དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་བདེན་དོན་རིན་པོ་ཆེ།
ལེའུ་བཞི་བ། ཏང་གི་འོག་ནས་རྒྱལ་ཁ་ཐོབ་པའི་ཚུལ།།
ལོ་བཅུ་གཅིག་ནས་བཅུ་གཉིས་བར་དུའོ།།
ནངས་ནུབ་སྔ་ཕྱིའི་བར་ནས་བསྙེན་སྒྲུབ་བྱས།།
རྩ་གསུམ་ཆོས་སྐྱོང་སེམས་ཀྱི་ཆོས་ཉིད་མཇལ།།
གཉུག་མའི་སེམས་ལ་ཞི་ལྷག་རྗེན་པར་བུད།།
འབྲོག་སྡེའི་ཕྱུགས་ར་ཁྲ་མོར་བྱིན་ཆགས་འབར།།
གེ་སར་སྒྲུང་དང་མི་ལ་རས་པའི་མགུར།།
ཟབ་གསང་སེམས་ཀྱི་གསེང་ལ་ཐིམ་པའི་ཚེ།།
སྔ་ཕྱི་སྐྱེ་བའི་རྣམ་པར་ཐར་པའི་གཏམ།།
འདས་སོང་ཐང་ཀའི་རི་མོ་བཞིན་དུ་དྲན།།
མ་བརྟག་འཇིག་རྟེན་ཉམས་དགའི་སྣང་ངོར་རུ།།
གཟུང་འཛིན་སེམས་ལ་སྦྲུམ་པའི་གྲོང་ཁྱིམ་ཁྲོད།།
དགྲ་གྲོགས་བར་མའི་བདེན་རྫུན་སྒྱུ་མའི་འཕྲུལ།།
དགའ་སྐྱོའི་གློག་གི་ཟློས་གར་རོལ་འདི་མཚར།།
གུ་ཡངས་རེ་དྭོགས་བྲལ་བའི་དགོན་པ་ནས།།
ཕྱུགས་རིགས་འདྲ་མིན་བདག་པོ་སྣབ་ལུད་པས།།
འཆི་མེད་ལྷ་ལུས་ལས་ལྷག་དགའ་སྤྲོ་བཅས།།
དབྱར་དགུན་ཚ་གྲང་བཟོད་པའི་དཔའ་བོ་དངོས།།
མཁུར་ཚོས་དཀར་ལ་དམར་བའི་མདངས་དང་ལྡན།།
ལྤགས་གོས་ལྤགས་དོར་ལྷམ་རིང་གཟི་བརྗིད་ཅན།།
འུར་རྡོ་ཀོ་མདའ་གླིང་བུ་རིང་ཐུང་བཅས།།
རལ་འཆིང་མཛེས་པའི་ཇོ་རུ་དཔའ་བོ་བཞིན།།
རག་ཁྲ་རི་མོ་རྒྱན་གྱི་དང་པོ་ཐོབ།།
ཨ་མཚེ་རོག་མོ་གཟེངས་རྟགས་རིན་མེད་ཀུན།།
ཨ་མ་དགྱེས་པའི་ཁྱིམ་ཆུང་གཟི་འོད་བཅས།།
རྟ་ནོར་ལུག་གི་འཕེལ་ཁ་དགུང་དུ་འཕྱུར།།
སྦྲ་ཆོན་ཐག་པར་རླུང་རྟའི་དར་ཅོག་སྒྲོན།།
སྔ་མོ་རི་བོ་བསང་མཆོད་དྲི་ཞིམ་ཐུལ།།
དགུང་ཁར་མགྲོན་བཞི་བརྔན་པའི་གསུར་མཆོད་ཀྱི།།
ཞིང་ཁམས་ཀུན་ཁྱབ་བླ་མའི་རྗེས་སུ་བཟློས།།
བཅུ་གསུམ་ཡིད་བཞིན་ནོར་བུའི་ཐུགས་དམ་དང་།།
བཅུ་གཉིས་མཛད་བཟང་དྲན་པའི་རྣམ་ཐར་ལ།།
བཅུ་གཅིག་ཀུན་འོད་ཁྱབ་པའི་རྟེན་འབྲེལ་རིགས།།
ས་བཅུ་སེམས་དཔའི་རྟུལ་ཞུགས་བདག་གིར་བཞེས།།
ཤེས་རབ་དབང་ཕྱུག་རིག་ཆའི་སྤུན་དང་ཟླ།
གཞུ་ཤུབ་གོང་འོག་གངས་དཀར་དགའ་བའི་ཚལ།།
གཡང་དཀར་ལུག་གི་འབའ་སྒྲ་རྣ་བར་འཇེབས།།
འཁྱག་ཀློང་ངར་མའི་གཅེས་ཕྲུག་ཨེ་མ་ཧོ༔