རྟའུ་སོགས་ལ་གདུང་སེམས་མཚོན་པའི་སྙན་ངག
ནད་ཡམས། (མུན་གྲོལ།)
—— ཝུའུ་ཧན་གྱི་ཕྱོགས་སུ་སྙིང་རླུང་འཚུབ་པ།①
སྙིགས་དུས་ཀྱི་མི་རྣམས་ཟོ་ཆུན་གྱི་འཁྱུད་མོ་བཞིན།
འཁོར་བ་དང་བུ་ལོན་གྱི་འདོད་རྔམས་ལ་བྲེལ།
ད་ཞག་གཅིག་པུར།
དགུང་གནང་གི་ངལ་གསོ་གཏོང་ཡང་།
ནད་ཡམས་དེ།
འཇགས་མའི་རྩྭ་ཐག་ལ་སྟུག་པའི་མེ་ལྕེ་ལྟར།
ཝུའུ་ཧན་ནས་སྦར་ཏེ།
མཐའ་མེད་པའི་སྐམ་སའི་ཕྱོགས་སུ་མཆེད་ཤོར།
གོ་ཚོད་དུ།
ནད་ཡམས་ཀྱི་མཁའ་དབུགས་ཁྲོད།
མི་ཚོགས་ཁྲི་ཚོ་ལྔ་བརྒྱ་ཝུའུ་ཧན་ནས་ཕྱི་ལ་བུད་སོང་སྐད།
ཀྱེ་མ། ད་ལྟ་གང་དུ་རྒྱང་བཀྱེས་ཡོད།
ཁ་སང་དག་ཞིང་གཅིག་པུ།
ནད་ཡམས་མ་འགོས་པར་ལྷིང་འཇགས་སུ་ལུས།
བཟོད་བསྲན་བྲལ་བས།
ནད་ཡམས་དེས་རྡོ་ཡི་ཕོ་བྲང་བཤིག་སྟེ།
ད་ནི་ཤར་ཕྱོགས་སྐམ་ས་ཆེན་མོ་ཧྲིལ་གྱིས་བཟུང་ཚར།
བྱ་ཕོ་ཀེང་ཀེང་ལོངས་པའི་ས་ཁྲ།
ཉིན་རེར་ཁ་མདོག་འགྱུར་བཞིན་པས།
དཔལ་ཡོན་གྱི་ཙི་ན།
ད་ལྟ་འཇིགས་སྣང་གི་ཁྲོད་ན་གབ་སྦས་བྱས་ཡོད།
དུག་གི་ཁ་རླངས་དང་རྣག་གི་མཆིལ་མའི་བར།
ནད་ཡམས།
རིན་པོ་ཆེའི་པྲོག་ཞུ་མནབས་ནས།
གཟུགས་མེད་ཀྱི་གདོན་ལྟར་ཞུགས་པས།
སྐྱེ་དགུ་རྣམས་འཇིགས་སུ་རུང་བའི་དུར་སར་བསྐྱལ།
མྱ་ངན་ཐང་གི་ཝུའུ་ཧན་བས།
གནམ་སར་ངུ་འབོད་དྲག་ཏུ་བཏབ་ཀྱང་།
འཇིགས་སྣང་གི་སྐྱོ་གར་རིང་མོ་ཅི་ཡང་མ་རྙེད།
ད་ཐེངས་ཚེ་སྲོག་གི་གཡུལ་ལ།
གོས་དཀར་གྱོན་མཁན་རེ་གཉིས་ཆས་པ།
སྙིང་འདར་བའི་ངུ་ངག་ལས།
ཡིད་ཆེས་ཀྱི་དབུགས་རྒྱུན་ལྷག་མ་གང་ཡང་མ་འཁྲོལ།
མི་རྣམས་གདུང་སྨག་གིས་བཟི་སྟེ།
མཆི་མའི་ཆབ་རྒྱུན་གྱིས་སྨྲ་བ་ཡོངས་སུ་འགག་སྐབས།
སེམས་སྔངས་ལ་འཁྲེང་བའི་སྙན་ངག།
ངས་རྒྱུ་འབྲས་ལ་ཁྲེལ་མེད་དུ་བྲིས་པ་མ་ཡིན།
མགོ་ནག་གི་སྐྱིད་སྡུག་གནམ་ལ་དབང་ཟེར་ཡང་།
ང་ཚོའི་སྐྱིད་སྡུག་ལག་མཐིལ་ན་ཡོད།
ནད་ཡམས་ཀྱིས་ཟིན་པའི་ཝུའུ་ཧན་བ།
ང་ཚོས་དཀའ་སྡུག་འདི་བརྒལ་རྗེས།
ང་ཚོས་ཁྱོད་ཀྱི་རྫོགས་ལྡན་ལ་ངང་གིས་བསྒུག།
གྲོང་ཁྱེར་སྣོལ་མཚམས་ཀྱི་ལམ་བུ་བཅད་དེ།
འགྲོ་འོང་རྣམས་སྟབས་གཅིག་ཏུ་བཀག་པས།
ནད་ཀྱིས་མ་འཆི་ནའང་།
ལུང་སྟོང་ནང་མུ་གེ་བྱུང་བར་སྐྲག།
མདོར་ན་ནག་པོ་དགུ་སྦྱོར་ཁྱེར་ནས།
འཆི་བདག་ལ་བགད་མོ་སློང་མཁན་སུ་ཡང་མི་སྲིད།
