• August 2019

    H.H Penor Rinpoche

    ༧སྐྱབས་རྗེ་དམ་པ་༧གྲུབ་དབང་པདྨ་ནོར་བུའི་ཕྱག་རྒྱས་བཀའ་དྲིན་སྐྱོང་བའི་སྔ་འགྱུར་འཕགས་ཡུལ་རྣམ་གྲོལ་གླིང་ནི་འཕགས་ཡུལ་ནས་དཔལ་ཡུལ་བ་ཚོས་སྔ་འགྱུར་རྣམ་དག་ཏུ་རྒྱུན་འཛིན་སྐྱོང་སྤེལ་དགོས་པར་ཤིན་ཏུ་གལ་ཆེའོ།། ༧སྐྱབས་རྗེ་དམ་པ་གྲུབ་དབང་བླ་མ་བཀའ་དྲིན་ཅན་ཁྱེད་ཉིད་ཤིན་ཏུ་དྲན། སྔ་འགྱུར་པ་ལ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དང་ཁྱེད་ཀྱི་དྲིན་ནི་ནམ་ཡང་བརྗེད་ཐབས་བྲལ། ཤར་ནུབ་ཀྱི་ཉི་ཟླ་རྣམ་གཉིས། ཁྱེད་རྣམ་གཉིས་ནི་སྔ་འགྱུར་པའི་མིག་གཡས་གཡོན་བཞིན་དུའོ། I miss you very much!ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བ་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཀུན་མཁྱེན་མི་ཕམ་པས་སོ། །

  • August 2019

    ཨེ་ཝཾ་སྨོན་ལམ་ཆེན་མོ།།

    ཨེ་ཝཾ་སྨོན་ལམ་ཆེན་མོ།།ཨེ་མ་ཧོ།།སྙིང་རྗེ་ཆེན་པོས་འགྲོ་ཀུན་སྙིང་བཞིན་གཅེས།།ཤེས་རབ་ཆེན་པོས་ཐར་ལམ་འདྲེན་པར་མཛད།།ཨེ་ཝཾ་སྨོན་ལམ་ཡེ་ཤེས་མཐར་ཕྱིན་ནས།།བསྟན་འགྲོར་སྨན་པའི་སྨིན་གྲོལ་ཐོབ་གྱུར་ཅིག།ཅེས་པ་ཤྲཱིས་ཨེ་ཝཾ་སྨོན་ལམ་ཆེན་མོའི་བདེན་ཚིག་དུ་བགྱིས་པར་དགེའོ།། །།

  • August 2019

    གནམ་མཐའ་མཚོ་དང་འདྲས་པའི་རྒྱང་རིང་གན།།

    གནམ་མཐའ་མཚོ་དང་འདྲས་པའི་རྒྱང་རིང་གན།།མི་ལྡོམ་འཁྱམས་པོས་གནས་མལ་ཨེ་ཆོག་གམ།།ཆང་དམར་འཐུང་རོགས་མེད་པའི་དོ་ནུབ་ངས།།ཚོར་བས་བཟི་ཁ་བདུད་རྩིའི་ལྷག་ཞིག་རེད།། ཆུ་བོའི་རླབས་རྒྱུན་བྲག་རིའི་ངོས་སུ་རྡེབ།།ངང་དཀར་ཆ་གཅིག་ལྷིང་འཇགས་ཁད་ཀྱི་དཀྲོགས།།མེ་ཏོག་འདབ་མོ་རྙིད་པའི་དབེན་ཐང་ནས།།གྲོགས་བྲལ་གདུང་བས་མིག་ཆུ་ལྐོག་མིད་བྱེད།། སེམས་ཀྱི་སྐྱོ་དབྱངས་སྨྱུག་གླིང་གདངས་སུ་བསྲེས།།རྩྭ་ཞྭའི་འོག་ནས་ཕྱི་དྲན་སེམས་སུ་ཕབ།།དོ་ནུབ་སེམས་ཀྱི་ཕྱེད་ཀ་འཁྱག་གིས་བཟུང་།།གཙང་བོའི་འགྲམ་ནས་ཁེར་རྐྱང་སྣང་ཤེས་སྐྱོ།། ཆང་དཀར་འཐུང་གིན་འཐུང་གིན་ཡོད་ཚད་བརྗེད།།སང་ཉིན་ཆང་ནད་ཕོག་ནོ་སུ་ཡིས་རྟོག།རྨི་ལམ་དམར་པོས་ཡོལ་བ་མཐེན་ས་ནས།།མི་ཚེའི་གཏམ་གྱི་རྫོགས་ཚིག་འདི་ལས་ཅི།།

