• August 2019

    ཡུམ་ཆེན་ཕག་མོ་འཚོ་ཉིད་བདེ་བར་སྨོན།།

    ཡུམ་ཆེན་ཕག་མོ་འཚོ་ཉིད་བདེ་བར་སྨོན།།ཨོཾ་ཨ་མི་དྷཱེ་ཝ་ཧྲཱིཿཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས།།སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་ལ།།གསོལ་བ་འདེབས་སོ་ཐུགས་རྗེ་ཤུགས་བྱུང་ནས།།མ་ལུས་འགྲོ་རྣམས་ཕན་བདེའི་བྱིན་རླབས་སྩོལ།།ཁྱད་པར་སྙིང་བརྩེའི་ཡུམ་ཆེན་ཕག་མོ་འཚོ།།ཕྱི་ནང་རྐྱེན་ངན་གཞན་དབང་མི་འགྲོ་བར།།གནད་གཅོད་སྡུག་བསྔལ་མིང་ཡང་མི་གྲགས་པའི།།བདེ་ལྡན་དགོངས་པའི་བཞེད་དོན་ལྷུན་གྲུབ་ཤོག།གནས་སྐབས་ཞིང་གཞན་ཕེབས་མོས་དབེན་པའི་ཚེ།།ཚེ་རིང་ནད་ཞི་གཅེས་ཕྲུག་རིན་ཆེན་དང་།།འཇིག་རྟེན་བདེ་བའི་དཔལ་ལ་སྤྱོད་པར་ཤོག།དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་།།རྟེན་འབྲེལ་བསླུ་བ་མེད་པའི་བདེན་མཐུ་དང་།།བདག་གིས་ལྷག་བསམ་དག་པས་བསྔོ་སྨོན་འདིས།།འདི་བདེ་ཕྱི་སྐྱིད་དགེ་བས་རྟག་འབྱོར་ཤོག།ཅེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་དབང་ཕྱོགས་བཟང་པོ་དང་པོ་ལ་སྙིང་རྗེའི་བདག་ཉིད་དམ་པའི་གྲོགས་ཀྱིས་སྐུལ་བའི་རྐྱེན་དང་འཕོ་བ་དང་ཐར་མདོ་བཟང་སྤྱོད་འདོན་པའི་ཚོར་སྣང་བཅས་དབྱིན་ཡུལ་ཨེ་ཝཾ་བུདྡྷ་ཛྙཱ་ནའི་ཆོས་གླིང་ནསཨེ་མ་ཧོས་གསོལ་བ་འདེབས་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།

