ནམ་རྒྱུན་གྱི་སེམས་བསྐྱེད་ཡིད་བཞིན་ནོར་བུ།།
ནམ་རྒྱུན་གྱི་སེམས་བསྐྱེད་ཡིད་བཞིན་ནོར་བུ།།ཨེ་མ་ཧོ།།ནམ་རྒྱུན་མ་ལུས་འགྲོ་བའི་དོན་གྱིས་ཕྱིར།།ལུས་ངག་ཡིད་གསུམ་དགེ་བས་རྟག་ཏུ་འཚོ།།གཞན་ཕན་ཁོ་ནར་མཛད་པའི་རྒྱལ་བའི་སྲས།།ནམ་རྒྱུན་འགྱུར་བ་མེད་པའི་བསམ་སྤྱོད་བཅས།། བློ་ལྡོག་རྣམ་བཞི་སྒོམ་པའི་ངེས་འབྱུང་ཅན།།ཚད་མེད་རྣམ་བཞིར་གོམས་པའི་སྙིང་རྗེ་ཅན།།སྲོག་སྡོམ་གཟེར་བཞིས་བཅིངས་པའི་དམ་ཚིག་ཅན།།རིག་འཛིན་རྣམ་བཞིའི་ས་ལམ་བདེ་མྱུར་བགྲོད།། བཟང་ངན་ཚོར་བ་ཡོད་པའི་མི་རྒོད་དཔལ།།གཞན་དོན་ཕྲིན་ལས་དགྱེས་པའི་སེམས་དཔའ་ཆེ།།གསང་ཆེན་རྡོ་རྗེ་འཆང་དབང་ཨེ་མ་ཧོཿསྣང་སྲིད་ཀུན་རིགས་ཞིང་དུ་བདེ་དགས་འཚོ།།ཞེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་རྒྱལ་བ་གསུམ་པར་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཀུན་རིགས་ལྷ་ཁང་ནས་བགྱིས་པར་དགེའོ།།
འཇམ་མགོན་ས་སྐྱ་པཎ་ཆེན་གྱིས།
འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། རྟག་ཏུ་དམ་པའི་ཡོན་ཏན་ནི། །སྐྱེ་བོ་དམ་པས་ལྷག་པར་བསྒྲག །མ་ལ་ཡ་ཡི་ཙན་དན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །ཅེས་གསུངས་པ་དེ་འདི་འདྲ་ཞིག་ལ་གོ་དགོས་པ་ཡིན་ནོ། ལར་བདག་གི་སྐྱབས་རྗེ་བླ་མས་ནི་དུས་ཀུན་ཏུ་སུ་ལའང་ནང་སྨོད་གཏན་ནས་མཛད་སྲོལ་མེད་པ་དེ་ནི་ས་ཐོབ་སེམས་དཔའི་རང་རྟགས་ཞིག་ཡིན་ས་རེད་སྙམ་བཞིན་ཡོད། ། ཨོ་རྒྱན་ཆེན་པོས།ཆོས་ལ་ཕྱི་བཤོལ་མ་བྱེད་རྗེ་འབངས་རྣམས། །སྙིང་རུས་མ་ཆུང་སྒྲུབ་ལ་རེམ་པར་གྱིས། །ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན།།
བཀའ་མཆིད་བདེན་པའི་མཛུབ་ཚུགས།
