• August 2019

    བླ་མ་དང་སློབ་མའི་དམ་ཚིག་ཡིད་བཞིན་ནོར་བུ།།

    བླ་མ་དང་སློབ་མའི་དམ་ཚིག་ཡིད་བཞིན་ནོར་བུ།།ན་མོ་གུ་རུ་ཡེ། ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།།མཁྱེན་བརྩེ་ཐུགས་རྗེའི་རོལ་གར་བླ་མ་ལ།།སེམས་ཉིད་རང་ངོར་ཤེས་པས་གསོལ་བ་འདེབས།།སྐུ་གསུམ་དབྱེར་མེད་བླ་མས་བྱིན་གྱིས་རློབས།།བླ་མ་སངས་རྒྱས་མཇལ་བའི་བསོད་ནམས་དང་།།ཟབ་ལམ་གདམས་ངག་ཐོས་པའི་ཕན་ཡོན་ལས།།བྱིན་རླབས་བཙན་ཐབས་འཇུག་པའི་ཨེ་ཝཾ་ཆོས།།སྙིང་གི་བུ་ལ་གདམས་པ་འདི་ལྟར་ལགས།།དད་གུས་དག་སྣང་ལྟ་བ་བླ་མའི་ཐུགས།།རང་ངོར་གསལ་བཞག་གནས་པ་སྒོམ་པ་ཡིན།།གཏད་མེད་རང་གྲོལ་སྤྱོད་པ་རྣམ་ཐར་ལ།།འབྲས་བུས་རང་བཞིན་རྫོགས་པའི་ས་མཆོག་གོ།རང་སེམས་ངོ་བོ་བླ་མ་དབྱེར་མེད་ངང་།།བདེན་ཚིག་རང་བཞིན་གསོལ་བ་སྙིང་ནས་འདེབས།།ཐུགས་ཡིད་དབྱེར་མེད་གནས་པའི་བར་མཚམས་ནས།།སངས་རྒྱས་ཀུན་འདུས་སྙིང་དབུས་དཀྱིལ་ནས་རྙེད།།བླ་མ་དཀོན་མཆོག་ཀུན་འདུས་ངོ་བོར་མཁྱེན།།མ་ལུས་འགྲོ་བ་ཀུན་ལ་རང་བཞིན་བརྩེ།།ཕྲིན་ལས་རབ་འབྱམས་དབང་བའི་ཐུགས་རྗེའི་བདག།གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་ཀ་ལགས།།བདག་གཞན་མ་ལུས་སེམས་ཅན་ཐམས་ཅད་ཀུན།།ཀུན་བཟང་རྫོགས་པའི་སངས་རྒྱས་མ་ཐོབ་བར།།དམ་བཅའ་མ་གཡེལ་ཕྲིན་ལས་རྒྱུན་དུ་སྐྱོངས།།རྣམ་སྨིན་རིག་འཛིན་རྒྱལ་བའི་སྐུ་རུ་བཞེངས།།འཆི་མེད་ཚེ་དབང་རིག་འཛིན་བརྙེས་པའི་ཚེ།།བདེ་ཆེན་ཕྱག་རྒྱའི་དགོངས་པ་མངོན་དུ་གྱུར།།ལྷུན་གྲུབ་ཆོས་སྐུའི་དབྱིངས་དང་མཉམ་པ་ལ།།སྐུ་གསུམ་རྒྱལ་བའི་རྒྱལ་སར་ཕྱིན་པར་ལགས།།ཀུན་ཏུ་བཟང་པོ་མཁྱེན་པའི་ཡེ་ཤེས་གསལ།།ཐུགས་རྗེ་ཆེན་པོ་བརྩེ་ཆེན་རབ་ཏུ་རྒྱས།།པདྨ་འབྱུང་གནས་ཕྲིན་ལས་རྫོགས་པའི་ཚེ།།འོད་གསལ་སྙིང་པོའི་བསྟན་པའི་རྣལ་འབྱོར་ལགས།།ཨེ་ཝཾ་སྒྲོན་དྲུག་ཨ་ཏིའི་གསང་ལམ་ནས།།ཆོས་ཟད་དགོངས་པ་མཐར་ཕྱིན་དམ་ཚིག་ཅན།།དད་ལྡན་སངས་རྒྱས་རྒྱ་མཚོས་སྐུལ་བའི་ངོར།།ཤྲཱིཿསྤྲུལ་དཔལ་དགྱེས་རྡོ་རྗེས་ཐོལ་བྱུང་བྲིས།།ཞེས་རབ་གནས་ས་ཕག་ཁྲུམས་ཟླའི་དབྱར་གནས་སྐབས་སུ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་གླིང་ནས་ཨེ་མ་ཧོས་བགྱིས་པར་དགེའོ།། །།