ངན་ཁག་ཡོད་ཚད་ཕ་ཝང་ལ་དཀྲིས།
མུན་ཁྲོད་ན་ལྷབ་ལྷུབ་ཏུ་ལྕེབས་པའི་ཕ་ཝང་།
དོན་དམ་ཏུ།
མི་རིགས་ཁྱོད་ལ་ནག་ཉེས་བཟོ་མཁན་
ཡིན་ནམ་་་ ་་་
ཁྱོད་མི་རིགས་ལ་ནག་ཉེས་བཟོ་མཁན་ཡིན་་་ ་་་
འབྲོང་།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
ངས་རྨི་ལམ་ཞིག་རྨིས་པ་ཨེ་ཡིན་ནམ།
ཁྱོད་ན་བཞིན་འདུག་ཟེར།
ན་བ་ཅུང་ཚབས་ཆེན་ཡིན་པར་སྐད།
འདི་དག་བདེན་པ་ཡིན་ན།
ཁྱོད་ཀྱིས་ནག་ཉེས་གང་ཞིག་བསགས་པ་ཡིན།
ཁྱོད་ཀྱིས་རྒྱུ་འབྲས་ཅི་ཞིག་བསྣོགས་པ་ཡིན།
ངའི་མཐོང་ཐོས་མྱོང་གསུམ་གྱིས།
ཁྱོད་ཀྱི་ནམ་མཁའ་སྔོན་པོ་ཡིན་ལ།
ས་གཞི་ལྗང་མདོག་ཡིན་པ་བདེན་དཔང་བྱེད་ཐུབ་པས།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
ཁྱོད་ནི་བོད་མིང་ནས་བོས་ཆོག་པའི་རྫོང་ཁག་ཅིག་ཡིན་པས།
འགྲོ་དྲུག་མ་རུ་སྒོམ་མཁན་ཞིག་ཅི་ལ་མིན།
གངས་དཀར་པོ་དེ་ཁྱོད་ཀྱི་ཡིད་སེམས་དང་།
ཆུ་གཙང་པོ་དེ་ཁྱོད་ཀྱི་གཞུང་རྒྱུད་ཡིན་ན།
སུ་ཞིག་གིས་ཁྱོད་ལ་ན་ཚ་གཏོང་དགོས་འདུག
ངས་ཉི་འོད་ལམ་ལམ་འཕྲོ་བའི་རྟའུ་ལ།
མེ་ཏོག་གི་དྲི་བསུང་ལྡང་བ་ཚོར་ཞིང་།
གཙང་ཆབ་ཀྱི་སྙན་དབྱངས་འཁྲོལ་བ་ཐོས་པས།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
ཁང་ཁྱིམ་རེ་རེ་ཞི་ལྷོད་དུ་ཆགས་ཡོད་ལ།
དུད་ཞག་གྱ་གྱུ་དག་ཕན་ཚུན་འདྲེས་ནས།
སྒང་ཁའི་དར་ལྕོག་གི་གསེབ་ཏུ་འཕྱོ་ཞིང་།
མཚམས་སྤྲིན་གྱི་མཛེས་སྡུག་ལ་སིམ་འདུག
མཆོད་རྟེན་དཀར་པོ་དེའི་འགྲམ་ན།
ཨ་མ་བགྲེས་མོ་དེས་མ་ཎི་བར་མེད་དུ་བགྲང་བཞིན།
མིའི་རིགས་ཀྱི་ནག་ཉེས་ལ་འགྱོད་བཤགས་བྱེད་ཀྱིན་འདུག་པས།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
སྤྱི་ལེ་གྲུ་བཞི་མ་བདུན་སྟོང་ང་གསུམ་གྱི་ས་ཁྱོན་དེ།
འཛམ་གླིང་གི་ས་ཁྲའི་སྟེང་ནས་ཧ་ཅང་ཆུང་ཆུང་ཞིག་རེད།
ཆུང་ཆུང་ནས་བཙལ་ཀྱང་རྙེད་པར་དཀའ་མོད།
འོན་ཀྱང་། ང་ཚོའི་སེམས་ཁོང་ནས་ཁྱོད་རང་ཧ་ཅང་ཆེ་སྟེ།
རིགས་རུས་ཀྱི་ཁོ་ལག་རྒྱས་པའི་རྒྱ་ཁྱོན་དེ་དང་།
རྣམ་ཤེས་ཀྱི་རྩ་རྒྱུས་མདུད་པའི་རྨུ་ཐག་ཅིག
ཉག་ཆུའི་བཞུར་ཤུགས་དང་འདྲེས་ཡོད་པས།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
ད་ནི་མངོན་སུམ་རེད་འདུག