བཀའ་མཆིད་བདེན་པའི་མཛུབ་ཚུགས།སངས་རྒྱས་རལ་བ་ཅན་ལ་ཕྱག་འཚལ་ལོ།།སྤྱིར་འོ་སྐོལ་ཚོས་གང་ཟག་གི་རྒྱུད་ཚོད་ཤེས་དཀའ་བར་སངས་རྒྱས་ཀྱིས་ཀྱང་གསུངས་ཟིན་པ་རེད། ཡིན་ན་ཡང་མདོ་རྒྱུད་མན་ངག་རྣམས་ལ་གཞིར་བཞགས་ན་མི་ཤེས་པ་ཡང་མི་སྲིད་པ་རེད། ཚད་མ་གཞུང་ལས། དེ་མཁྱེན་པ་ནི་ཀུན་མཁྱེན་འདྲ་གསུངས་དང་། དེང་དུས་སྙིགས་མའི་དུས་སུ་ཕལ་མོ་ཆེར་སྨྱོན་པ་བཞིན་དུ་ཆགས་ཟིན་པ་རེད། དེས་ན་མཚན་ཉིན་ལྡན་པའི་བླ་མ་ཡང་ཉིན་སྐར་ལས་ཉུང་བའི་སྐབས་སུ་སོ་སོའི་ཚེ་རབས་གཏན་གྱི་འདུག་ཆོས་དམ་པའི་ཆོས་ཞིག་སྒྲུབ་དགོས་པ་དེ་དལ་འབྱོར་ཐོབ་པའི་སྙིང་པོ་རེད། དེས་ན་བླ་མ་ཡང་མཚན་ཉིད་ལྡན་པ་ཞིག་ལ་མ་བསྟེན་ན་སྐྱེ་བ་ཚེ་རབས་ནང་པོའི་སོ་སོའི་བདེ་སྐྱིད་བརླབས་ཚར་བ་རེད། དེས་ན་གྲགས་རྒྱུགས་ཁོ་ནས་མ་ཡིན་པ་དང་། དད་པ་དང་འདོད་པ་མ་ནོར་བ་ནི་ཤིན་ཏུ་གལ་ཆེའོ། སྙིགས་སྤྱོད་ཕལ་མོ་ཆེ་ནི་སོ་སོར་རྒྱལ་བར་འདོད། འདོད་ཡོན་རང་འདོད་དུ་སོང་བ་ཞིག་ཡིན་ན་བདུད་ལས་ཡིན། དཔེར་ན་དེང་དུས་བོད་ནང་ནས་བླ་ཆེན་ཡིན་ཟེར་བ་འགའ་རེས་རླངས་འཁོར་གང་བརྫིག་དང་ལྷ་ཁང་སུས་ཆེ། མི་དམངས་འདུ་འཛོམས་དང་ཁྱབ་བསྒྲགས། འཁོར་འབངས་གང་མང་ལ་བལྟ་བ་དང་དེ་ལ་འབད་བརྩོན་བྱེད་པ་ནི་ཆོས་པ་རྣམ་དག་མ་ཤེས་པ་རེད། སངས་རྒྱས་ཉིད་ནས་ང་ཡི་བསྟན་པའི་མཇུག་མ་ལ།། འདོན་ཡོན་བདུད་ཀྱི་བར་ཆད་འབྱུང་། གསུངས་པ་དེ་རེད། འདུག་ཁང་གང་ཆེ། ཟས་ནོར་དགའ་དགུ་ཐམས་ཅད་ཉར་ཚགས་བྱས། ངན་དགུ་ཐམས་ཅད་གཞན་ལ་བཏངས། བླ་མ་དང་དཀོན་མཆོག་ལ་མཆོད་འབུལ་བྱས་པ་དེ་དག་སོ་སོའི་ལྟོ་རྒྱབ་དང་སོ་སོའི་ཉེ་འབྲེལ་དང་རང་འདོད་ཕྱོགས་ཁོ་ན་ལ་སྦྱིན། ཁ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་ཟེར་བ་མ་ཎི་བཞིན་བགྲངས་ཀྱང་ཐུགས་ལ་རང་འདོད་ཟབ་རྒྱས་བཟོ་བ་རྣམས་དང་། ཁ་ནས་འདོད་ཡོན་མི་འདོད་པ་སྐད་དུ་ཟེར་ནས། ཕུགས་ན་རང་འདོད་པ་ཁོ་ན་བཅུག་ལ་དག་ལ་སྙིང་པོ་མེད། དེ་ལས་ལྡོག་ཏེ་གཞན་མཐོ་ས་བཞགས། གཞན་ལ་དད་གུས་དང་རྩི་བཀུར། སོ་སོར་དམན་ས་ན་འདུག་ནས་འཁོར་བ་ལ་བློ་ལོག་པའི་ཆོས་པ་རྣམ་དག