November 2019

ཁོ་བོ་ནི་མཚོ་སྔོན་ཡུལ་ཤུལ་ཁྲི་འདུར་སྐྱེས་ཤིང་། གཅེས་མིང་ལ་དཀོན་ཅོག་དཔལྡན་དང་པིར་མིང་ལ་གྱིན་འདའ་བ་ཞེས་པ་ཞིག་རང་བཟོས་བྱས། ལོ་ཆུང་ལོ་རིམ་དྲུག་པའི་ཐེམ་སྐས་བརྒལ་ནས་མཐར་གྱིས་ཆོས་དང་རིག་གཞུང་ལ་བག་ཆགས་རེ་འཇོག་ཕྱིར་རང་དགོན་གྱི་གྲལ་མཐར་ཞུགས། ཡེ་ལོ་2014 ལོ་ནས་རྩོམ་རིག་གསར་རྩོམ་གྱི་ཕྱོགས་སུ་གོམ་ཁ་དང་པོ་བསྒྱུར་ཏེ།བགས་ཀྱིས་ལས་མཐུན་སྙན་ངག་གི་ཕྱུགས་ཆུང་ཞིག་བསུས་ཏེ་ཁྱེའུ་སྙིང་རྗེ་མོ་འགའ་ཡང་འཁྲུངས་ཤིང་། འགའ་རེས་སྒེར་དང་གཞུང་གི་དུས་དེབ་གངས་དཀར་རི་བོ་དང་གངས་ཀྱི་རོལ་དབྱངས། ཤྭ་སྐྱ་ལོ་དེབ།ད་དུང་དྲྭ་ཚིགས།ཚགས་པར་སོགས་སུ་འདྲ་པར་ཐེངས་འགར་སྒྲོན་མྱོང་། ད་སྐབས་གསེར་ཐང་བླ་རུང་ནས་སློབ་སྦྱོང་ཕྲན་བུ་རེ་བྱེད་མུར་མཆིས་སོ། །

ཐུགས་ཀྱིས་དགོངས་ཡངས་གནང་རོགས།

གྱིན་འདའ་བ། ཁྲི་འདུ།

ལུས་ངག་ཡིད་ཀྱིས་སྒོམ་ཞིང་དད་པའི་ཀློང་ན་བཞུགས་པའི།།
སེམས་ཀྱི་མཆོད་སྟེགས་སྟེང་གི་ཤེས་རབ་དབྱངས་ཀྱི་བདག་མོར།།
རབ་འབྱམས་མཆོད་པའི་སྤྲིན་ཕུང་བློ་ཡིས་བླངས་ཏེ་མཆོད་དོ།།

དུས་གསུམ་ནར་མར་འབོད་ཅིང་ཡིད་ཆེས་དད་པས་བཞེངས་བའི།།
འཁོར་འདས་དབྱིངས་ནས་གཟིགས་པའི་རྒྱལ་སྲས་བྱང་ཆུབ་སེམས་མ།།
ཞེན་ཆགས་སྲིད་པར་ལྟུང་བའི་བདག་འཛིན་འགོང་པོ་སྒྲོལ་ཅིག།

སྒོ་གསུམ་འདུན་པས་མཆོད་ཅིང་མོས་གུས་ཀློང་ན་བཞུགས་པའི།།
རྒྱ་ཆེན་ཚོགས་གཉིས་ཡེ་རྫོགས་ས་ཐོབ་རྒྱལ་བའི་སྲས་མོ།།
མཁྱེན་དཔྱོད་ཡངས་བའི་གཏེར་ལས་ལེགས་གསུང་གྲུ་ཆར་བབས་ཤོག།

རབ་དཀར་པད་ཟླའི་གདན་ལས་གདུབ་ཀོར་སིལ་སིལ་འཁྲོལ་བའི།།
མེ་ཏོག་མགུལ་བར་ཐོགས་པའི་མཚོ་འཁྲུངས་ཡིད་ཀྱི་ལྷ་མོས།།
ཐེག་བཟང་ཚེམས་ཕྲེང་དགོད་བཞིན་འཛུམ་པའི་སྤྱན་ཟུང་སྟོན་ཤོག།