  • August 2019

    ཨེ་མ་ཧོ་ལྷ་རྒྱལ་ལོ།།

    ཨེ་མ་ཧོ་ལྷ་རྒྱལ་ལོ།།ན་མོ་གུ་རུ་དེ་ཝ་ཡེ།།མགོན་པདྨའི་རྒྱལ་ཚབ་ཨེ་མ་ཧོ།།ཆོས་རྫོགས་པ་ཆེན་པོའི་བསྟན་པ་སྤེལ།།ལས་རྟེན་འབྲེལ་ཕུན་སུམ་ཚོགས་ལ།།ལྷ་བླ་མས་ཀུན་ནས་བཀྲ་ཤིས་སྩོལ།།དཔལ་རབ་བྱུང་དགེ་ལེགས་ཡར་འཕེལ་ལ།།དགྱེས་བྱང་སེམས་ཕྱིན་དྲུག་སྤྱོད་པ་མཛད།།ཞིང་རྡོ་རྗེ་ཐེག་པའི་དེད་དཔོན་ལ།།ལུང་རྟོགས་པའི་ཉི་ཟླའི་སྣང་བ་གསལ།།དགྲ་ནག་པོའི་མི་ཚུགས་རང་དབང་ཅན།།གཉེན་ངན་པས་མི་གནོད་རྒྱང་ཐག་རིང་།།བདུད་བགེགས་རིགས་འཇོམས་པའི་དཔའ་བོ་ངས།།ཕྱོགས་ཀུན་ལས་རྒྱལ་བའི་རྒྱལ་རྔ་བརྡུང་།།ཡབ་འབུམ་པ་ཞལ་ལུས་གཡས་ནས་རྔམས།།ཡུམ་དར་བཟའ་དཔའ་མོས་མདུན་ནས་བསུས།།དཔའ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏམས།།བུ་དམ་ཚིག་རྩེ་རྒྱལ་འཛུམ་མདངས་རྒྱས།།ཨེ་ཨ་ཏི་མི་བུ་ལྷ་རྒྱལ་ལོ།།མ་འགྲོ་དྲུག་ཆོས་ལ་བསྒྱུར་བ་པོས།།ཧོ་མཉྫུ་གོང་མའི་གདན་ས་ནས།།དཔལ་དུས་བཟང་འཁོར་ལོ་ངང་གིས་བསྐོར།།ཅ་ཡུ་ནག་ཁྲག་དར་ཐུར་ཏུ་གཡུགས།།སྔགས་གོས་དཀར་ཆོས་དར་གྱེན་དུ་བསྒྲིངས།།སེ་ཁྱུང་སྲས་སྟངས་མ་དགུང་དང་མཉམས།།ཕྱོགས་ཀུན་ལ་བཀྲ་ཤིས་བདེ་ལེགས་སྨིན།།ཞེས་རབ་གནས་ས་ཕག་སྣྲོན་ཟླའི་ཚེས་བཅུ་ལ་ཉམས་འུར་དཔའ་བོ་གད་རྒྱང་དུ་ཤྲཱིས་རྟེན་འབྲེལ་དགེ་བའི་བརྡ་རྟགས་སུ་ཨེ་ཝཾ་བུདྡྷ་ཛྙཱ་ནའི་ཆོས་གླིང་གི་སྐྱེད་ཚལ་ནས་བགྱིས་པར་དགེའོ།། །།

  • August 2019

    འཆི་གསོན་བདེ་བའི་མགུར་དབྱངས།།

    འཆི་གསོན་བདེ་བའི་མགུར་དབྱངས།།ཨེ་མ་ཧོ།།༼༡༽མི་སྐྱེས་པའི་སྙིང་པོ་དམ་ཆོས་གོ།རྒྱུ་ཡོད་པའི་དོན་སྒོ་ཟས་གོས་མྱོང་།།ཡུལ་སྐྱིད་པའི་རང་དབང་ཇི་བཞིན་རྟོགས།།ད་འཆི་གསོན་ཅི་བྱུང་དགའ་ཡ་ལེ།།༼༢༽གནས་དག་པ་རང་བྱུང་སྨན་སྣས་གང་།།གྲོགས་བཟང་པོ་བྱས་ཤེས་དྲིན་བཟོ་མང་།།ཞིང་གསང་བ་རྒྱལ་ཡོངས་རང་དབང་ཆེ།།དུས་ཀུན་ཏུ་འབྱུང་ཁམས་སྤྲོ་སངས་སེ།།༼༣༽དྲི་ཞིམ་པས་མཁའ་རླུང་འཇམ་ཤར་རེ།།གླུ་མགུར་མའི་སྒྲ་དབྱངས་སྙན་ལྷང་ངེ་།།ཟས་གྲོ་བའི་རྩི་བཅུད་སྨན་ལྷན་ནེ།།ལས་རྟེན་འབྲེལ་སྨོན་ལམ་གསལ་ལྷམ་མེ།།ཞེས་པ་རབ་གནས་ས་ཕག་ཟླ་ཚེས་དགེ་བར་དབྱིན་ཡུལ་ཨེ་ཝཾ་སྦྲང་རྩིའི་ཟས་ཁང་ནས་ཤྲཱིཿསྨྱོན་པས་ཨ་མ་འདས་པའི་སྡུག་ཁུར་པོ་འོག་ནས་སྐྱིད་གླུ་ཐུང་ཐུང་རུ་བླངས་པར་དགེའོ།། །།

