན་དཀར་པོའི་ངོ་འཕང་དགུང་ལ་བསྟོད། །
ཀླུང་སྙན་གྲགས་རྒྱལ་ཁམས་འབྲུག་བཞིན་སྒྲོགས། །
ཕྱོགས་ཀུན་ལས་རྒྱལ་བའི་རྒྱལ་མཚན་ཕྱོར། །
དགྲ་བླའི་བ་དན་ཕྱར་རེ་རན། །
ཝེར་མའི་དུང་སྒྲ་སྒྲོགས་རེ་རན། །
མ་གཡེལ་མ་གཡེལ་དཔའ་བོ་གླིང་། །
དུས་ད་ལྟ་ཉིད་དུ་རྟགས་མཚན་སྟོན། །
ཇི་བསམ་པ་ཡིད་བཞིན་གྲུབ་པ་དང་། །
མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །
ཨེ་ཨ་ཏི་མི་བུ་ལྷ་རྒྱལ་ལོ། །
སྙིང་ལ་ཟབ་རྒྱས་བློ་མཆོག་ནོར་བུའི་གཏེར། །
མང་མཆིས་མགྲིན་པ་འོ་མའི་རྒྱ་མཚོ་ན། །
སྙན་ངག་ཀུ་མུད་མཛེས་པའི་ཚལ་བཀྲ་ཡང་། །
འགྲིག་འགྲིག་སྙན་སྙན་བློ་བཟོ་དུ་མ་ཡིས། །
མ་སྤྲོས་ཝེར་མའི་དཔའ་གླུ་རིན་པོ་ཆེ། །
བྱིན་རླབས་གཟི་བྱིན་སྟོང་དང་རབ་ལྡན་པ། །
ཇི་བཞིན་འདི་ན་བཀོད་པ་རྡོ་རྗེའི་ཚིག །
དགྲ་བླ་ཝེར་མ་དགྱེས་པའི་འབྲུག་སྒྲ་ཡིན། །
ཞེས་མེ་གླང་ཟླ་བ་གསུམ་པའི་ཚེས་ཉེར་བཞི་ལ་སྣང་གསལ་གྱི་འོད་ལ་བརྟེན་ཏེ་འཕྲལ་བྲིས་མངྒ་ལཾ། །

Leave a Reply

Your email address will not be published.