ཟ་འོག་སེང་རས་སྤུད་ཅིང་ཉམས་ཀྱིས་སྤྱན་ཟུང་གཡོ་བའི།།
གསེར་གྱི་རྒྱུད་སྐུད་འཁྲོལ་བའི་ལྷ་ཚོགས་ཞིང་གི་སྒེག་མོ།།
ལང་ཚོའི་འཇོ་སྒེག་དབར་ནས་འཛུམ་དཀར་དར་ཅིག་ངོམ་ཤོག།

གཉི་ཟླའི་འོད་ཀྱི་ཕང་བར་ཚིག་གི་ས་བོན་གཏོར་བའི།།
ངག་རིགས་མེ་ཏོག་བཞད་པའི་ཚངས་དབྱངས་སྨྲ་བའི་བདག་མོ།།
དཀྱུས་རིང་ཨུཏྤལ་འཛུམ་བཞིན་དབྱངས་ཀྱི་ཟིལ་བ་འཁྲོལ་ཤོག།

ངག་དབང་ཡུམ་གཅིག་ལྷ་མོས་ཐུགས་བརྩེ་ཡུན་ཅིག་ཕྱོགས་དང་།།
ངག་རིགས་དཔལ་ལ་དུང་བའི་སྐལ་ལྡན་མགྲིན་པའི་པད་མོར།།
ངག་ཚིག་གེ་སར་ཟེའུ་འབྲུ་ངོམས་མེད་བཅུད་དུ་གཏམས་ཤོག།

2146 10. 6 ཉི་མ་བླ་བྲང་ནས།

ཁ་བྱང་མེད་པའི་སྙན་ངག་མཉེན་མོ་ཞིག

གྱིན་འདའ་བ། ཁྲི་འདུ།

ང་འཛིན་ལྕགས་ཀྱི་ཐག་པ་ཆད་ཡོད་ན།།
ང་རྒྱལ་རྡོ་ཡི་མགོ་འཕང་བྱིང་ཟིན་ན།།
ང་དང་ཁྱོད་ཅེས་སྒྲུན་སེམས་མི་དགོས་པས།།
ང་ནི་རྫོགས་པའི་སངས་རྒྱས་ཡིན་ཀྱང་སྲིད།།

འཇིག་རྟེན་ཚང་ཆེན་འདི་ཡི་རྩེད་ཆས་ཡིན།།
འཁོར་བའི་བརྙན་འཕྲུལ་ནང་གི་ཟློས་གར་ཡིན།།
རང་སེམས་ཕྱི་ནང་གསལ་བའི་ཆུ་ཤེལ་མིན།།
རང་གཤིས་རྗེན་པ་རྟོགས་པའི་སངས་རྒྱས་མིན།།

ཁྱོས་ཀྱང་སྡིགས་ཚིག་གཤེ་ན་གཤེ་ཤོག་དང་།།
སྐྱོན་རྔོག་ཉེས་མཚང་འབྲུ་ན་འབྲུ་ཤོག་དང་།།
ངས་ཀྱང་མི་སྨྲ་རྟུལ་ཞུགས་འཛིན་ནས་ཆོག།
སེམས་དཀྱེལ་ཡངས་བའི་ཀློང་ནས་འཛིན་ཀྱང་ཆོག།

ཤ་ཚའི་ཚིག་ཡུས་ཤིག་གི་ཚིག་གསེང་ན།།
བློ་དཀར་བདེན་གཏམ་ཞིག་གི་ནང་བཅུད་ན།།
སེམས་ཉིད་རིག་ངོ་འཕྲོད་པའི་ངེས་ཤེས་ཡོད།།
རང་སེམས་གསལ་བོར་འཆར་སའི་མེ་ལོང་ཡོད།།

ཚོར་བ་འཁྱག་ལ་འབྱར་བའི་སྣང་བ་དེ།།
སྣང་བ་རླུང་ལ་འདྲེས་པའི་ཚོར་བ་དེ།།
སེམས་ཀྱི་བག་ཆགས་འཐུག་པས་གནད་ཅིག་རེད།།
སྔོན་གྱི་ལན་ཆགས་བཙན་པས་ལན་ཞིག་རེད།།