ཁྱོད་ཀྱི་ནང་མི་རེ་འགར་ཚ་བ་རྒྱས་ཀྱིན་འདུག་ལ།
གློ་ལུ་ཡང་བར་མེད་དུ་བྱེད་ཀྱིན་འདུག་པས།
ཀུན་ལ་སེམས་ཁྲལ་གྱི་ན་བུན་ལྡང་དུ་བཅུག་ཡོད།
ཡིན་ན་ཡང་། འདི་ཙམ་གྱིས་ཁྱོད་ཀྱི་བ་སྤུ་ཡང་སྒུལ་མི་ཐུབ་སྟེ།
ང་ཚོས་དཔའ་དང་དཔུང་བ་གཅིག་ཏུ་སྡེབ་ནས།
བློ་དང་སེམས་པ་སྦྲེལ་ཅིང་ཐབས་དང་ཤེས་རབ་བརྡར་ན།
ཁྱོད་ནི་སུས་ཀྱང་རྒོལ་བར་མི་ནུས་པའི་བཙན་རྫོང་དེ་ཡིན་ལ།
དཔྱིད་ཀྱི་མེ་ཏོག་དེ་ཡང་དུས་ལྟར་བཞད་སྲིད་པས།
རྟའུ་ལགས། ན་ཚ་དེ་ཁྱོད་ཀྱི་མིན།
2020.2.15ཉིན་གྱི་མཚན་མོར།
དཀར་ཡག་བཀྲ་ཤིས།
འཁྱགས་སིབ་སིབ་ཀྱི་རྟའུ།
རྟའུ་ནི།
ཉག་ཆུའི་སྟོད་རྒྱུད་ན།
ལྷོད་ཅིང་འཁྱིལ་བའི་རྩྭ་ཐང་ཞིག་ཡིན།
རྩྭ་ཐང་ནི་གངས་ཀྱི་མུ་ཁྱུད་ཀྱིས་སྐོར་ཞིང་།
རྟ་ནོར་ལུག་གསུམ་གྱི་ཕ་ས་ངོ་མ་དེ་ཡིན།
རྟའུ་ནི།
དགུན་ཟླའི་ལྷགས་རླུང་ནང་གི།
འཁྱགས་སིབ་སིབ་ཁྲོད་ཀྱི་གྲོང་སྡེ་ཞིག་ཡིན།
རྟའུ་ནི།
ཧ་ཅང་རྒྱང་རིང་གི།
གྲོང་སྡེ་ཁེར་རྐྱང་ཞིག་ཡིན་ནམ།
རྒྱང་རིང་གི་རྟའུ།
སྙིང་སྟོབས་དང་སྤོབས་པ་བསྐྱེད་དང་།
ཁྱེད་ཀྱི་རྒྱབ་རི་ནི་གངས་རི་དཀར་པོ་ཡིན།
རྟའུ་རྩྭ་ཐང་ཆེན་པོ་ལ།
ནད་ཡམས་ཀྱི་མེ་སྟག་བསླེབས་ཀྱང་།
གངས་ཀྱི་ཆུ་བོ་ལ་ཟད་མཐའ་མེད་པས།
མེ་སྟག་ལ་སྐྲག་མི་དགོས།
རྟའུ་རྩྭ་ཐང་གི་སྤུན་ཟླ་རྣམས།
ནད་ཡམས་ཀྱི་སོ་ཁ་ནས།
ཁྱེད་རྣམས་རྒྱལ་བར་ཤོག
2020/2/14 ཉིན་གྲུབ།
ཞོགས་སྨུག
ནད་འདི
༡
ནད་འདི་སུའི་སེམས་ལའང་མེད་པའི་སྟོང་ཉིད་ཅིག་ཡིན།
ནད་འདི་སུ་ཞིག་གིས་བཟུང་ཐབས་མེད་པའི་རླུང་འཚུབ་རེད།
ནད་འདི་སུ་ཞིག་གིས་དྲན་དུ་མ་དཔོག་པའི་འབྱུང་འགྱུར་ཡིན།
ནད་འདི་སུ་ཞིག་གིས་རྒྱུས་ལོན་མེད་པའི་འཁྱམ་པོ་ཡིན།
བྱམས་བརྩེའི་བློ་རྒྱ་མེད་པའི་འཇིག་རྟེན་གྱི་མིའི་རིགས་ལ།
ཤེས་རབ་ཀྱི་ཕྱག་ཟུང་ཡལ་བའི་འགྲོ་བ་མིའི་རིགས་ལ།
དམར་པོའི་བཀའ་ཡིག་ཇི་བཞིན་བྲེལ་སྟབས་ཀྱིས་འབྱོར་ཏེ།
ནད་འདིས་མི་ཚོགས་ཀྱི་དཔུང་དུ་བཙན་གྱིས་བརྒོལ་བ་བགྲང་གིས་མི་ལངས།
ནད་འདི་མཚན་མོའི་སྨག་རུམ་ཁྲོད་ཀྱི་འུག་པ་ལྟར་འཕུར་བཞིན།
ནད་འདི་ཉིན་མོའི་ལུག་ཁྱུ་གསེང་དུ་སྤྱང་ཀི་ལྟར་འཇབ་ཀྱིན།
ཐོག་མར་ཝུའུ་ཧན་དུ་སྣང་མེད་ངང་བསླེབས་ཏེ་ཚེ་སྲོག་ལ་འཇུས།
༢
འཇིག་རྟེན་གྱི་སོ་ཁར་གནས་པའི་མིའི་རིགས་ལགས།