  • August 2019

    རང་ཉིད་སྐྱེས་ནས་འཆི་བའི་ནང་མོ་བར།།

    རང་ཉིད་སྐྱེས་ནས་འཆི་བའི་ནང་མོ་བར།།ཁོམ་མེད་འཁོར་བའི་བྱ་བ་བསྒྲུབ་བསྒྲུབ་ནས།།དམ་པའི་ཆོས་ལ་བརྩོན་པ་ཉུང་ཉུང་ནས།།འགྱོད་པའི་ཉིན་མོར་ཐོན་དུས་ཅི་ཞིག་བྱ།། ཐར་འདོད་ལམ་ལ་ཁ་ཡིས་བཤད་བཤད་ནས།།ཐར་མེད་འཁོར་བའི་འདམ་དུ་ཆགས་ཆགས་ནས།།དལ་བའི་རྟེན་བཟང་དོན་མེད་སོང་བ་འདི།།རང་ཉིད་རང་གིས་བསླུས་འདི་ཨ་རེ་ཙ།། དམ་ཆོས་བསྒྲུབ་བསམ་ཡ་ཐོད་གཉེར་མས་ཁེངས།།ཐར་བའི་ལམ་འདོད་དབང་པོ་ཉམས་ནས་སོང་།།བློ་ཁོག་གྱོང་བོ་འདི་ལ་བསམ་བསམ་ནས།།སང་ཉིན་གནང་ཉིན་བརྩིས་ནས་ཡོད་ཚད་ཤོར།། འཆི་བ་བསམ་ནས་དམ་ཆོས་ཅི་ཐུབ་གལ།།མི་རྟག་ལ་སྒོམ་ངེས་འབྱུང་རྩ་བ་གལ།།འདི་བདེ་ཕྱི་སྐྱིད་དུག་ལྔའི་གཉེན་པོ་གལ།།གལ་ཆེན་འདི་དག་གཙོ་བྱས་འཆི་བར་སོམས།། རང་གིས་རང་ལ་བྲིས་པའི་མགུར་མ་འདི།།ངེས་འབྱུང་སྐད་ཅིག་མ་ཡིས་བསྐུལ་བྱས་ནས།།རང་གཅེས་ཞེན་ཆགས་ཆེ་བའི་རང་ཉིད་ལ།།རང་གི་རྣམ་རྟོགས་ཤར་ཆ་ཤར་མར་བྲིས།། ______རང་ཉིད་ལ། གཙང་པས