  • August 2019

    ༄༅།།ཤེས་བྱ་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེའི་སྐོར།།

    ༄༅།།ཤེས་བྱ་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེའི་སྐོར།།ཨེ་མ་ཧོ།།ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཞྭ་དམར་པ།།གཟུགས་སྐུའི་བཀོད་པ་བདེ་ཆེན་ཞིང་ཕེབས་ཀྱང་།།ཐུགས་བརྩེ་མི་འགྱུར་དུང་ཟླ་དཀར་པོའི་གཤིས།།གངས་དཀར་ཤར་རིའི་རྩེ་ནས་སླར་ཡང་འཆར།།བཀའ་བརྒྱུད་བསྟན་པ་ཕྱག་རྒྱ་ཆེན་པོའི་གར།།སྒྲུབ་བརྒྱུད་གོང་མའི་གཞི་ལམ་འབྲས་བུའི་ཆོས།།ཚུལ་བཞིན་ཉམས་བཞེས་མཛད་མཁས་ཞྭ་དམར་པ།།འཛམ་གླིང་འཛིན་མའི་རྒྱན་ཏུ་སླར་ཡང་བྱོན།།ཨེ་ཝྃ་མཁའ་ཀློང་ཡངས་པའི་དཀྱིལ་འཁོར་ནས།།པདྨ་ཟླ་བས་རབ་མཛེས་རྒྱལ་བུའི་སྲས།།སྐལ་བཟང་དམ་གཙང་མགོན་དུ་ཕེབས་ངེས་གསུངས།།ཞེས་པ་རབ་རྒྱན་ཤིང་རྟའི་ཟླ་ཚེས་དགེ་བར་ཆོས་དང་དཔལ་འབྱོར་གང་གི་ཆ་ནས་འབྲེལ་འདྲིས་མེད་ཀྱང་རྨི་ལམ་བཟང་པོའི་བསྐུལ་མ་དང་ཆོས་མཆེད་ཞིག་གིས་ངོར་རིག་འཛིན་ཨེ་མ་ཧོ་འམ་རྨི་ལམ་དབང་ཕྱུག་གིས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བྲིས་པར་དགེའོ།། །།

  • August 2019

    རྫོགས་ཆེན་དུས་འཁོར་གྱི་སྒྲུབ་རྒྱུད་ཟ་མ་ཏོག

    རྫོགས་ཆེན་དུས་འཁོར་གྱི་སྒྲུབ་རྒྱུད་ཟ་མ་ཏོགན་མོ་མ་ཧཱ་གུ་རུ་ཀཱ་ལ་ཙཀྲ་ཡེ།།ཨེ་ཡིག་སྟོང་ཉིད་སྤྲོས་བྲལ་རྫོགས་པ་ཆེ།།ཝཾ་ཡིག་འོད་གསལ་བདེ་ཆེན་དུས་འཁོར་ལོ།།ཟུང་འཇུག་ཡེ་ཤེས་རིག་འཛིན་གཉུག་མའི་གཤིས།།ཕྱི་ནང་གཞན་གསུམ་མཁའ་ཁྱབ་དཔལ་དགྱེས་པ།།ཆོས་བདུན་ནམ་མཁའི་རྡོ་རྗེ་ཨེ་མ་ཧོ།།ཨོཾ་ཨཱཿཧཱུཾ་ཧྲཱི་ཧ་ཀྵ་མ་ལ་ཝ་ར་ཡཾ་སྭཱ་ཧཱ།།སྣང་སྲིད་རྣམ་དག་འོད་གསལ་སྒྱུ་འཕྲུལ་དཔལ།།ཟབ་རྒྱས་ཡང་དག་དམ་ཆོས་བདེན་གསུང་སྒྲ།།རང་རིག་ཀ་དག་རྫོགས་པ་ཆེན་པོའི་ཐུགས།།འགྲོ་ཀུན་སྐུ་གསུམ་ངོ་བོར་སངས་རྒྱས་ཤོག།ཅེས་ཌཱ་ཀི་ནི་བིརྱ་དྷཱ་ར་དྷེ་ཝའི་སྐུལ་ངོར་ཤྲཱིཿཨེ་མ་ཧོས་དེ་ཉིད་དུ་རྫོགས་ཆེན་དུས་འཁོར་བསྙེན་སྒྲུབ་བསྡུས་ཆོག་ཏུ་བགྱིས་པར་དགེའོ།། །། སྤྱི་ལོ་༢༠༡༩ ཟླ་བ ༨ ཚེས་༡༠་ལ།།