སྐལ་བའི་མཐའ་དམག་གིས་རེ་རེ་བཞིན་བསྐོར་ཏེ།
ཁྱེད་ཉིད་བྲོས་ཐབས་དང་གཞའ་ཐབས་ཡེ་ནས་མེད།
སྐྱོ་སྡུག་དང་ཡི་མུག་གི་ལོ་ཟླ་བརྩེགས་པའི་ཉི་ཤུའི་ལོ་འགོར།
སེམས་ཅན་གྲངས་མེད་ཀྱི་བླ་སྲོག་བཀུག་པའི་འཆི་བདག་གིས།
དྲིན་ཕ་མའི་བརྩེ་བའི་བུ་ཕྲུག་དེ་ཕྲོགས་སོང་།
སྙིང་ཉེ་བའི་ཆུང་འདྲིས་བྱམས་པ་དེ་ཕྲོགས་སོང་།
ལས་མཐུན་པའི་ནང་མི་ཁྱིམ་ཚང་དེ་ཕྲོགས་སོང་།
སྡིག་ཅན་ཤན་པའི་ཁ་ནས་ཐར་པའི་སྐལ་བ་ཕྲ།
ནད་འདི་སུས་ཀྱང་བུ་ལོན་ལྟར་འཇལ་པའི་བགོས་སྐལ་ཡིན་ནམ།
གསལ་འདེབས་དང་དྲི་གཞི་སྣ་ཚོགས་ཀྱི་ལན་དུ་མེད་པའི་མཐར།
ནད་འདི་ཅི་ཞིག་ཡིན་པ་སུས་ཀྱང་མི་ཤེས།
ནད་འདི་མགྲོན་པོ་ཚོའི་ལག་པ་དང་རྐང་འོག་ཏུ་འབྱར་འདུག
ནད་འདི་མཁའ་དབྱིངས་སུ་འཁྲིགས་པའི་སྤྲིན་ནག་ལྟར་འཕྱུར་འཕྱུར་འདུ།
ནད་འདི་ཉི་འོད་ཀྱི་མདངས་དང་ཟླ་འོད་ཀྱི་བསིལ་རླུང་འོག་ཏུ་ཁུར།
ནད་འདི་ས་ཆེན་གྱི་སྒལ་གཞུང་དུ་མཆེད་པའི་དུག་སྦྲུལ་ཞིག
༣
ནད་འདིས།
ས་ཁྲའི་གནས་མིག་གི་བར་མཚམས་མེད་ལ་མི་རིགས་ཁ་མདོག་གི་དབྱེ་བ་འབྱེད་ཀྱིན་མེད།
ནད་འདིས།
ཆོས་ལུགས་ལྟ་སྤྱོད་ཀྱི་གྲུབ་མཐའ་མི་དབྱེ་ཞིང་གོ་ས་མཐོ་དམན་གྱི་ཆོ་ལོ་མི་འབྱེད།
ནད་འདིས།
ཡོད་ཚད་ལ་འཆི་བ་རེས་མོས་སུ་འཁོར་བའི་གསལ་བརྡ་ཞིག་ཡོངས་སུ་བསྒྲགས།
ནད་འདིས་རྒྱལ་ཡོངས་ཀྱི་ས་གཞི་འདར་སིག་སིག་སུ་བཏང་།
ནད་འདིས་རྒྱལ་སྤྱིའི་གནས་ཚུལ་གཞན་ཞིག་ཏུ་བསྒྱུར་ཡོད།
བརྙན་ལམ་དུ་ཡོད་པ་ནི་ནད་འབུས་ལག་དམར་བསྲིངས་སའི་མི་རྣམས་མཐོང་ཐུབ།
བརྙན་ལམ་དུ་ཤར་ཡོངས་བ་ནི་ཤི་གསོན་གྱེས་བྲལ་གྱི་གྲངས་ཚད་བཀོད་འདུག
བརྙན་ལམ་དུ་རིག་ཡོངས་བ་ནི་སྐྱོ་བའི་སྨྲེང་ངག་གི་འོ་དོད་ཁྱབ་སོང་།
གང་སར་མཐོང་ཡོང་བ་ནི་དགུང་ལོ་བརྒྱད་ཅུ་ཅན་གྱི་བགྲེས་པོ་ཀྲུང་ནན་ཧྲིན་རེད།
ཁོང་ནི་ཉིན་མཚན་དུ་མར་བསམ་གཞིག་གི་ཀློང་དུ་ལུས་འདུག
གསར་འགོད་པས་བཏོན་པའི་འདྲི་ཚིག་རེ་དཀའ་གནད་དུ་བཀྲལ་ཏེ།
དུས་གསུམ་དུ་བསྟན་པའི་ལུང་བསྟན་ལྟར་ཡིད་ལ་ཟུངས་ཤོག་གསུང་།
སྨན་པ་ཀྲུང་ནན་ཧྲིན་གྱིས་མིའི་རིགས་བསྐྱབས་སོང་།
ལྷ་རྗེ་ཀྲུང་ནན་ཧྲིན་གྱིས་ཝུའུ་ཧན་བསྐྱབས་སོང་།
གཞོན་སྐྱེས་སྨན་པ་ལི་ཝུན་ལིང་གིས་ཝུའུ་ཧན་བསྐྱབས་སོང་།