  • August 2019

    རྒྱ་གར་གྱི་ཆོས་དང་སྲིད་འཛིན་པ་མུ་དྷཱི་ལ་བསྟོད་ཚིག་གསེར་གྱི་མཎྜལ།

    རྒྱ་གར་གྱི་ཆོས་དང་སྲིད་འཛིན་པ་མུ་དྷཱི་ལ་བསྟོད་ཚིག་གསེར་གྱི་མཎྜལ།ཨེ་མ་ཧོ།།རྒྱལ་སྤྱིའི་སྟེང་ན་གཟི་དཔལ་རབ་ཏུ་བརྗིད།།ལྷ་ལ་གུས་ཤིང་སངས་རྒྱས་དད་པ་བཞགས།ལུས་སྦྱོང་གནང་ཞིང་པདྨ་འབྱུང་གནས་གསོལ།།ཆོས་སྲིད་ཁྱབ་བདག་ཁྱེད་ལ་མངོན་པར་བསྟོད།།འཕགས་ཡུལ་སྲིད་དོན་བྲེལ་ཚབ་ཆེ་ན་ཡང་།།ཉིན་བཞིན་སྒོམ་ལ་བརྩོན་པའི་མུ་དྷཱིཿཉིད།།ཆོས་དང་འཇིག་རྟེན་འཛིན་པའི་དཔའ་བོ་ཁྱེད།།སྐུ་ཚེ་བརྟན་ཅིང་བསམ་དོན་མྱུར་འགྲུབ་ཤོག།ལྷ་འདྲེ་རྩོད་གཞིའི་ཁ་མཆུ་ཁྱེད་ལ་མེད།།དྲིན་ལན་ལོག་འཇལ་གཡོ་ཟོལ་དེ་བས་དབེན།།གྲགས་པ་དོན་ལྡན་ཞི་བདེའི་སྲིད་འཛིན་ཉིད།།འཛམ་གླིང་རྒྱན་ཏུ་ཡུན་རིང་འཚོ་གྱུར་ཅིག།ཅེས་པ་འདི་ཡང་རྒྱལ་གར་སྲིད་བློན་ཆེན་པོ་མུ་དྷཱི་ཉིད་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ནས་སྒོམ་རྒྱག་པ་དང་མཚོ་སྐྱེས་རྒྱལ་བའི་སྐུ་ལ་ཕྱག་འཚལ་སོགས་བརྙན་འཁོར་ལས་བཟང་རབ་མཐོང་མ་ཐག་གང་ཤར་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ནས་བསྟོད་པར་དགེའོ།།

  • August 2019

    ༄༅༅།།གནམ་ལྕགས་གླིང་པ་མི་ཡི་སེངྒེ་རྒྱལ།།

    ༄༅༅།།གནམ་ལྕགས་གླིང་པ་མི་ཡི་སེངྒེ་རྒྱལ།།ཨེ་མ་ཧོ།།གཞི་དབྱིངས་ཆོས་སྐུ་ཀ་དག་ཀུན་ཏུ་བཟང་།།ལམ་མཆོག་ལོངས་སྐུ་འོད་གསལ་རྡོ་རྗེ་འཆང་།།འབྲས་བུ་སྤྲུལ་སྐུ་ཕྲིན་ལས་གནམ་ལྕགས་དབང་།།འཇིགས་མེད་མི་ཡི་སེང་ཆེན་རྟག་ཏུ་རྒྱལ།།རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་དང་།།རྒྱལ་བ་མཆོག་དབྱངས་ཡེ་ཤེས་སྒྱུ་མའི་འཕྲུལ།།རྒྱལ་ཁམས་འདྲེན་པའི་རྒྱལ་སྲས་ཚུལ་འཛིན་པ།།རྒྱལ་དབང་གནམ་ལྕགས་གླིང་པ་རྒྱལ་གྱུར་ཅིག།ཨ་རིའི་ཡུལ་ཏུ་སངས་རྒྱས་སྐྱེད་ཚལ་བསྐྲུན།།གངས་ཅན་ལྗོངས་སུ་ཆོས་ཀྱི་འཁོར་ལོ་བསྐོར།།འཛམ་བུ་གླིང་ཀུན་མཆོད་རྟེན་ཡོངས་སུ་གཏམས།།ཕྲིན་ལས་ཀུན་ཁྱབ་གསང་སྔགས་བསྟན་འཛིན་རྒྱལ།།འཁོར་འདས་རྒྱན་ཏུ་ཨེ་ཝཾ་གནུབས་ཆེན་བཞེངས།།གནུབས་ལུགས་བཀའ་གཏེར་བསྟན་པའི་ཁྱབ་བདག་རྗེ།།རྒྱལ་བསྟན་སྤྱི་དང་སྔ་འགྱུར་བསྟན་དོན་ཕྱིར།།སྐུ་ཚེ་རབ་བརྟན་བཞེད་དོན་ལྷུན་གྲུབ་ཤོག།དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་།།རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།རིག་འཛིན་བརྒྱུད་གསུམ་བླ་མའི་ཐུགས་རྗེ་མཐུས།།གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག།ཅེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་ཉ་ལ་རང་གི་རྨི་ལམ་ཞིག་དང་ཆོས་དང་འཇིག་རྟེན་གྱིས་བདག་ལ་ཐུགས་བརྩེས་ལྷག་པར་སྐྱོང་བའི་མགོན་པོ་གང་ཉིད་དྲན་པའི་མོད་ལ་གསང་གསུམ་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་ཏུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཀྱི་རི་ཁྲོད་ནས་སྨོན་པར་དགེའོ།། །།