ཡུན་ཙམ་ཞིག་ལ་སེམས་རྩ་འཁྲུག་པ་འདི།།
སྐད་ཅིག་ཅིག་ལ་ངོ་གདངས་འགྱུར་བ་འདི།།
རང་སེམས་འཆིང་ཐག་ཞེན་ཆགས་རྒོད་པས་རེད།།
རང་ལུས་གདོས་བཅས་འཛིན་པ་དྲག་པས་རེད།།

མི་འདོད་སེམས་བྱུང་འདི་དག་གང་ནས་ཆད།།
མ་ངེས་རྟོགས་ཚོགས་འདི་དག་གང་ནས་ཡོང་།།
སེམས་ཀྱི་གནས་ལུགས་ངང་ནས་འཚོལ་བར་བྱ།།
གཤིས་ཀྱི་ངོ་བོ་ཀློང་ནས་གསལ་བར་བྱ།།

ཡེ་ལོ 2019. 5. 9

དགུན་ཟླ་རིང་མོ།

གྱིན་འདའ་བ། ཁྲི་འདུ།

དབྱིངས་སུ་རྒྱུ་བའི་ལྷོ་སྤྲིན་ཤིག་ཤིག་དབར་མེད་རེད།།
བྱང་ནས་ལྡང་བའི་གྲང་རླུང་ཤུར་ཤུར་ཆད་མེད་རེད།།
རྒྱང་གི་རི་ཚོགས་ཁ་བའི་ལ་ཐོད་རྒྱུན་ཆགས་འདི།།
རྒྱུན་འགྲོས་རིང་བའི་དགུན་ཟླ་རྒྱལ་མོའི་དན་རྟགས་རེད།།

དགོང་ཞོགས་དབར་གྱི་གཉི་མའི་དྲོད་ཁོལ་སྐྱོས་པ་རེད།།
རྡུལ་འཚུབ་རྒོད་པའི་རུ་གྲོང་སྐྱ་བོ་བྱེ་ཐང་རེད།།
ལུས་སེམས་ཁོག་ཏུ་གྲང་ཟིལ་བརྩེགས་པའི་ཚོར་བ་འདི།།
རྒྱུན་འགྲོས་རིང་བའི་དགུན་ཟླ་རྒྱལ་མོའི་རླབས་རིས་རེད།།

སྤྲིན་གསེང་གཉི་མའི་འོད་ཐིགས་འཆར་ཙམ་འཕྲོས་ཙམ་རེད།།
ལམ་འགྲམ་སྡོང་མགོའི་བྱེའུ་ཁྱུ་འདར་ཙམ་འཕུར་ཙམ་རེད།།
རླུང་འཚུབ་རྒོད་པོས་གནམ་སའི་དབར་ཡང་གཏོར་བ་འདི།།
རྒྱུན་འགྲོས་རིང་བའི་དགུན་ཟླ་རྒྱལ་མོའི་འཕག་འཚག་རེད།།

སྤྲིན་ཚོགས་བྲེལ་བ་བྱང་རླུང་བསུ་བའི་སྔོན་འགྲོ་རེད།།
རྒྱང་གི་ཏུག་རིང་སྐྱ་ག་གྲང་བའི་ཁོག་འདར་རེད།།
འཆར་ཁའི་ཁོལ་མར་ཟིལ་བའི་མེ་ཏོག་གད་པ་འདི།།
རྒྱུན་འགྲོས་རིང་བའི་དགུན་ཟླ་རྒྱལ་མོའི་རླངས་དུག་རེད།།

སྦུབས་སུ་ཡིབས་པའི་མདོ་ཡི་ཆུ་ཕྲན་ཇེ་བྲེལ་རེད།།
སྲིབས་སུ་གཟིམས་པའི་འཇག་མ་སྐམ་པོས་ཇེ་སྡིགས་རེད།།
དྲོད་གྲང་མ་ངེས་འགྱུར་བག་སྐྱེན་པའི་དུས་ཚིགས་འདི།།
རྒྱུན་འགྲོས་རིང་བའི་དགུན་ཟླ་རྒྱལ་མོའི་གདུག་རྩུབ་རེད།།