ཁྱོད་ཀྱིས་ཝུའུ་ཧན་ལ་གྱེས་བརྡ་ཞིག་བཏང་སོང་།
ཁྱོད་ཀྱིས་མིའི་རིགས་ལ་བརྡ་སྦྱོར་བྲིས་སོང་།
༤
ནད་འབུ་འདིས་ཕྱོགས་བཞིའི་རི་ཚོགས་ཀྱི་ཕ་རོལ་བརྒལ་ཟིན།
ནད་འབུ་འདིས་གཙང་བོའི་འདྲེས་མཚམས་སུ་ལྡོག་པས་མནན་འདུག
ནད་ངན་འདི་ཡུལ་ཕྱོགས་མི་གཅིག་པའི་གང་སར་འཕེལ་འདུག
ནད་ངན་འདིས་གངས་རི་དང་རྩྭ་ཐང་མིག་གིས་དེད་འདུག
ནད་ངན་འདི་དོ་ནུབ་རྟའུ་མི་དམངས་ཀྱི་རྒྱུད་དུ་བསླེབས་འདུག
མཐོ་སྒང་གི་ཉི་འོད་དྲོས་ཏེ་ཁོ་རང་གནས་ཐུབ་བམ།
དགུན་གཞུང་གི་གྲང་ལྷག་རྒོད་པས་ཁོ་རང་སྡོད་ཚུགས་སམ།
གསོ་དཔྱད་ཀྱི་ལག་ལེན་བཟང་སྟེ་ཁོ་རང་ཇི་ལྟར་གསོན་ཐུབ།
ང་ཚོས་རེ་སྨོན་དང་རྟེན་འབྲེལ་ལ་དད་པ་བྱས་ཡོད།
ང་ཚོས་ལས་འབྲས་དང་ཤེས་རབ་ལ་ཡིད་ཆེས་གནང་ཡོད།
ང་ཚོས་ང་ཚོ་ཡི་ལུགས་སྲོལ་སྤྱད་ཡོད།
ང་ཚོས་རང་ཉིད་ཀྱི་ལུས་ཕུང་གཉེར་ཡོད།
༥
སྙན་ངག་འདི་ནད་ཡམས་ལ་བྲིས་ཀྱང་།
སྙན་ངག་འདི་ཝུའུ་ཧན་མི་དམངས་ལ་བྲིས་ཀྱང་།
སྙན་ངག་འདི་སྐྱོ་སྡུག་དང་མིག་ཆུ་སེལ་མཁན་ཞིག་ཏུ་འབྲི་མ་ཐུབ།
སྙན་ངག་འདིའི་ལུས་ལ་ནད་ཀྱིས་ཟིན་མེད།
སྙན་ངག་འདིའི་རིག་པ་ནད་ཀྱིས་གཏུམ་མེད།
སྙན་ངག་འདི་མིའི་རིགས་ལ་བྲིས་པའི་ལོ་རྒྱུས་ཀྱི་མ་ཡིག་ཡིན།
སྙན་ངག་འདི་ཝུའུ་ཧན་ལ་བྲིས་པའི་བདེ་སྡུག་གི་བརྙན་རིས་ཡིན།
སྙན་ངག་འདི་ང་ཚོ་ལ་བྲིས་པའི་དུས་བབ་ཀྱི་འགན་འཁྲི་ཡིན།
སྙན་ངག་འདི་ང་ཚོ་ལ་བྲིས་པའི་དེ་རིང་གི་གསར་འགྱུར་ཡིན།
སྙན་ངག་འདི་རང་ཉིད་ལ་བྲིས་པའི་དྲན་གསོའི་རྡོ་རིང་ཡིན།
སྙན་ངག་འདི་རང་ཉིད་ལ་བྲིས་པའི་ལོ་ཟླའི་ཕྱི་མིག་ཡིན།
སྤྱི་ལོ༢༠༢༠ལོའི་ཟླ༢པའི་ཚེས༡༤ཉིན་ལ་བྲིས།
ཐ་སྐར།
རྟའུ་ལགས། ངས་ཁྱོད་ལ་སྐྱབས་འཇུག་ཞུས་ཡོད།
དེ་རིང་།
ངས་རེ་ལྟོས་ཀྱི་མིག་ཟུང་།
ཉག་ཆུའི་སྟོད་རྒྱུད་ཀྱི་རྟའུ་ལ་བསྲིངས་དོན།
ཉི་མ་དང་ཁ་ཐག་ཉེ་བའི་གྲོང་ཚོ་ཁྱོད་ནི།
བོད་ཅེས་པའི་རླབས་ཆེན་གྱི་མི་རིགས་དེའི།
ཡན་ལག་དང་ཉིང་ལག་གང་རུང་དུ་གྲུབ་པས་ལན།
རྟའུ་ལགས། ཁྱོད་ཉིད།
གང་དུའང་མི་འགྲོ་བར་གྱིས་དང་།
ད་དུང་མི་མཐུད་དུ་གངས་འདབས་འདིར་འཚོ་བའི།
སྟ་གོན་བྱོས་དང་།
ང་ཚོ་སྔར་བཞིན་འཛོམས་ཆོག་ཅེས།
སྙན་ངག་པས་ཁྱོད་ལ་བླངས་པའི་གཞས་འདི་གསན་ཨེ་བྱུང་ལགས།
སེམས་གཏམ་དེ་ནི།