ལྟར་སྣང་ལ་ཁྱིམ་པ་ལྟར་སྣང་ཡང་། དོན་ལ་ལེགས་པར་སོམས་དང་། ཐུགས་རྒྱུད་ལ་ངེས་འབྱུང་དང་བྱང་སེམས། ཁྱད་པར་གསང་སྔགས་ཀྱི་བསྐྱེད་རྫོགས་རྫོགས་ལ་གོམས་པས། ལུས་ལྷ་སྐུ་རུ་ཤར། ངག་གསང་སྔགས་སུ་རྫོགས། ཐུགས་ཆོས་སྐུ་རུ་སྨིན་པ་རྣམས་ནི་སེམས་ཅན་ཀུན་སངས་རྒྱས་སུ་མཇལ། དག་སྣང་མཛད། གུས་བཀུར་བྱེད། རྩ་ཆེན་མཛད་པར་ཤ་ཏག་ཡིན། འདི་དག་ཐམས་ཅད་པོ་ཕྱི་དཔལ་འབྱོར་དང་ཁྱབ་སྲིད་པས་བཀོད་འདོམ་བྱས་པ་མ་ཡིན་པར་ནང་སེམས་ཉིད་སངས་རྒྱས་སུ་མཐོང་བའི་ལག་རྗེས་སུ་མཆིས་པར་གོར་མ་ཆགས་སོ། ཕྱི་གྲོས་མཁས་པ་དང་། ཚུལ་འཆོས་ཇི་ལྟར་བཙུན་རུང་མི་ཆོས་ཀྱི་བཟོ་བལྟ་ལས་གཞན་དུ་མ་ཡིན་ནོ།།མདོར་ན་གཞན་དོན་གཙོ་བོར་མཛད་པའི་སྐྱེས་ཆེན་དམ་པ་དག་ལ་དད་གུས་མ་ནོར་བ་སོ་སོའི་མདུན་ལམ་དང་སྙིང་པོ་བརླགས་མི་ཉན་པ་ནི་ཤིན་ཏུ་གལ་ཆེའོ།། ངེས་འབྱུང་ལྡན་པའི་གནས་བརྟན་དགེ་སློང་དང་།།བྱང་སེམས་བསླབ་གསུམ་ཕྱུག་པའི་རྒྱལ་བའི་སྲས།།སྣང་སྲིད་དག་མཉམ་གཟིགས་པའི་སྔགས་འཆང་ལ།།སྒོ་གསུམ་མི་ཕྱེད་པས་བསྟོད་བསྔགས་འབུལ།།ཨེ་མ་ཧོས
ངལ་གསོ་དང་ཉི་འོད་ལ་བལྟ་བཞིན་པའོ།།
ངལ་གསོ་དང་ཉི་འོད་ལ་བལྟ་བཞིན་པའོ།།ཨེ་མ་ཧོ།།དྲི་ཞིམ་མེ་ཏོག་ཡར་སྐྱེ་དགུང་དང་མཉམས།།བསིལ་རླུངས་འཇམ་པོས་ལུས་ཟུངས་ངང་གིས་བརྟས།།ཉི་འོད་དྲོན་པོ་འཇའ་འོད་ཀློང་ནས་འཆར།།ཚེ་སྲོག་རྡོ་རྗེ་བྲག་རིའི་བཅུད་དུ་སྨིན།།བླ་མ་དམ་པས་རི་ཀླུང་འཕྲིན་དུ་འབུལ།།ཡབ་ཆེན་རྒྱལ་པོས་བཀའ་ནན་གཙུག་ཏུ་བབས།།ཡུམ་ཆེན་དགོངས་པའི་དབྱིངས་ནས་རྒྱུན་དུ་གཟིགས།།བག་གྲོ་དགྱེས་པ་རྡོ་རྗེ་ངལ་གསོར་གནས།།འགའ་རིས་ལྷ་དང་བླ་མ་ཉིད་དུ་མཇལ།།འགའ་རེས་ཁ་མང་ལག་མང་ཙམ་དུ་བལྟ།།བཟང་ངན་དོ་མ་མཉམ་པའི་འཇིག་རྟེན་དུ།།མི་རྣམས་ཕལ་ཆེར་གྲགས་པའི་རྗེས་རྒྱུགས།།གང་ལྟར་བདེ་འོ་སྐྱིད་པ་བླ་མའི་དྲིན།།ཕན་བདེ་ལེགས་ཚོགས་འབྱུང་བ་བདེན་པའི་དྲིན།།ཅི་བསམ་ཡིད་བཞིན་གྲུབ་པར་ཆོས་སྐྱོང་དྲིན།།གུ་ཡངས་བློ་བདེར་གནས་པར་རང་གིས་དྲིན།།ལུས་ཀྱིས་རྣལ་འབྱོར་གཅེར་བུ་ཐང་དུ་ཉལ།།ངག་གིས་བཛྲ་གུ་རུའི་ཛབ་དབྱངས་ངང་།།ཡིད་ཀྱིས་རྒྱུ་བ་དབྱིངས་རིག་མ་བུ་འདྲིས།།བདེ་སྐྱིད་དོ་ཟླ་དབེན་པའི་ཨེ་མ་ཧོ།།ཤྲཱིས་དབྱིན་ཡུལ་ཨེ་ཝཾ་སྡུམ་རའི་ནང་ནས་བྲིས་པར་དགེའོ།།
