May 2020

ཀ་རྩོམ་བདེན་པའི་རྒྱལ་དར།།

ཀ་རྩོམ་བདེན་པའི་རྒྱལ་དར།།
ན་མོ་གུ་རུ་ཨོ་ཌཱི་ཡ་ན་བི་ཛ་ཡེ།།
ཨོ་རྒྱན་སྟོབས་རྒྱལ་ལ་ཁག་ཅིག་མི་འདུག།
ཨེ་ཙི་ཕྱོགས་རིས་ཀྱི་ཨ་མདོའི་ཕོ་སར།།
ཨུ་ཚུགས་དེ་འདྲ་ཡིས་གང་ཡང་མི་ཕན།།
ཨི་ལྡན་དབྱངས་གསལ་གྱི་བདེན་ཁ་གྲགས་སོང་།།
ཨ་ཏིའི་ཟབ་དོན་ལ་གོམས་པའི་བླ་མ།།
ཧ་ཤང་ཚུལ་འཆོས་དང་གཏན་ནས་མི་འདྲ།།
ས་སྟེང་གོ་ལ་འདི་ཆེ་ཆེ་མིན་ཕྱིར།།
ཤ་ཚའི་གྲོས་འདེབས་དེ་རླུང་ལ་མ་བསྐུར།།
ལ་རྒྱའི་སེམས་པ་དེ་ཆོས་ལ་དཀར་ན།།
ར་རུའི་གདུག་རྩུབ་དེ་ནང་ལ་མ་བསྐོར།།
ཡ་རབས་དྲང་བདེན་ལ་ངོ་སོ་བསྟོད་དེ།།
འ་ཅག་དབང་རྒྱུད་ལ་རྩེད་ཆས་མ་བྱེད།།
ཟ་གོས་ལྟོ་ཆེད་དུ་དམ་ཆོས་བཙོང་ན།།
ཞྭ་མདོག་ཁྱད་པར་གྱིས་གྲུབ་མཐའ་མི་ཟིན།།
ཝ་ལེར་བསམ་ཤེས་ཤིག་སྙིང་ལ་མཆིས་ན།།
ཛ་ཡའི་བསྟན་པ་ལ་གཅེས་སྐྱོང་གནང་རོགས།།
ཚ་གྲང་དམྱལ་ཁམས་ལ་བག་ཡོད་མཛད་ནས།།
ཙ་ཀ་ལི་དབང་གི་དྲྭ་རྩེད་བཤམས་ན།།
མ་སྦས་གསང་བསྒྲགས་ཀྱི་དམ་ཚིག་ཉམས་ཕྱིར།།
བ་གླང་རྟུལ་ཞུགས་ཀྱི་གྲལ་དུ་མ་ཞུགས།།
ཕ་རོལ་ཕན་སེམས་ཀྱི་ཆོས་བཤད་ཡིན་ན།།
པ་ར་མི་ཏ་ཙམ་ཐད་གཏོང་ལོས་ཆོག།
ན་རྒ་འཆི་ཆོས་ཀྱི་སློབ་གསོ་ལོས་བྱེད།།
ད་དུང་བྱམས་བརྩེ་སོགས་གླེང་ན་ཆོག་ཀི།།
ཐ་དག་དག་སྣང་དང་རིས་མེད་ཡིན་ཡང་།།
ཏཱ་ལའི་ལོ་མ་ལ་མི་བསམ་མི་དགོས།།
ཉ་ཉུང་མཉམ་བསྲེ་ཡི་ལས་འགུལ་འདི་རིགས།།
ཇ་འཐུང་ངོ་དགའ་ཡི་ཁྲབ་སྟོན་ཙམ་མོ།།
ཆ་ལུགས་ཀུན་བཟང་གི་དགོངས་པ་ཤེས་ན།།
ཅ་ཅོ་འབྲེལ་མེད་ཀྱི་གསང་ཆེན་མ་བསླད།།
ང་རྒྱལ་རྣམ་དག་གི་ལྟ་དགོངས་ལྡན་ན།།
ག་པར་ཕྱིན་ཡང་ནི་ཀུན་བཟང་ཞིང་ཁམས།།
ཁ་དོག་དཀར་དམར་ལ་མགོ་བོ་མ་འཁོར།།
ཀ་དག་རྒྱུད་པ་ལ་ཐུགས་བསམ་བཞེས་རོགས།།
ཀ་བ་བུམ་པ་ཡི་མཚན་ཉིད་ལྡན་བཞིན།།
ཀ་གཙང་དམ་གཙང་གིས་དབང་ཆོས་གནང་རོགས།།
ཞེས་པ་རབ་གནས་ལྕགས་བྱིའི་ས་ག་ཟླ་བའི་རྒྱལ་ཕུར་འགྲུབ་སྦྱོར་ལ་ཨ་མདོ་ཕོ་སར་ཚོ་ལ་གང་ཤར་དུ་
—————ཨེ་མ་ཧོས

Leave a Reply

Your email address will not be published. Required fields are marked *