ད་ལྟ་ཁྱོད་ལ་ཆེས་མཁོ་བའང་དེ་ཡིན།
ངའི་སྙན་ངག་གསར་བ་འདི།
ཉི་འོད་ཀྱི་ཐིགས་པ་རེ་རེའི་གསེང་དུ་བཅུག་སྟེ།
ངའི་སྨོན་ལམ་གསར་བ་འདི།
ཞིང་ཚིགས་གྲུ་བཞི་རུ་གཏོར་ཏེ།
ཡང་ནས་ཡང་དུ།
བསྐྱར་ནས་བསྐྱར་དུ།
ཁྱོད་ལ་སྐྱབས་འཇུག་ཞུས་ཡོད།
༢༠༢༠/༢/༡༦ཞོགས་པར།
སྔོན་པོ།
མི་ཡི་རྗེ་བོ།
– – – ནད་ཡམས་ཀྱི་སྔུན་དུ་འགྲེང་བའི་རྒྱ་གྲམ་དམར་པོའི་ཚོགས་ལ་ཕུལ།
གོད་ཆགས་ཀྱི་སྔུན་ནས།
འཇིགས་རུང་གི་སྔུན་ནས།
ང་ཡིན་ཟེར་མཁན་གྱི་མི་དཀར་ཚོའི།
ལྭ་དཀར་ནང་གི་མི་དཀར་ཚོའི་གཏོང་ཕོད་དང་སྙིང་སྟོབས་དྲན་ན།
དོན་དམ་གྱི་མི་ཡི་རྗེ་བོ་ཟེར་ན་ཁོང་ཚོ་རེད་ཨང་།
མི་ཡི་རྗེ་བོ་རེད་ཨང་།
རང་གི་ཚེ་སྲོག་འབེན་ལ་བཞག་ནས།
ཅི་མི་སྙམ་པར་གཞན་གྱི་ཆེད་དུ་ལག་པ་འགུལ་སོང་།
སྙིང་རྗེ་འགུལ་སོང་། བྱམས་བརྩེ་འགུལ་སོང་།
གསོ་རིག་ནང་གི་བརྡ་ཆད་ཡོད་ཚད་འགུལ་སོང་།
སྨན་ཁང་ནང་གི་ཅ་དངོས་ཡོད་ཚད་འགུལ་སོང་།
ངས་ནད་པའི་ཚབ་བྱས་ནས་བཀའ་དྲིན་ཞུ་དགོས་ཨང་།
ངས་མི་དམངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཞུ་དགོས་ཨང་།
དངན་པ་ཞིག་འཐེན་རྗེས་ཡང་དང་བསྐྱར་དུ་བཀའ་དྲིན་ཞུ་དགོས་ཨང་།
སྙན་ངག་ཅིག་བྲིས་རྗེས་ཡང་དང་བསྐྱར་དུ་བཀའ་དྲིན་ཞུ་དགོས་ཨང་།
ཁྱེད་ཚོས་དཀའ་ལས་མྱངས་སོང་ལགས།
ཁྱེད་ཚོས་འོ་རྒྱལ་བཞེས་སོང་ལགས།
བཀའ་དྲིན་ཞུའོ།། བཀའ་དྲིན་ཞུའོ།། བཀའ་དྲིན་ཞུའོ།།
ངག་ཆོས།
ཏོག་དབྱིབས་ནད་དུག་གསར་པའི་འགོག་རྒོལ་གྱི་འབོད་སྐུལ།
ཏོག་དབྱིབས་ཀྱི་ནད་འབུ་སྤང་ལ་མེ་ལྕེ་མཆེད་པ་བཞིན།
ཝུའུ་ཧན་བརྒྱུད་དེ་རྒྱལ་ཡོངས་ཀྱི་མཁའ་རུ་འཕུར་བཞིན།
རྒྱ་མཚོའི་ཕར་ཕྱི་བརྒལ་ནས་ཐང་དཀར་ལྟར་ལྡིང་གིན་འདུག
གངས་རི་སྲུབ་ཀ་དང་གཙང་ཆུ་གཡས་གཡོན་ནས་ཀྱང་འཛུལ་བྱུང་།
ཨེ། ང་ཡི་གངས་རི་དང་གཙང་ཆུ་སྲུང་བའི་གདོང་དམར་བ་ཚོ།
སེམས་ཀྱི་འདུན་པ་ཞི་བདེ་ལ་གཏད་ནས་རང་ལུས་འདོམ་གང་སྲུང་སྐྱོབ་ལ་ཕྱོགས་དང་།
ངས་ནད་ངན་ཀྱིས་དགབ་ནས་ཆོ་ངེ་འདོན་བཞིན་པའི་མི་ཚོགས་མཐོང་བར་མི་བཟོད་གི།
འུ་ཚོའི་འཁོས་ཀ་དང་འཇོན་ཐང་གི་མདུན་དུ།
གློ་ཚད་འཇའ་ཡལ་མའི་གདུག་རྩུབ་རྒོད་པ་ཚད་གཅིག་མེད།
དེ་བས་གདོན་འདྲེ་ལྟ་བུ་ནད་ངན་འདི་ལ།
རང་ལུས་ཁྱིམ་བཙུད་ཀྱི་ཨུ་ཚུགས་ཚད་དང་།
