ཤུག་པའི་སྒོམ་ཁང་དུ་དལ་….
ཤུག་པའི་སྒོམ་ཁང་དུ་དལ་ཅིག་གཉིད་ཁུག་ཀྱང་འབྲུག་པའི་མཁས་དབང་ཕུབ་རྡོ་རྗེས་མཁན་ཆེན་བླ་མ་མཁྱེན་ནོ་ཞེས་འབོད་པར་ཐོས་ནས་གཉིད་ལས་སད་ཡིན། གང་ལྟར་ཁོ་ལ་དད་པ་བཅོས་མིན་གྱིས་གསོལ་བ་འདེབས་ཀྱིན་ཡོད་པ་ཏན་ཏན་རེད། ཤྲཱིཿཨེ་མ་ཧོས་དེ་ཉིད་དུ་བགྱིས་པའོ།།
ཡི་རང་དང་བསྔགས་བརྗོད་པདྨ་ར་གའི་མཎྜལ།།
ཡི་རང་དང་བསྔགས་བརྗོད་པདྨ་ར་གའི་མཎྜལ།།ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།།ཕུན་ཚོགས་ལྔ་ལྡན་ཐེག་མཆོག་ཆོས་གླིང་དུ།།ཁྱད་ཆོས་དྲུག་ལྡན་རྒྱལ་བ་སྔ་འགྱུར་ལུགས།།མི་འགྱུར་ཆོས་བདུན་ངོ་བོར་འཚོ་བཞེས་པའི།།བཀྲ་ཤིས་རྟགས་བརྒྱད་རྟེན་འབྲེལ་ལྷུན་གྱིས་གྲུབ།།དམ་ཆོས་དུང་གི་སྒྲ་དབྱངས་ས་གསུམ་བསྒྲགས།།ཕན་བདེའི་གདུགས་དཀར་ནམ་མཁའི་ཁྱོན་ཀུན་ཁྱབ།།སྔ་འགྱུར་བསྟན་པའི་རྒྱལ་མཚན་དབྱིངས་ལས་མཐོ།།རྨད་བྱུང་དཔལ་བེའུའི་རྟེན་འབྲེལ་རྒྱ་མཚོར་འཁྱིལ།།ཕུན་ཚོགས་འདོད་འཇོའི་བུམ་བཟང་བདུད་རྩིས་གཏམས།།སྐལ་བཟང་གསེར་ཉའི་མཁྱེན་རབ་སྤྱན་ཟུང་རྒྱས།།རང་བྱུང་སྒྱུ་འཕྲུལ་དཀྱིལ་འཁོར་ལྷུན་གྱིས་གྲུབ།།ངོ་མཚར་པདྨ་དཀར་པོའི་རྣམ་ཐར་ལེགས།།བཀའ་གཏེར་ཟབ་དགུའི་སྲོལ་འགྱེད་སྔ་འགྱུར་བའི།།མདོ་སྔགས་བཤད་སྒྲུབ་ཕྲིན་ལས་རབ་ཏུ་རྒྱས།།མ་ལུས་འགྲོ་བའི་མ་རིག་ཀུན་སེལ་ནས།།རྩ་བརྒྱུད་བླ་མའི་བཞེད་དོན་ལྷུན་འགྲུབ་ཤོགཅེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་དཀར་ཕྱོགས་དགའ་བ་དང་པོར་དཔལ་རྒྱལ་བ་སྔ་འགྱུར་བསྟན་པའི་ཁྱབ་བདག་ཆེན་པོ་༧རྒྱལ་དབང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ཉིད་༧སྐྱབས་རྗེ་ནམ་མཁའ་རིག་འཛིན་རྒྱ་མཚོས་ཡོ་རོབ་སུད་སིའི་ཐེག་མཆོག་གླིང་དུ་གདན་འདྲེན་ཞུས་པའི་སྐུ་དཔར་མཇལ་བའི་མོད་ལ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་ཡི་རང་སྨོན་ཚིག་ཏུ་བགྱིས་པར་དགེའོ།། །།
ཨེ་ཝཾ་དམ་པའི་གདན་ས་རྒྱལ།།