  • August 2019

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།།

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།། ན་མོ་གུ་རུ་བུདྡྷ་ཀརྨ་ས་ཏྭ་ཡེ།། ཨོ༵་རྒྱན༵་པདྨ་ཀ་རའི་བྱིན་རླབས་མཐུས།། ཕྲིན༵་ལས༵་རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཅན།། མཐའ༵་ཡས༵་སེམས་ཅན་མ་ལུས་སྨིན་མཛད་དཔལ།། རྡོ༵་རྗེ༵་འཆང་ཆེན་རྒྱལ་དབང་ཀརྨ་པ།། སྐུ་ཚེ་བརྟན་ཅིང་བསྟན་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ས་ཕག་ཆོས་འཁོར་དུས་ཆེན་ལ་ཀརྨ་པའི་སྐུ་འཁོར་ནང་ཚེགས་འགས་དེ་རིང་གི་ཀརྨ་པའི་མཛད་འཕྲིན་ལ་མཁན་ཆེན་བླ་མ་རིན་པོ་ཆེས་རྩོམ་ཞིག་གི་རོགས་པ་གནང་རོགས་སྐུ་མཁྱེན་ཞེས་ཡང་ཡང་སྐུལ་ངོར་རྒྱ་བོད་སྒེར་སྤྱོད་པ་ཚོས་ཇི་ལྟར་གཉའ་གནོན་དང་མ་ཉེས་ཁ་གཡོགས་བྱས་ཀྱང་རྐྱེན་ངན་གྲོགས་སུ་ཤར་ནས་དབང་ཐང་གི་མེ་ལྕེ་དགུང་ལ་མཆེད་ཅིང་། བར་ཆད་ཀུན་ལས་བརྩེ་བའི་དུང་གི་ཟླ་བ་གཟའ་སྒྲ་གཅན་ལས་ཐར་བ་བཞིན་གྱུར་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གཉིས་ལྷན་འཛོམས་ཐོག་ཡོ་རོབ་ཏུ་གསེར་མདོག་ལྕང་ལོ་ཅན་གྱི་དགེ་འདུན་པ་ཁྲི་ཕྲག་ལ་རྒྱལ་སྲས་ལག་ལེན་གྱི་ཆོས་འཁོར་བསྐོར་བ་ལ་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བགྱིས་པར་དགེའོ།། །།