ང་ཚོས་རིམས་འགོག་འཐབ་འཁྲུག་ལས་རྣམ་པ་རྒྱལ་བའི་གཡུལ་རྔ་རྡུང་བར་ཐེ་ཚོམ་མེད།
ཏོག་དབྱིབས་ནད་དུག་གི་གཉན་རིམས་གློ་ཚད།
སྟོད་ཀྱི་ཉི་མ་ལྷ་ས་དང་།
སྨད་ཀྱི་ཟི་ལིང་དང་རྔ་བ།
དཀར་མཛེས་དང་རྟའུ་སོགས་མདོ་དབུས་ཁམས་གསུམ་དུ།
སྐྱ་སེར་དབྱེ་མེད་ལ་གདོང་ཐུག་བརྒྱབ་བཞིན།
སུ་ཐུག་སུ་ལ་གནོད་པ་བྱེད་བཞིན།
ཉེན་ན་ཚེ་སྲོག་གི་མེ་ཏོག་སྐེམ་པ་བྱེད་ཅིང་།
རང་འཁོར་གྱི་སྤུན་ཟླ་མིང་སྲིང་དང་།
རང་ཡུལ་གྱི་སྐྱིད་སྡུག་མྱོང་གྲོགས་ཐམས་ཅད།
སྡུག་གི་མེ་འོབས་ལ་འཕེན་བཞིན་སླེབས་བྱུང་།
སྔངས་སྐྲག་གི་སྦྲུལ་ཚང་བཙུད་བཞིན་སླེབས་བྱུང་།
དེ་བས་རང་སྲུང་གི་མགོ་བོ་འཐོན་པོ་གནམ་ལ་སྒྲེང་བཞིན།
ཆོས་ལུགས་དང་ཚན་རྩལ་སྦྲེལ་བའི་འགོག་རྒོལ་གྱིས་དང་
གོས་དཀར་དཔའ་བོའི་སྡེ་ཚོགས་ཀྱིས་ང་ཚོའི་དོན་དུ་ཚེ་སྲོག་གི་འཐབ་མོ་བཀྱེ་བཞིན་ཡོད།
གོས་དམར་སྐྱབས་གནས་སྡེ་ཚོགས་ཀྱིས་ང་ཚོའི་དོན་དུ་ཐུགས་གཏད་དང་ཕྲིན་བཅོལ་བྱེད་ཀྱིན་ཡོད།
ཚེ་འདིར་མགོན་སྐྱབས་དང་ཕྱི་མའི་ལམ་སྟོན་བྱེད་ཀྱིན་ཡོད།
རྒྱལ་ཁབ་ཕྱི་ནང་གཉིས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་དཔུང་སྒྲིལ་བྱུང་།
རྒྱ་བོད་ཡུལ་གྲུ་ཀུན་ཏུ་སྐྱིད་སྡུག་མཉམ་ཁུར་ཀྱི་གོམ་པ་སྤོས་བྱུང་།
མདོ་དབུས་ཁམས་གསུམ་ཀུན་ནས་རྡོག་རྩ་གཅིག་སྒྲིལ་གྱི་སྐད་འབོད་རྒྱབ་བྱུང་།
ཁོ་ཚོས་རྒྱུ་ཡོད་ནོར་དང་རྒྱུ་མེད་གཏམ་གྱིས་སྟོབས་ཤུགས་སྦར་བྱུང་།
འདི་ནི་ང་ཚོའི་གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་ཡིན་ལ།
འདི་ནི་གཞོན་རབས་སྟོང་གི་ལམ་སྟོན་ཡིན།
འདི་ནི་ལོ་རྒྱུས་རིང་མོའི་ལག་རྗེས་ཡིན་ཞིང་།
འདི་ནི་དུས་རབས་གཅིག་གི་སྟོབས་ཤུགས་ཡིན།
ཉི་མ་ལྷ་སའི་སྐད་གཡང་གིས་དབུ་ཁྱུད་མཐུད་ནས།
ཁྲི་ཤོར་རྒྱ་མོས་གཙང་ཕྱགས་ཀྱི་རླབས་འཕྲེང་བརྒྱུད་དེ།
སྟོད་ཀྱི་གངས་རི་ནས་སྨད་ཀྱི་རྒྱ་མཚོ་བརྒལ་བཞིན།
ཏོག་དབྱིབས་ནད་དུག་གི་རྔ་མ་གཅོད་པའི་རྒྱལ་ཁའི་གླུ་དབྱངས་ལེན་རན་བྱུང་།
སྐད་ཅིག་མའི་དུས་ཚོད་འགའ་ཡི་རྐྱེན་ངན་ནང་ལ།
ཅིས་ཀྱང་ལོང་མཆོང་མི་རྒྱབ་པ།
རང་སྲུང་གི་ཁྱིམ་གཞི་ཁྲ་མོར་སྒུག་ཙམ་མཛོད་དང་།
སྐྱིད་སྡུག་གི་ཉི་མ་བསྐྱལ་བའི་མི་ཚེའི་ལམ་གྲོགས་ཚོ།