ཨེ་ཝཾ་དམ་པའི་གདན་ས་རྒྱལ།།ཨེ་མ་ཧོ།།དཀྱིལ་འཁོར་དབུས་སུ་ཛྙཱ་ན་གུ་རུའི་གླིང་།།ཤར་དུ་དུས་འཁོར་ལྷོ་རུ་དབྱངས་ཅན་གླིང་།།ནུབ་ཕྱོགས་རྫོགས་ཆེན་བྱང་དུ་གེ་སར་གླིང་།།གླིང་ཆེན་ལྔ་དང་གླིང་ཕྲན་བཞི་ཡིས་མཛེས།།ཤར་ལྷོ་ཏཱ་ར་ལྷོ་ནུབ་གྷ་རུ་ཌཱ།།ནུབ་བྱང་ཇོ་གུར་བྱང་ཤར་ཐོད་རྒལ་གླིང་།།རྒྱལ་ཡོངས་ནགས་ཀློང་དབུས་སུ་རྒྱན་པ་འདི།།སྔ་འགྱུར་རིག་འཛིན་བརྒྱུད་པར་མཎྜལ་འབུལ།།ལུང་རྟོགས་བསྟན་པའི་ཉི་མ་རབ་ཏུ་གསལ།།བཤད་སྒྲུབ་ཕྲིན་ལས་ཟླ་བ་ཀུན་ཏུ་ཤིས།།དགེ་འདུན་འདུས་སྡེ་སྐར་ཚོགས་བཞིན་དུ་བཀྲ།།འཁོར་འདས་དགེ་བའི་བདེ་ལེགས་རྒྱས་གྱུར་ཅིག།བདུད་རྩི་འགྲུབ་སྦྱོར་དགེ་བར་ཨེ་ཝཾ་གླིང་ནས་ཨེ་མ་ཧོས་
གདོད་མའི་མགོན་པོ་མི་ཕམ་རིན་པོ་ཆེ་རྗེས་སུ་དྲན་པ་བཅོས་མིན་དད་པའི་གདུང་དབྱངས།
གདོད་མའི་མགོན་པོ་མི་ཕམ་རིན་པོ་ཆེ་རྗེས་སུ་དྲན་པ་བཅོས་མིན་དད་པའི་གདུང་དབྱངས། ༡ རྒྱལ༵་ཀུན་མཁྱེན་པའི་མེ་ལོང་དྷཱིཿཡིག་མཚན།།རྒྱལ༵་བསྟན་དུས་ཀུན་གསལ་བྱེད་དམར་སེར་འཆང་།།རྒྱལ༵་སྲས་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་བ།།རྒྱལ༵་དབང་མཚོ་སྐྱེས་བརྒྱུད་པར་བཅས་ལ་བསྔགས།། ༢དྲི༵་མེད་དྭངས་གཙང་འོ་མའི་མཚོ་གླིང་ནས།།དྲི༵་བྲལ་གཟི་དཔལ་བཀྲ་བའི་ཆུ་ཤེལ་དབང་།།དྲི༵་མའི་མུན་ཚོགས་གཏིང་ནས་ཡོངས་གསལ་བ།།དྲི༵་མེད་སྣང་གཏེར་མཚོ་སྐྱེས་བླ་མ་རྒྱལ།།༣གང༵་གི་བུ་སློབ་གསེར་རིའི་ལྷུན་པོའི་ཕྲེང་།།གང༵་ཞིག་སྨྲ་བའི་རྒྱལ་པོ་འཇིགས་བྲལ་བ།།གང༵་སྣང་བརྡ་དང་དཔེ་རུ་ཤར་གཟིགས་པ།།གང༵་ཞིག་མི་ཕམ་མི་ཡི་སེང་གེར་བསྔགས།།༤གངས་རིའི་མེ་ཏོག་འཛུམ་པའི་ས་ཡི་ཆར༵།།ཆར༵་ལྡན་ཟླ་ཀླུང་གཡུ་འབྲུག་ནོར་བུའི་ཚལ༵།།སྣོད་བཅུད་དགེ་བའི་ལེགས་ཚོགས་འཕེལ་བའི་གནས།།ཞིང༵་འདིར་ངོ་མཚར་སྐུ་ཡི་མེ་ཏོག་བཞད།།༥ཆུང་ནས༵་དད་དང་ངེས་འབྱུང་ནོར་གྱིས་ཕྱུག།ཡེ་ནས༵་ཐབས་དང་ཤེས་རབ་ཟུང་དུ་འཇུག།གདོད་ནས༵་ཆོས་སྐུའི་ངོ་བོར་སངས་རྒྱས་པ།།སྐྱེ་ནས༵་ཕྲེང་བར་མཛད་འཕྲིན་མཁའ་དང་མཉམ།།༦སྨྲ་བའི་སེང་གེའི་ཞལ་གཟིགས་ཁྱེད་ལ༵་ཐོབ། ། འཇམ་དབྱངས་མཁྱེན་བརྩེའི་ཐུགས་རྒྱུད་སྙིང་ལ༵་འཕོས། ། བློ་གཏེར་དབང་པོའི་བྱིན་རླབས་ཡིད་ལ༵་སྨིན། ། མི་ཕམ་འཇམ་པའི་དབྱངས་ལ་གསོ༵ལ་བ༵་འདེ༵བས། ། ༧གཏེར་སྟོན་བསོད་རྒྱལ་ཨ་འཛོམས་འབྲུག་སྤྲུལ་རྗེ༵། ། རྫོགས་སྤྲུལ་ལྔ་བ་དཔལ་སྤུངས་སི་ཏུ་རྗེ༵། ། ཀུན་བཟང་དཔལ་སོགས་གྲུབ་པའི་དབང་ཕྱུག་བཅས། །ཡབ་རྗེ་མི་ཕམ་མགོན་པོར་གསོ༵ལ་བ༵་འདེ༵བས། ། ༨བྷོ་ཊའི་མཁས་དབང་སྟོང་གིས་ཟླ་བྲལ་བ། ། དཔལ་རིའི་དགེ་བཤེས་བློ་བཟང་ར༵བ་གསལ་ལ། །བརྒལ་ལན་རྩོད་ལ་རིག་པའི་དཔའ་བོ་མཆོག ། མི་ཕམ་འཇམ་དབྱངས་བླ་མར་གསོ༵ལ་བ༵་འདེ༵བས། ། ༩རྒྱབ་བརྟེན་ལུང་གི་མདུན་ནས་ཁྱེད་མི༵་ཕམ༵། ། དམ་བཅའ་རྡོ་རྗེའི་ཁྲི་ལས་ཁྱེད་མི༵་ཕམ༵། ། རིགས་འཕྲུལ་ཁྲི་མ་འབུམ་གྱིས་ཁྱེད་མི༵་ཕམ༵། ། མི་ཕམ་ཡིད་བཞིན་ནོར་བུར་གསོ༵ལ་བ༵་འདེ༵བས། །༡༠སྤོབས་པ་གླང་པོའི་སྟོབས་ཀྱིས་ཁྱེད་མི༵་ཕམ༵། ། གཟི་བརྗིད་སེང་གེའི་འགྱིང་གིས་ཁྱེད་མི༵་ཕམ༵། ། ཐལ་ངག་ལྕགས་ཀྱི་སྡེར་མོས་ཁྱེད་མི༵་ཕམ༵། ། མི་ཕམ་ཐམས་ཅད་མཁྱེན་པར་གསོ༵ལ་བ༵་འདེ༵བས། ། ༡༡འཇམ་དཔལ་དྲག་པོས་མི་དང་མི་བཞི༵ན་རྩེད། ། གེ་སར་སྐྱེས་བུ་ལུས་དང་གྲིབ་བཞི༵ན་འགྲོགས། །ཆོས་སྐྱོང་དགྲ་ལྷས་མ་དང་བུ་བཞི༵ན་སྲུང་། །རྩ་གསུམ་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །༡༢ངོ་བོ་ཆོས་སྐུ༵་དྲུག་པ་རྡོ་རྗེ་འཆང་། །རང་བཞིན་ལོངས་སྐུ༵་རྒྱན་དང་དཔེ་བྱད་ཅན། །སྣ་ཚོགས་སྤྲུལ་སྐུ༵་གང་ལ་གང་འདུལ་བ། །སྐུ༵་གསུ༵མ་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །༡༣ཡེ་ན༵ས་སངས་རྒྱས་གོ་འཕང་མངོན་དུ་གྱུར། ། རིང་ན༵ས་ཆོས་ཀྱི་བདེན་པ་ཐུགས་ལ་གཏམས། ། གདོད་ན༵ས་རྒྱལ་སྲས་འཕགས་པའི་ཚུལ་འཛིན་པ། །དཀོན་མཆོག་ཀུན་འདུས་ཁྱེད་ལ་ཕྱ༵ག་འཚ༵ལ་ལོ༵། །༡༤ཁྱེད༵་ཀྱི་ཡོན་ཏན་གངས་རི་ལས་ཀྱ༵ང་མཐོ། ། ཁྱེད༵་ཀྱི་བཀའ་དྲིན་ས་འཛིན་ལས་ཀྱ༵ང་བརྗིད། །ཁྱེད༵་ཀྱི་མཁྱེན་རྒྱ་ནམ་མཁའ་ལས་ཀྱ༵ང་ཆེ། །མཁྱེན་གཏེར་ནོར་བུའི་མཛོད་ལ་ཕྱ༵ག་འཚ༵ལ་ལོ༵། །༡༥སྤྱིར་ན་ཤཱཀྱའི་བསྟན་ལ་བཀའ་དྲིན་ཆེ༵། །ལྷག་ཏུ་སྔ་འགྱུར་ཡོངས་ཀྱི་མགོན་གཅིག་པུ། །ཁྱད་པར་རྫོགས་པ་ཆེན་པོའི་རང་ལུགས་ཆེ༵། །འཛིན་སྐྱོང་སྤེལ་ལ་ཟླ་བྲལ་ཕྱ༵ག་འཚ༵ལ་ལོ༵། །༡༦མ༵དོ་སྔག༵ས་ཤེས་བྱ་ཀུན་ལ་ཆགས་ཐོགས་དབེན། ། མ༵དོ་སྔག༵ས་རྒྱུད་སྡེ་རྒྱ་མཚོ་ཐུགས་སུ་ཆུད། ། མ༵དོ་སྔག༵ས་མཁས་གྲུབ་སྟོང་གིས་འགྲན་བྲལ་བ། ། རྣམ་དཔྱོད་མཚུངས་པ་མེད་ལ་ཕྱ༵ག་འཚ༵ལ་ལོ༵། ། ༡༧ཁྱེད༵་ནི༵་མཁའ་ལྡིང་དབང་པོའི་གཤོག་པ་ཡི༵ན། ། ཁྱེད༵་ནི་དམར་ཡག་སྟག་གི་ང་རོ་ཡི༵ན། ། ཁྱེད༵་ནི༵་དྲི་མེད་པདྨ་དཀར་པོ་ཡི༵