࿐ས་སྲོད་དེར་སེམས་པ་སྐྱོ་ཙམ་སྡུག་ཙམ།

གྱིན་འདའ་བ། ཁྲི་འདུ།

གཉི་མའི་འོད་ཐིགས་དམར་པོ་སྤྲིན་ལ་འདྲེས་ཙམ་འཐིམ་ཙམ།།
འོད་ཀྱི་ཕྱི་མིག་གཉོམ་པོ་ནུབ་ཏུ་བཞུད་ཙམ་ནུད་ཙམ།།
ཚོར་བའི་ཕྱི་ནང་ཀུན་ནས་སྣང་བ་འཁྱག་ཙམ་གྲང་ཙམ།།
མིག་ཟུང་རྒྱང་ལ་ཀེར་བའི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

རི་མགོའི་དར་ལྕོག་དམར་པོ་རླུང་གིས་གཡོབ་ཙམ་བསྒུལ་ཙམ།།
བྱང་རླུང་ཙག་ངར་ཅན་པོ་གདོང་ལ་འཕོག་ཙམ་རྒྱག་ཙམ།།
སྒེའུ་ངོགས་སྡོང་ལོ་རྙིད་པོའི་འདབ་ལོ་འཐོར་ཙམ་ལྷུང་ཙམ།།
སྡོད་ཁང་སྤྱིལ་བོའི་ནང་གི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

གནམ་སའི་མཚམས་ཀྱི་སྤྲིན་པ་རླུང་གིས་འདེད་ཙམ་དེད་ཙམ།།
ལྷ་ཁང་རྒྱ་ཕིབས་འོག་གི་གཡེར་དྲིལ་འཁྲོལ་ཙམ་གྲགས་ཙམ།།
དགུན་ཁའི་རྡུལ་དམར་གསེང་ནས་ལུས་པོ་འགུལ་ཙམ་འདར་ཙམ།།
ཞེད་སྣང་ཁོག་ལ་ལྷུང་བའི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

སྒང་གི་སྤྲིན་དམར་ཐར་ཐོར་རྒྱང་དུ་འབྲོ་ཙམ་ཕྱོགས་ཙམ།།
གཞུང་གི་དུ་ཞགས་ཐིབ་བུ་མཁའ་ལ་འཐིབ་ཙམ་དཀྲིགས་ཙམ།།
སྣ་ཚོགས་རྟོག་བཟོའི་སྣང་བ་སེམས་སུ་འཆར་ཙམ་ཤར་ཙམ།།
སྨྲེང་བ་ཁོག་ཏུ་སྦྲུམ་བའི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

མུན་པ་གོས་སུ་གྱོན་པའི་གམ་ཡོ་མཐོང་ཙམ་རིག་ཙམ།།
ལྷིང་འཇགས་ཁོར་ཟིག་ཀུན་པོ་གཟིམ་ལ་ཉེར་ཙམ་ཕྱོགས་ཙམ།།
རོལ་དབྱངས་མཉེན་པོ་འགའ་ལ་སེམས་པ་ལྷན་ཙམ་གློད་ཙམ།།
དྲན་གདུང་སྙན་ཚིག་རྒུམ་བའི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

དྲན་ཚོར་ཡིག་འབྲི་འགའ་ལ་བཙན་གྱིས་འཐམ་ཙམ་འཇུས་ཙམ།།
དྲན་གདུང་གསང་ཚིག་དམར་པོ་ཁོག་ཏུ་སྐུང་ཙམ་སྦས་ཙམ།།
དྲན་སྣང་བློ་ཡི་འཆར་ཚུལ་ཤོག་ཏུ་འབྲི་ཙམ་བྲིས་ཙམ།།
དྲན་པ་རབ་ཏུ་སྐྱོམ་པའི་སེམས་འདི་སྐྱོ་ཙམ་སྡུག་ཙམ།།

Leave a Reply

Your email address will not be published. Required fields are marked *