རེ་བའི་སྦྲང་ཆར་སིལ་མ་ང་ཚོ་དང་ཉེ་བྱུང་།
ང་ཚོས་རྒྱལ་ཁ་ལེན་པ་སྐད་ཅིག་ཙམ་རེད་འདུག
རེ་བ་མ་ལྷོད། སྤོབས་པ་མ་ཞུམ།
ང་ཚོས་རྒྱལ་ཁ་ལེན་པ་དུས་ཚོད་འགའི་ཡུག་ཡིན།
ནད་ཡམས་གྱི་འགོག་སྲུང་མ་ལྷོད།
སྤྲིན་དཀར་ན་བཟའ་མནབ་པའི་དཔའ་བོ་ཚོའི་ཚེ་སྲོག་གི་རིན་ཡིན།
ང་ཡི་ཀྲུང་གོ་བ། ང་ཡི་གངས་ཅན་པ། ང་ཡི་སྐྱེ་དགུ་པ།
མདང་སྐྲག་ཅི་ཡང་མེད་པ།
ང་ཚོའི་ཚེ་སྲོག་གི་རྒྱལ་ཁ་རྩོད་རོགས།
སྦྲ་ནག་པ།
རྟོགས་དཀའ་བའི་འགྲུལ་བཞུད།
ཁ་སང་། སྟབས་མ་ལེགས་པ་ཞིག་གིས།
ཝུའུ་ཧན་གྲོང་ཁྱེར་དུ། ཐོག་དང་པོར།
ཏོག་དབྱིབས་གློ་ཚད་ཅན་ཀྱི་ནད་པ་ཁ་ཤས་བྱུང་བས།
ཁྱེད་ཀྱིས་ནད་དུག་དེ། འགོ་སླ་བའི།
རིམས་ནད་ཚབས་ཆེན་ཞིག་ལ་ངོས་བཟུང་སྟེ།
གྲོགས་པོའི་གླིང་ཚོམ་དུ་ཉེན་བརྡ་ཆུང་ཆུང་ཞིག་བཏང་།
སྐབས་དེ་དུས་རྐྱེན་ངན་དང་ཆག་སྒོ་འདི་འདྲ་ཞིག
སུ་ཞིག་གིས་ཀྱང་། བློ་ཡུལ་དུ་འབྱུང་དོགས་མེད་པས།
གནས་ལུགས་ཀྱི་སྐད་ཆ་འདི། དང་ལེན་མེད་པར།
དྲ་ལམ་གྱི་དཀྲོག་གཏམ་ཞིག་ལ་ངོས་བཟུང་ནས།
ཁྱེད་ནི། འབྲེལ་ཡོད་སྡེ་ཁག་གིས་བལྟ་སྲུང་དགོས་པའི།
དོགས་ཡོད་མི་སྣ་ཞིག་ཏུ་བསྙད་སོང་་་ ་་་
དེ་ལྟར། ཟོལ་མེད་ཀྱི་བདེན་གཏམ་གཅིག་གིས།
ལྷ་གླུ་གཉེན་གསུམ་ལ་ཕོག་ཐུག་ཤོར་བས།
ཁྱེད་ལ་ཐོབ་པ་ནི་བསླབ་སྡོམ་གྱི་ཡི་གེ་ཞིག་དང་།
ཡི་གེ་རུ་བཀོད་པའི་མཛུབ་ཐེལ་དམར་པོའི་མིང་ཐོ་དེ་ཡིན།
ཨ་ཨ་་་ ་་་ དྲང་བདེན་ཟེར་ན། གནས་ལུགས་ཟེར་ན།
འཇིགས་རུང་གི་ཐ་སྙད་དེ་ཚོ་གཟུགས་མེད་ཀྱི་གཤེད་གྲི་ཞིག་རེད།
ཡིན་ནའང་། ཁྱེད་ཀྱིས་སྨན་པ་ཞིག་གི་ངོས་ནས།
མི་སེར་གྱི་དོན་དུ་སྐད་ཆ་ལྷད་མེད་ཅིག་བཤད་ཟིན་པས།
ཁྱེད་ནི་དཔའ་བོ་ཞིག་ཏུ་ཆགས་སོང་།
ཤ་ཁྲག་གིས། ཤ་ཁྲག་གི་ཆག་འཇིག་གསོས་ཤིང་།
ཚེ་སྲོག་གིས། ཚེ་སྲོག་ལ་ལྷན་པ་བརྒྱབ་ནས།
འཆི་བདག་གི་གཡུལ་ངོར་ཆས་པའི་དཔའ་བོ་ཞིག་ཏུ་ཆགས་སོང་།
ལི་སྨན་པ། ད་བདེ་མོར་ཕེབས།
མིག་ཆུ་དང་གདུང་སེམས་ཀྱི་ཐ་སྙད་འདི་དག
བརྩེ་དུང་གི་ཟུངས་ཁྲག་དམར་པོས་ཇི་ལྟར་བརྫིས་རུང་།
རྟོགས་དཀའ་བའི་འགྲུལ་བཞུད་ཅིག་གི་ཕམ་ཉེས་ལས།
ངས་འདི་ནས་ཝུའུ་ཧན་མི་དམངས་ཀྱི་སྡུག་བསྔལ་སེལ་བའི།
སྐད་ཆ་ཞིག་གཏན་ནས་འཆད་ཐུབ་གི་མི་འདུག་་་ ་་་
2020.02.14 ཉིན།