  • August 2019

    མཚམས་སུ་ཆས་པའི་ལམ་ཀ་ནས་བྱེའུ་དང་བགྲོ་གླེང་།།

    མཚམས་སུ་ཆས་པའི་ལམ་ཀ་ནས་བྱེའུ་དང་བགྲོ་གླེང་།།ཀྭ་ཀྭ། ཨེ་མ་ཧོ།།བྱེའུ་ཆུང་སེར་པོས་ཆོས་ཤིག་གསུངས་དང་གསུང་།།ཆོས་ནི་ཅི་བཤད་འབ་འབུ་མ་བསད་དང་།།འཚེ་བ་མེད་པར་ཆོས་ཀྱི་རྩ་བ་ཡིན།།སྐྱབས་སུ་འགྲོ་བ་ནང་པའི་འཇུག་སྒོ་ལགས།།དེ་སྐད་བཤད་པས་བྱེའུ་ཆུང་གད་མོ་བཅས།།སྐྲ་རིང་ཨོག་ཚོམ་མཛེས་པའི་རྣལ་འབྱོར་ཁྱོད།།གང་ནས་འོང་ཡིན་གང་དུ་འགྲོ་བར་ལགས།།ནགས་ཀློང་འདི་ན་སྲོག་ཆགས་དུང་ཕྱུར་ནི།།བརྒྱད་བརྒྱ་གྱ་བཅུ་གྱ་བརྒྱད་ཕལ་ཆེ་བ།།གཅིག་ལ་གཅིག་ཟ་མེད་པར་མི་སྲིད་དོ།།ཁྱོད་ཀྱང་གནས་འདིར་ཡོང་བའི་བར་ལམ་ནས།།འབུམ་ཕྲག་དུ་མའི་ཚེ་སྲོག་བརླགས་པ་ལ།།འབ་འབུ་མ་བསད་ཞེས་པ་ཅི་ཞིག་ཡིན།།འཁོར་བ་སྡུག་ཀུན་ཡིན་པ་ངས་ཀྱང་ཤེས།།དེ་བས་རྒྱུ་འབྲས་ལས་འདས་རྫོགས་ཆེན་ཆོས།།ངེད་ཅག་དབེན་རིར་གནས་པའི་སྲོག་ཆགས་ལ།།མ་ནོར་ཇི་བཞིན་གསུང་ན་མི་ཆོག་གམ།།ཤིང་ཐོག་ཅི་དགོས་ཚོགས་འཁོར་བཤམས་ན་ཆོག།འཇིག་རྟེན་འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་ན།།གཡོ་སྒྱུའི་མཁན་པོ་ཁྱེད་འདྲ་མཐོང་བའི་ཚེ།།དམ་ཆོས་ཟེར་བ་མཛུབ་མོ་གཙུགས་ས་ཞིག།མེད་ན་དབེན་པའི་རི་ལ་ཅི་ཕྱིར་འོང་།།ཨ་ཙི་མགོ་མཇུག་ནག་པོའི་བྱེའུ་ཁྱོད།།བྱ་བྱེད་མང་པའི་བྲེལ་དོའི་བྱ་ཚེ་ཟད།།དག་སྣང་མེད་པར་རྒྱུ་འབྲས་ཁྱད་བསད་ན།།རྫོགས་ཆེན་ལྟ་ཅི་ནང་པ་མ་ཡིན་ནོ།།དང་པོ་སྔོན་འགྲོའི་འབུམ་ལྔ་བསགས་སྦྱོང་གྱིས།།བར་དུ་ཕྱི་ནང་སྔོན་འགྲོའི་རུ་ཤན་གྱིས།།དེ་རྗེས་བླ་མ་སངས་རྒྱས་དངོས་མཐོང་ན།།ད་གཟོད་རྫོགས་པ་ཆེན་པོ་བཤད་ན་ཆོག།ཁ་ལ་གསེར་ཞག་ཆགས་པའི་མཁའ་འགྲོ་མ།།རྒྱབ་མདུན་སེར་ག྄ོས་གྱོན་པའི་གྲོགས་པོ་ཁྱོད།།རེ་ཞིག་བློ་ལྡོག་རྣམ་བཞི་ཡང་ཡང་གོམས།།དབེན་པ་བསྟེན་ཀྱང་དག་སྣང་མ་སྐྱེ་ན།།གྲོང་ནག་སྡིག་པའི་ཡུལ་དང་ཁྱད་པར་མེད།།ལེ་ལོ་སྡིག་སེམས་ངན་པ་ཡོང་དོར་ཏེ།།སྐྱབས་འགྲོ་སེམས་བསྐྱེད་རྣལ་མ་ཤིན་ཏུ་གལ།།