ནམ་རྒྱུན་བཀའ་དགོངས་ཁྲོལ་དགོས།།
ནམ་རྒྱུན་བཀའ་དགོངས་ཁྲོལ་དགོས།།ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ།།ཡབ་ཆེན་དཔའ་བོས་གདམས་པ་རེ་རེས་མདུན་ལམ་སྟོང་གི་རེ་ཁ་བྱེས།།དྲིན་ཆེན་ཨ་མ་དྲན་ཐེངས་རེ་རེས་ཡང་དག་ཆོས་པའི་རྒྱལ་ས་བགྲོད།།སྙིགས་ལྔའི་མུན་པའི་ཚུབ་ཆ་རེ་རེས་བར་ཆད་རླུང་དམར་ཐལ་གྱིས་ཚུབས།།གླིང་དཀར་དཔའ་རྒོད་གསོལ་སྟངས་རེ་རེས་དགྲ་བགེགས་སྙིང་རྩ་དུམ་བུར་གཏོར།།པདྨ་ཀ་རའི་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་དགོངས་པ་མཐར་ཕྱིན་པས།།པདྨ་དྲག་གླིང་གཏེར་གསར་སྙིང་པོས་སྙིགས་ལྔའི་རྒུད་པ་དབྱིངས་སུ་སེལ།།བཀའ་གཏེར་ཆོས་འཁོར་འཛམ་གླིང་སྐོར་མཁས་རིག་འཛིན་དཔལ་དགྱེས་རྡོ་རྗེ་ཡིས།།བདུད་ནག་རྨུ་རྒོད་རྩ་ནས་གཅོད་ཅིང་དཀར་ཕྱོགས་རྒྱལ་བའི་རྒྱལ་མཚན་བསྒྲིངས།།ང་ཆེ་ངོམས་པའི་ང་རྒྱལ་མ་ཡིན་བདེན་གཏམ་འགྱུར་མེད་རྡོ་རྗེའི་སྒྲ།།གཞན་སྐྱོན་རྟོག་པའི་མིག་ཐུར་མ་ཡིན་དྲང་སྲོང་དགྱེས་པའི་མཆོད་སྤྲིན་ནོ།།བསམ་ཞིང་བསམས་ཚེ་དགའ་སྐྱིད་མཐར་ཐུག་སངས་རྒྱས་ཡེ་ཤེས་ཁོ་ན་ཉིད།།ཨེ་ཝཾ་ཆོས་སྡེའི་རིག་འཛིན་རྣམ་བཞིའི་མྱུར་ལམ་བགྲོད་པའི་ཐབས་མཁས་སོ།།ཤྲཱིིཿསྨྱོན་པས་རྙིང་གྲོགས་ཐང་རྙེད་ངོར་བགྱིས་པར་དགེའོ།།
ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ།།
ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ།། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་འདྲ་རིས། ལགས་ འོ་ན་ད་ལམ་གྱི་སྐབས་འདི་ཉིད་དུ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བགྱིས་པ་ནི་བསོད་ནམས་དང་ངོ་མཚར་གྱི་མཆོག་ཏུ་གྱུར་པ་ལགས་ཤིང། དེ་ལ་ཚོགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ་ཇི་ལྟར་བགྱི་བའི་ཐབས། བགྱིས་པའི་ཕན་ཡོན་དང་བཅས་པའི་རིམ་པ་ལས། དང་པོ་ངོ་བོ་ནི། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བ་དང། ལྷ་དང་བླ་མ་མཆེད་ལྕམ་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རྫས་ཀྱི་རྣམ་གྲངས་སོ།། ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་ག་ཎ་ཞེས་བྱ་བ་དེ་ཉིད་བོད་ཀྱི་སྐད་དུ་ཚོགས་ཞེས་བྱ་སྟེ། ཐབས་ཤེས་ཀྱི་རྫས་སུ་གྱུར་པའི་འདོད་ཡོན་བཟའ་བཏུང་གི་རྣམ་གྲངས་མང་པོ་ཚོགས་པར་བཤམས་པས་ན་ཚོགས་ཞེས་བྱའོ།། དབྱེ་བ་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞིའི་ཚོགས་སྣོད་དུ་གླིང་བཞི་རི་རབ་རོལ་མཚོ་དང་བཅས་པ་ཚོགས་ཀྱི་ཡོ་བྱད་དུ་རང་བཞིན་གྱིས་བཀོད་ཅིང། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་མཐའ་དག་ཚོགས་ཀྱི་རྒྱན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་སྣང་སྲིད་རང་བྱུང་ཕྱིའི་ཚོགས་མཆོད་རྨད་དུ་བྱུང་བ་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཚོགས་ལ་རང་བྱུང་རང་བབས་ཆེན་པོར་འབུལ་བ་ནི་ཕྱིའི་ཚོགས། ནང་ལྟར་ན། ཐབས་ཀྱི་རྫས་བཟའ་བའི་རིགས་གྱུར་ཐམས་ཅན་དང། ཤེས་རབ་ཀྱི་རྫས་བཏུང་བའི་རིགས་གྱུར་ཐམས་ཅད་དང། གཉིས་མེད་ཀྱི་རྫས་བཅའ་བའི་རིགས་གྱུར་ལ་སོགས་པ་མདོར་ན་འདོད་ཡོན་གྱི་ལོངས་སྤྱོད་ཅི་འབྱོར་ཐམས་ཅད་མཆོད་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི་ནང་གི་ཚོགས། གསང་བ་ལྟར་ན། རང་ལུས་པགས་པའི་ཚོགས་སྣོད་དུ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པའི་ཕུང་པོ་འདི་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་གསང་བའི་ཚོགས། དེ་ཁོ་ན་ཉིད་དུ་རང་རིགས་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཡངས་པ་ཆེན་པོའ་ིཚོགས་སྣོད་དུ་སེམས་ཡིད་རྣམ་ཤེས་དབང་ཚོགས་ཀྱི་འདུ་ཤེས་འགྱུ་དྲན་ཕྲ་རགས་བཟང་ངན་གྱི་རྟོག་ཚོགས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་མཐའ་དག་རང་རིག་རང་ཤེས་རང་གྲོལ་གྱི་ཚོགས་སུ་བྱིན་གྱིས་བརླབས་ནས། གདོད་མའི་གནས་ལུགས་ཀྱི་ངང་དུ་འབུལ་བྱ་འབུལ་བྱེད་དང་བྲལ་བ་ཉིད་དུ་ཡིན་ལུགས་རང་ངོ་ཤེས་པ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་ཚོགས་མཆོད་དེ། མདོར་ན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་རང་བཞིན་དུ་མ་གྱུར་པ་མེད་པའི་དོན་ཚུལ་བཞིན་དུ་ཤེས་དགོས་ཤིང། དེ་ལྟ་བུའི་དབྱེ་བ་རྟོགས་པས། ནང་གི་ཚོགས་མཆོད་དངོས་གཞི་ཇི་ལྟར་བགྱི་བའི་ཐབས་སམ་ཚུལ་ནི། སྤྱིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་འདོད་ཡོན་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ཅིང། བྱེ་བྲག་ཏུ་བཟའ་བ་ཐབས་ཀྱི་རང་བཞིན་དང། བཏུང་བ་ཤེས་རབ་ཀྱི་རང་བཞིན་ལ་སོགས་ཚོགས་རྫས་ཀྱི་དངོས་པོར་གྱུར་ཚད་ཇི་ལྟར་འབྱོར་བ་ལེགས་པར་བཤམས་ཤིང། ཡེ་ཤེས་རྣམ་རོལ་གྱི་མེ་(རཾ)ཆུ་(ཁཾ)རླུང་(ཡཾ)གསུམ་འཕྲོས་པས་ཀུན་རྫོབ་འཁྲུལ་སྣང་ཉེས་ཚོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། སྐུ་གསུམ་ཡེ་ཤེས་ཀྱི་རྩལ་སྣང་འབྲུ་གསུམ་(ཨོཾ་ཨཱཿཧཱུཾ)གྱི་འོད་ཟེར་འཕྲོས་པས་བདེ་ཆེན་ཟག་མེད་ཀྱི་བདུད་རྩི་ཡིད་བཞིན་འདོད་འབྱུང་གི་གཏེར་དུ་བྱིན་གྱིས་བརླབས། དེ་ཉིད་ཡུལ་གོང་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པའི་དངོས་པོར་ཕུལ། ཆོས་སྐྱོང་སྲུང་མ་རྣམས་ལ་ཅི་འདོད་ཀྱི་བསྐང་རྫས་སུ་བསྔོ། མཆེད་དང་ལྕམ་དྲལ་ཐམས་ཅད་དངོས་གྲུབ་དམ་རྫས་ཀྱི་ཚུལ་དུ་རོལ། ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་གཏོང་བ་ལ་སོགས་ཡུལ་གོང་འོག་ཀུན་ལ་སོ་སོར་གང་ལ་གང་འཚམ་པར་མཆོད་སྦྱིན་བྱ་ཞིང། དེ་དག་གི་ཚེ་ཡང་རློམ་སེམས་ཁེ་གྲགས་ལོ་འདོད་སེར་སྣ་རེ་དོགས་ལ་སོགས་པའི་བསམ་པ་དང་མ་འདྲེས་པར་ཏིང་འཛིན་ཡེ་ཤེས་རྣམ་རོལ་གྱི་ངང་ནས་དག་སྣང་མོས་གུས་སྙིང་རྗེར་ལྡན་ཞིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུལ། ཚོགས་ཀྱི་ཡོ་བྱད་ཀྱང།…
Alt Sidebar
Search