  • August 2019

    དགའ་བ་བཅུ་ཐོ་མ།།

    དགའ་བ་བཅུ་ཐོ་མ།།ན་མོ་ཨརྱ་ཏཱ་ར་ཡེ།།༡༽གོང་དཔོན་ཆེན་ཞབས་རྩ་བལྡག་པ་ལས།།མགོན་དཔོན་མེད་རང་དབང་ཐོབ་ན་དགའ།།༢༽ཁྲི་གསེར་དངུལ་སྟེང་ལས་འགྱིང་པ་ལས།།མ་ཉམས་ཐག་ལག་གཡོག་བྱེད་ལ་དགའ།།༣༽དགོན་ཁྲ་མོས་བླ་ཆེན་བྱེད་པ་ལས།།གནས་དབེན་པར་གཅེར་བུ་རྒྱུ་ན་དགའ།།༤༽མི་ཕྱུག་པོའི་བེད་སྤྱོད་ལག་ཆ་ལས།།བཟང་ཉམ་ཆུང་འཚོ་བ་སྐྱེལ་ན་དགའ།།༥༽གྲོང་ནག་མོས་ངོ་སོ་སྲུང་བ་ལས།།ཆོས་བདེན་པའི་རི་སིལ་འགྲིམ་པར་དགའ།།༦༽གྲོགས་ངན་པས་གཡོ་ཟོལ་ངོ་བསྟོད་ལས།།དགྲ་ནག་པོ་གདོང་ཐུག་བྱས་ན་དགའ།།༧༽སྨན་ཁྲམ་པས་བརྟག་དཔྱད་བྱེད་པ་ལས།།ལུས་རྩ་རླུང་འཕྲུལ་འཁོར་སྦྱོང་བར་དགའ།།༨༽རང་ཡུལ་ནས་དཔོན་ཆེན་བྱེད་པ་ལས།།གཞན་ཡུལ་ནས་བག་ཡངས་གནས་པར་དགའ།།༩༽གྲགས་འུར་གྱིས་ནམ་མཁའ་གང་བ་ལས།།དོན་དམ་གྱི་ཉམས་ལེན་བྱེད་པར་དགའ།།༡༠༽ཆོས་བརྒྱད་ཀྱི་བྲན་དུ་གྱུར་པ་ལས།།ཆོས་དོན་ལ་རྩེ་གཅིག་སེམས་པར་དགའ།།ངས་དགའ་བ་བཅུ་ཡི་མགུར་མ་ཉིད།།སེམས་ཁྲོད་པར་ཡོད་ན་ང་ཕྱིར་ཤོག།རྫ་ཚེ་དང་ཨརྱ་ཏཱ་རེའི་ངོར་ཤྲཱིཿཨེ་མ་ཧོས་་་

  • August 2019

    མཁན་པོ་བསོད་ནམས་དར་རྒྱས་ལ་འཁྲུངས་སྐར་བསུ།།

    མཁན་པོ་བསོད་ནམས་དར་རྒྱས་ལ་འཁྲུངས་སྐར་བསུ།།ན་མོ་གུ་རུ་ཨ་བྷྱེ་ལཀྵཾ་ཀ་ར་ཡེ།།ཆོས་རྗེ་དམ་པའི་གསུང་གི་ཤིང་རྟ་ཆེ།།ཀུན་བཟང་མུ་མེད་གདལ་བའི་རྒྱལ་བའི་སྲས།།འགྲོ་ཁམས་མ་རིག་སེལ་བའི་དེད་དཔོན་མཆོག།སྐུ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།འཛམ་གླིང་ཕན་བདེར་མཛད་མཁས་མཁན༵་པོ༵་རྗེ།།བསོད༵་ནམས༵་རྒྱ་མཚོའི་མངའ་བདག་རིན་པོ་ཆེ།།བཤད་སྒྲུབ་བསྟན་པ་དར༵་རྒྱས༵་སྤེལ་བའི་མགོན།།གངས་ལྗོངས་སྤྱི་ནོར་དམ་པ་ཞབས་བརྟན་ཤོག།སྐུ་ཚེ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས།།གསུང་ཆོས་རྣམ་སྨིན་རིག་པས་མཁའ་ཁྱབ་གདལ།།ཐུགས་རྗེ་ཕྱག་ཆེན་རིག་འཛིན་བདེ་ཆེན་འཕེལ།།དཔལ་ཡོན་ཕྲིན་ལས་ཀུན་ཁྱབ་ལྷུན་གྲུབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་སངས་རྒྱས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་མཁན་པོ་བསོ་དར་རྒྱས་རིན་པོ་ཆེའི་འཁྲུངས་སྐར་ཡིན་པར་བོད་མི་ཕལ་ཆེ་བ་ཞིག་གིས་སྣང་མེད་མཛད་པ་མཐོང་ནས་བཀའ་དྲིན་ཅན་ཁོང་ལ་རྗེས་དྲན་དུ་འཁྲུངས་སྐར་དུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་སྨོན་པར་དགེའོ།། །།