  • August 2019

    སྐྱེན་པོ་དགོན་གནས་དྲན་པ་ཨ་དཀར་ཟླ་བ་གཞོན་ནུ།།

    སྐྱེན་པོ་དགོན་གནས་དྲན་པ་ཨ་དཀར་ཟླ་བ་གཞོན་ནུ།།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡེ།།གཞི་ཀ་དག་གདོད་མའི་དབྱིངས་རིམ་ན།།ལམ་འོད་གསལ་སྙིང་རྗེའི་རོལ་གར་པ།།དོན་གང་འདུལ་འདྲེན་པའི་དེད་དཔོན་མཆོག།རྗེ་བླ་མ་ཨ་ཟླ་འཇིགས་རྣམ་མཁྱེན།།དཔལ་པདྨའི་རྒྱལ་ཚབ་པདྨ་གླིང་།།ཐུགས་རྒྱལ་བའི་སྲས་པོ་མཁས་གྲུབ་བདག།ཆོས་གཏེར་གསར་སྤེལ་བའི་བཀའ་དྲིན་ཅན།།རྗེ་བླ་མ་ཨ་ཞང་ལོ་མ་དྲན།།མདོ་གསང་ཆེན་མན་ངག་ཆུ་ཀླུང་ཀུན།།ཐུགས་རྒྱ་མཚོ་འཁྱིལ་བའི་ཀློང་ཟབ་མོར།།བསྟན་འགྲོ་ལ་ཕན་བདེ་ནོར་བུའི་བདག།གྲོགས་ཀླུ་དབང་ཨ་འགྱུར་དམ་པ་དྲན།།བྱམས་སྙིང་རྗེ་ཆུ་གཏེར་བསྲུབས་པ་ལས།།བརྩེ་དུང་བའི་དམ་ཚིག་ལྷུན་པོས་མཛེས།།འབངས་མི་དམངས་རིན་ཆེན་དང་པོས་བསྐོར།།ཡུལ་དྭངས་གཙང་ཨ་མོ་ཁུག་ཁྲ་དྲན།།དད་གུས་པ་ནམ་མཁའི་མཐའ་མཉམས།།སེམས་ཡིད་ཆེས་སངས་རྒྱས་དངོས་དུ་མཇལ།།རེ་ཆེ་བར་དྲག་སྔགས་གླིང་པར་གསོལ།།བློ་མཚུངས་མེད་ཨ་མཚོ་ལ་སོགས་དྲན།།ཤྲཱིཿསྨྱོན་པས