  • August 2019

    ལམ།

    ལམ།ལམ་འགྲོ་ཡོང་བའི་གདམས་ཚིག་ཀུན་བཟང་མེ་ལོང་།ན་མོ་གུ་རུ་དྷརྨཱ་ཡ་ན་ཡེ།།༡༽ཀ་དག་པའི་ལམ་ལ་འཁྲུལ་བ་མེད།།འོད་གསལ་བའི་ལམ་ལ་མུན་པ་མེད།།དོན་ངེས་ཤེས་ལམ་མཆོག་རིན་པོ་ཆེ།།ལམ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ།།༢༽ལམ་འཁོར་བའི་ལམ་ལ་སྙིང་པོ་མེད།།ལམ་འགྲོ་ལྔ་དག་ལ་བདེ་བ་མེད།།ལམ་བདེན་པ་གདམས་ཤིག་སྙིང་གྲོགས་མ།།ལམ་མ་རིག་བྲལ་ན་མྱང་འདས་ལགས།།༣༽ལམ་དྲང་པོ་ཐར་བའི་ལམ་ན་ཡོད།།ལམ་དྲང་མོ་གདམ་ང་རང་ལག་ཡིན།།ལམ་མ་ནོར་ཨ་མའི་གཅེས་ཕྲུག་ཚོ།།ལམ་ནོར་ན་ནོར་སོ་ཆེན་པོ་ཡིན།།༤༽ལམ་གྱི་སྟོན་པ་བཤེས་གཉེན་གཙོ།།ལམ་གྱི་རྩ་བ་རང་སེམས་གཙོ།།ལམ་གྱི་མཐུན་རྐྱེན་གྲོགས་བཟང་གཙོ།།ལམ་གཙོ་རྣམ་གསུམ་མ་བརྗེད་ཨང་།།༥༽ལམ་གཞི་མ་མངོན་མཐོ་ངེས་ལེགས་དང་།།ལམ་ཐར་འདོད་ངེས་འབྱུང་རྣལ་མ་ལ།།ལམ་བྱང་ཆུབ་སེམས་ལ་དབང་བ་ན།།ལམ་དག་སྣང་མཇལ་བར་རིང་ན་མེད།།༦༽ལམ་བཟང་པོ་གདམས་པའི་རྣམ་དཔྱོད་གཅིག།ལམ་སྨོན་ལམ་འགྲུབ་པའི་བདེན་པ་གཉིས།།ལམ་ཐེག་དགུའི་གོ་རིམ་མཁྱེན་པ་གསུམ།།ལམ་རྒྱུ་འབྲས་བསླུ་བ་མེད་པར་མཁྱེན།།༧༽ལམ་ལོག་པར་འཁྱམས་ལ་སྙིང་རྗེ་སྒོམས།།ལམ་ངལ་ཞིང་དུབ་ཚེ་བརྩོན་འགྲུས་ཀྱིས།།ལམ་དགའ་སྡུག་ཐར་པ་སེམས་ལ་མཆིས།།ལམ་བདེེ་ཆེན་ངང་དུ་ཕྱག་རྒྱ་རོལ།།༨༽ལམ་ཡང་དག་མཇལ་བའི་ཤྲཱིཿསྨྱོན་པས།།ལམ་འཁོར་འདས་རྨོངས་པའི་སེམས་ཅན་ལ།།ལམ་བཟང་པོ་མཛུབ་མོས་རི་སྟོན་བཞིན།།ལམ་དཀར་པོའི་དགེ་ཕྱོགས་དེ་སྐད་ཐལ།།སྤྱི་ལོ ༢༠༡༩ ཟླ་བ ༨ ཚེས ༡༡་ལ།།