ན། ། ཁྱེད༵་ནི༵་དགོས་འདོད་འབྱུང་བའི་ནོར་བུ་ཡི༵ན། ། ༡༨བསྟན་པའི་རྒྱལ་མཚན་བསྒྲེངས་པའི་ཐུགས་བསྐྱེད་དཀ༵ར།།འགྲོ་ཀུན་ཕ་མར་ཤེས་པའི་བྱམས་བརྩེ་དཀ༵ར།།མཛད་འཕྲིན་ཟླ་བྲལ་གངས་ཀྱི་ལྷུན་པོ་དཀ༵ར།།མཁས་བཙུན་སྙན་གྲགས་གླིང་བཞིའི་ཁྱོན་ན་དཀ༵ར།།༡༩ལེག༵ས་ལམ་སྟོན་པའི་བཤེས་ལ་བསྟེན་ཚུལ་ལེག༵ས།།ལེག༵ས་གསུང་ཆོས་ཚུལ་རྒྱ་མཚོ་བཞེས་ཚུལ་ལེག༵ས།།ལེག༵ས་པའི་མཛད་བཟང་བསྟན་འགྲོར་སྤེལ་ཚུལ་ལེག༵ས།།ལེག༵ས་བཤད་ལུང་རིགས་འདབ་མ་གྲོལ་ཚུལ་ལེག༵ས།།༢༠མཁ༵ས་པའི་མཚན་སྙན༵་མི་ནུབ་སྲིད་རྩེར་བསྒྲེངས། །བཙུ༵ན་པའི་སྤྱོད་བཟང་སྐྱེ་འགྲོའི་དཔལ་དུ་བསྐྲུན།།བཟ༵ང་པོའི་མཛད་འཕྲིན་རིས་མེད་བསྟན་པའི་རྒྱན།།ཁྱེད་ཉིད་ཟླ༵་བྲལ་ཀུན་མཁྱེན་ངག་གི་དབང་།།༢༡འཆ༵ད་ལ་ཐོགས་མེད་ཀླུ་ཐོགས་ཟུང་གི་གྲོག༵ས།།རྩོད༵་ལ་ཟླ་མེད་ཕྱོགས་གླང་ཡབ་སྲས་གྲོག༵ས།།རྩོམ༵་ལ་འགྲན་མེད་མཚོ་བྱུང་ལྷ་མོའི་གྲོག༵ས།།ལུང་རིགས་རྫོགས་པའི་པཎ་གྲུབ་མཁས་དགུའི་གྲོག༵ས།།༢༢དང་པོར་སྐྱེས་ཐོབ་ཤེས་རབ་སྒྲོན་མེ་སྦར།།བར་དུ་བས༵མ་པའི་ཉི་གཞོན་ནང༵་དུ་འཆར།།ཐ་མར་སྒོམ༵་པའི་ཐིག་ལེ་གས༵ང་བར་སྨིན།།ཐོས༵་བས༵མ་སྒོམ༵་པའི་གཏན་སྲིད་ཟིན་ལ་རྨད།། ༢༣ཆེ༵ད་དུ་སྦྱངས་ཤིང་ཆེ༵ད་དུ་མ་བསླབས་ཀྱང་། །ཤེ༵ས་བྱའི་གནས་ལ་ཤེ༵ས་རབ་ཕུལ་དུ་ཕྱིན། །རི༵ག་པའི་གཞོན་ཆུང་རི༵གས་ལམ་ཟླ་བྲལ་བས། །ངེས༵་ཤེས༵་སྒྲོན༵་མེ༵་དགུང་གྲངས་བདུན་ནས་བརྩམས། ། ༢༤འབེལ་གཏམ་བཀྲོལ་ལ་རོང་ཟོམ་ལས་ཀྱང༵་བཟང་། །སྔགས་ཀྱི་ཕྱོགས་ལ་དཔལ་སྤྲུལ་ལས་ཀྱང༵་མཁས། ། རིགས་ལམ་དགེ་བཤེས་ཁང་དམར་ལས་ཀྱང༵་རྣོ། ། ཟླ་བྲལ་ངག་གི་དབང་པོ་ཁྱེད་ལ་འདུད། ། ༢༥ནང་བསྟན་པད་དཀར་ལྗོན་པའི་སྡོང་པོ་མཛེ༵ས།།སྒྲ་དང་ཚད་མ་རིག་པའི་ཡལ་ག་མཛེ༵ས།།བཟོ་དང་གསོ་བའི་འབྲས་བུས་མངོན་པར་མཛེ༵ས།།ཡོངས་རྫོགས་རིག་གཞུང་མེ་ཏོག་ཁྱེད་ལ་བཞད། ། ༢༦འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་རྨ༵ད། ། གསང་འབྲེལ་སྤྱི་དོན་ལུགས་ཀྱི་བསྟན་བཅོས་རྨ༵ད། ། ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་རྨ༵ད། ། ཁྱེད་ཀྱི་གསུང་རབ་བོད་བརྒྱུད་ནང་བསྟན་རྒྱན།།༢༧ཁྱེད༵་ལ༵་མཁས་མདོག་དྲེགས་པའི་ཆེ་ཉམས་མེ༵ད། ། ཁྱེད༵་ལ༵་བཙུན་སྙམ་བཅོས་མའི་ཨོ་ཟོབ་མེ༵ད། ། ཁྱེད༵་ལ༵་སྐུ་འཁོར་སྟོང་གི་ཤོམ་ར་མེ༵ད། ། ཆོག་ཤེས་ནོམ་གྱིས་ཕྱུག་གི་ཆོས་པ་བ། །༢༨མཐོན་པོའི་གསེར་ཁྲིར་མི་དགྱེས་རང་ག་བ༵། །འབྱོར་བའི་ནོམ་ལ་མི་དགྱེས་གྲྭ་རྐྱང་བ༵། །ཚེ་འདིའི་གཡེང་བར་མི་དགྱེས་བྱ་བཏང་བ༵། །མི་ཕམ་མི་མེད་ལུང་བའི་སྒོམ་ཆེན་ཡིན། །༢༩རྨ༵ད་བྱུང༵་བསྟན་བཅོས་བང་རིམ་དཔང་མཐོ་བ༵། །རྨ༵ད་བྱུང༵་དཀའ་གནད་རིག་པའི་ལྗགས་རྣོ་བ༵། །རྨ༵ད་བྱུང༵་ལུང་རིགས་གཡུ་རལ་བརྗིད་ཆེ་བ༵། །རྨ༵ད་བྱུང༵་མི་ཕམ་མཁས་དགུའི་གཙུག་གི་རྒྱན། །༣༠དྲ༵ན་དབང་ནགས་མའི་ཀླུང་གི་ཁྱུ་བྱུག་ཁྱེ༵ད། །དྲ༵ན་གདུང་སྐར་ཚོགས་ཁྲོད་ཀྱི་དུང་ཟླ་ཁྱེ༵ད། །དྲ༵ན་འཛིན་གངས་ཀྱི་རི་བོའི་སེང་ཆེན་ཁྱེ༵ད། །དྲ༵ན་སྣང་དད་པའི་གདུང་དབྱངས་ཁྱེད་ལ་འབུལ། །༣༡རྗེས་དྲན་ངག་གི་གླིང་བུ་ཁྱེད་ལ་འབུད། །རྗེས་བཟུང་བདེན་ཚིག་གསོལ་སྨོན་ཁྱེད་ལ་ཞུ། །རྗེས་འཇུག་བུ་སློབ་ཐུགས་བརྩེས་མི་འདོར་བར། །རྗེས་བཟུང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །༣༢མཁྱེ༵ན་ནོ་མཁྱེ༵ན་ནོ་མི་ཕམ་རིན་པོ་ཆེ། ། དྲན༵་ནོ་དྲན༵་ནོ་འཇམ་དཔལ་ཡིད་བཞིན་ནོར། །དད༵་དོ་དད༵་དོ་ཚེ་རབས་ཐམས་ཅད་དུ། །མི༵་འབྲལ་མི༵་འབྲལ་རྗེས་སུ་འཛིན་གྱུར་ཅིག ། ཅེས་པ་འདི་སྔ་འགྱུར་རིག་འཛིན་བརྒྱུད་པའི་གྲལ་མཐའ་རུ་སྐྱེས་ཤིང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་སྐྱེ་ཀུན་ཚེ་རབས་ཐམས་ཅད་དུ་ལས་ཀྱི་མེ་ཏོག་ཕོག་ཅིང་། དམ་པ་ཁོང་ལ་མི་ཤིགས་པའི་དད་པ་ཅན་རྫ་འབྲུག་གྲགས་སྤྲུལ་སྐུ་ལུང་རྟོགས་བསྟན་པའི་ཉི་མར་འབོད་པ་དེས་འཇུ་དགོན་གསང་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་སྤྲུལ་ལས་སྣེ་མཆེད་གྲོགས་རྣམ་པས་ཞུ་ངོ་མ་བཅག་པའི་དོད་དང་། ཁྱད་པར་འཇམ་མགོན་མི་ཕམ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་བརྒྱ་དང་བརྒྱད་ཀྱི་རྗེས་དྲན་ལ་བསོད་ནམས་ཀྱི་ཟེགས་མ་རེ་ཐོབ་པའི་ཆེད་དུ་སྒྲ་རྒྱན་གྱི་ལམ་ནས་༼ ཤོ་ལོ་ཀ་མཚན་བཟང་སོ་གཉིས་ཀྱི་གྲངས་དང་ལྡན་པ་༽ འདི་ཉིད་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་༼…
གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པའི་རྣམ་ཐར་གེ་སར་སྙིང་པོ། ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པའི་རྣམ་ཐར་གེ་སར་སྙིང་པོ།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།པདྨའི་ཐུགས་སྲས་སངས་རྒྱས་ཡེ་ཤེས་རྩལ།།པདྨའི་བཀའ་གཏེར་མཛོད་ལ་མངའ་དབང་བསྒྱུར།།པདྨའི་རྒྱལ་ཚབ་གསུམ་ལྡན་རྡོ་རྗེ་འཛིན།།པདྨ་དྲག་སྔགས་གླིང་པས་དགེ་ལེགས་སྩོལ།།སྙིགས་དུས་བསྟན་པ་སྤེལ་ལ་ཟླ་བྲལ་བ།།གཏེར་ཆེན་པདྨ་དྲག་སྔགས་གླིང་པ་ཡི།།གསང་གསུམ་རྣམ་ཐར་རྒྱ་མཚོ་ཆེན་པོ་ལས།།སྐྲ་རྩེའི་ཐིགས་ཙམ་དད་པའི་རྒྱན་ཏུ་སྤྲོ།།དེ་ཡང་གཏེར་ཆེན་དམ་པ་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཐུན་མོང་དང་ཐུན་མིན་གསང་བའི་མཛད་པ་རྒྱ་མཚོ་ལྟ་བུ་མཆིས་པ་ལས་འདིར་སྐྲ་རྩེའི་ཐིགས་ཙམ་ཅུང་ཟད་བསྡུས་ཏེ་བཤད་པ་ལ་གསུམ་ལས། དང་པོ་སྐུ་སྐྱེས་རབས། གསུང་གི་མཛད་པ། ཐུགས་རྗེའི་ཕྲིན་ལས་བཅས་ཡོད་པ་ལས། དང་པོ་གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པ་ནི་ཨ་ལྕགས་འབྲི་ཡི་རྒྱུད་པ་དཔའ་མཛངས་དང་རིགས་བཟང་ལས་བྱུང་བའི་འབྲི་ལྷ་རྒྱལ་རུས་པ་གཙང་པའི་མཆེད་པ་ཨ་སྐྱོང་ཁག་གསུམ་ཞེས་ཡོངས་སུ་གྲགས་པའི་མངའ་སྡེ་མང་དུ་མཆིས་པ་ལས། སྟག་ཐོག་རིན་ཆེན་མགོན་པོ་ཤེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བབས་གནོད་སྦྱིན་ཤན་པ་དམར་པོའི་སྤྲུལ་སྐུ་ཡིན་པ་སྡུག་ལ་འཛེམ་ཤིང་ཆོས་ལ་དགའ་བ། དཔའ་རྩལ་དྲུག་ཅུ་རྩ་བཞི་ལྡན་པའི་ཡ་རབས་ཀྱི་མི་རྒྱུད་དུ་ཡོངས་སུ་གསལ་བའི་ཡབ་མཆོག་དང་། ཡུམ་ཆེན་ཨ་སྐྱོང་ཁང་རྒན་དཔོན་་གྱི་སྲས་མོ་རིག་བྱེད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་དྲུག་པ་ཆུ་ཁྱི་སྟེ། སྤྱི་ལོ་༡༩༢༢་༥་༡ ལ། རྒྱལ་དབང་པདྨ་འབྱུང་གནས་ཀྱི་ཐུགས་སྲས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རྣམ་པར་རོལ་བ། གླིང་དཀར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རོལ་གར། ཕྱི་མའི་དུས་སུ་སྤྲུལ་བའི་གཏེར་སྟོན་དང་མཁས་གྲུབ་སྐྱེས་བུ་དུ་མའི་རིགས་སུ་རྫུ་འཕྲུལ་གྱི་རིགས་སུ་ཅིག་ཆར་དུ་བསྟན་དང་འགྲོ་བའི་དཔལ་མགོན་དུ་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཛད་ཕྲན་ཅན་གྱི་ཡ་གྱལ། སྤྲུལ་བའི་གཏེར་སྟོན་ཆེན་པོ་པདྨ་དྲག་སྔགས་གླིང་པ་ཉིད་ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་པའི་ལྟས་བཟང་བཅས་མཚན་དཔེའི་གསེར་ཞལ་སྙིགས་དུས་མུན་པ་བསལ་བའི་བགོ་སྐལ་དུ་སྐུ་འཁྲུངས། གཞན་ལས་ལོ་སྐྱེད་ལས་ཟླ་སྐྱེས་འཚར་བའི་ལང་ཚོ་དང་ལྷན་སྐྱེས་སུ་སྐྱེ་བ་དྲན་པ་དང་ལྷ་ཀླུ་མི་མ་ཡིན་མཐོང་བ་སོགས་བསམ་ཡུལ་ལས་འདས་པའི་མངོན་ཤེས་དང་གྲུབ་རྟགས་མཛད།གཉིས་པ་ནི། སྤྱི་ལོ་༡༩༢༩་དེ་དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན། ཡབ་ལས་ཆོ་ག་ཆོས་སྤྱོད་ལ་བྱང་ཆུབ་པར་གྱུར། ཆུ་ཆེན་དང་ཤུག་གསེབ་དང་རི་རྩེ་རུ་གུ་རུ་རིན་པོ་ཆེ་སྒོམ་གྱིན་ཡིན་གསུངས་ནས་ཉིན་གང་བོར་དབེན་པར་ཁོ་ན་དགྱེས་པས་སྒོམ་ཆེན་དུ་གྲགས། ལོ་ནས་ལོར་རྟག་པར་དེ་དེ་བཞིན་དུ་མཛད།སྤྱི་ལོ་༡༠༣༧་ལོའམ། དགུང་གྲངས་བཅོ་ལྔའི་སྐབས་སུ་གློ་བུར་དུ་ངེས་འབྱུང་དྲག་པོ་ཞིག་གིས་ཐུགས་རྒྱུད་བསྐུལ་ནས་དཔལ་སྔ་འགྱུར་ཆོས་གྲྭ་ཆེན་པོ་རྡོ་གྲུབ་སྒར་དུ་ལོ་གསུམ་བཞུགས་ནས་བརྩོན་པ་དྲག་པོས་སློབ་གཉེར་མཛད་ནས་སྦྱངས་བ་མཐར་ཕྱིན་པ་དང་།སྤྱི་ལོ་༡༩༣༩ལོ་འམ་དགུང་གྲངས་བཅུ་བདུན་ལ་སོན་སྐབས་སུ་ཨ་པང་གཏེར་ཆེན་རིག་འཛིན་ཨོ་རྒྱན་ཕྲིན་ལས་གླིང་བའི་མདུན་དུ་བྱོན་ནས་གསང་སྔགས་ཕྱི་ནང་གསང་བའི་དབང་ལུང་མན་ངག་རྫོགས་པ་ཆེན་པོའི་མན་ངག་ཆིག་རྒྱུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་གསན་བསམ་སྒོམ་པར་མཛད།སྤྱི་ལོ་༡༩༤༥་ལོ་འམ་དགུང་གྲངས་ཉེར་གསུམ་སྟེང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དྲུང་ནས་ཅིག་ཆར་བསྙེན་པར་རྫོགས་ཞིང་ཆོས་དང་གདམས་ངག་ཆ་ཚང་ཞུས་ཏེ་དཀའ་སྤྱད་དང་ཐུགས་སྨོན་རྒྱ་ཆེར་མཛད་ནས་ཕྱག་གཡོན་གྱི་སྲིན་མཛུབ་ཀྱང་མར་མེར་སྒྲོན་པ་སོགས་གཟུངས་སྤོབས་རླབས་ཆེན་དང་ངོ་མཚར་གྱི་བཀོད་པར་བསམ་ཡུལ་ལས་མཛད་པར་སྣང་ངོ་།སྤྱི་ལོ་༡༩༤༧་ལ་འམ་དགུང་གྲངས་ཉེར་ལྔ་ལ་འཇམ་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང་གིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་སྲིད་ཡིན་པ་དང་། རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ་ཟབ་མོ་གཏེར་གྱི་གཏེར་གྱི་བཀའ་བབས་ཡིན་པར་གསལ་བར་གསུངས་ཏེ། རྟེན་བསྒྱུར་སྔགས་ལམ་ལ་ཞུགས་དགོས་པར་ལྡོག་མེད་ཀྱི་བཀའ་ལུང་སྤྱི་གཙུག་ཏུ་བབས་པ་དང་། གསང་མཚན་ལ་པདྨ་རང་གྲོལ་རྩལ་གནང་ཞིང་། གཏེར་སྟོན་གྱི་མཚན་ལ་པདྨ་དྲག་སྔགས་གླིང་པ་ཞེས་གསོལ་ནས། ཞབས་བརྟན་སྨོན་ཚིག་དང་གསོལ་འདེབས་ཚིགས་སུ་བཅད་པ་འདི་ཡང་གསུངས།ཨེ་མ་ཧོ།རིག་འཛིན་ཨོ་ཌཱི་ཡ་ནའི་སྒྱུ་འཕྲུལ་གར།།པད་འབྱུང་ཆོས་གཏེར་རྒྱ་མཚོས་གཏེར་རྒྱ་ཐོབ།།མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན།།པདྨ་དྲག་སྔགས་གླིང་པར་གསོལ་བ་འདེབས།།ཞེས་སྐུ་གསུང་ཐུགས་རྟེན་བཅས་གནང་བ་དང་། མཁྱེན་བརྩེ་རིན་པོ་ཆེ་དང་། ཉིད་ཀྱི་སྐུ་མཆེད་སྣང་མཛད་གྲུབ་པའི་རྡོ་རྗེ་སོགས་ཀྱིས་བརྟག་བསྒྲིག་མཛད་ནས་ཤཱཀྱ་དེ་ཝའི་རྣམ་འཕྲུལ་འཇིགས་མེད་དཔལ་སྒྲོན་ནམ་པདྨ་གར་དབང་དཔལ་མོ་དང་། མནྡ་ར་ཝའི་སྤྲུལ་པ་གླིང་དཀར་བསོ་ཚེ་འབྱུང་གནས་ཀྱི་སྲས་མོ་འཇིགས་མེད་ཆོས་སྒྲོན་གཉིས་ཀྱང་ཁབ་ཏུ་བཞེས། ཁྱད་དུ་རིག་མ་མནྡ་ར་ཝའི་རྣམ་སྤྲུལ་དང་ཐབས་ཤེས་ཟུང་དུ་འབྲེལ་བས་ཟབ་གཏེར་གྱི་སྒོ་འཕར་བདེ་བླག་ཏུ་ཕྱེ་བའི་ཐོག་མའི་སྐབས་སུ་མཁྱེན་བརྩེ་རིན་པོ་ཆེ་དང་། རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སོགས་འཁོར་སློབ་སུམ་བརྒྱ་ལྷག་གི་དབུས་སུ་གུ་རུ་པདྨའི་ཚེ་བུམ་རྣམ་པ་དུང་དཀར་རིང་བསྲེལ་གྱིས་ཕྱུར་བུར་གཏམས་པ་སྤྱན་དྲངས་པ་མཁྱེན་བརྩེའི་རྟེན་ཁྲོད་དུ་བཞུགས། འཇམ་དཔལ་དབྱངས་དང་དབྱངས་ཅན་ཀྱི་རང་བྱུང་སྐུ་སོགས་དང་། གཞན་ཡང་། ཡེ་ཤེས་མཚོ་རྒྱལ་གྱི་རཀྟའི་སྒྲོམ་བུ་བརྡ་ཡིག་གིས་མཚན་པ་ཅན་དུ་མ་དང་། གེ་སར་བླ་རྡོ། ནད་སེལ་ཨ་རུ་རྣམ་རྒྱལ་སོགས་སྐུ་གསུང་ཐུགས་རྟེན་གྲངས་མང་དག་ས་གཏེར་བཞེས།གསུམ་པ་ནི།བླ་རྫོགས་ཐུགས་གསུམ་ལས་དང་པོ་བླ་མའི་རྣལ་འབྱོར་ལ། རིག་འཛིན་བླ་མའི་བསྒྲུབ་པ་དགོངས་བརྒྱུད་སྙིང་པོ་ཆིག་དྲིལ། རང་རིག་བླ་མའི་གསང་སྒྲུབ། དུས་འཁོར་བླ་མའི་རྣལ་འབྱོར། སྤྲོས་མེད་ཨ་ཏིའི་ལུགས་ཀྱི་གུ་རུ་དྲག་པོའི་ལུས་དཀྱིལ། གུ་རུ་དྲག་པོའི་རྒྱལ་འགོང་ཚར་གཅོད།་་་་་་་་་་
དབྱིན་ཡུལ་གྱི་གངས་ལྡན་རི་བོ།།
དབྱིན་ཡུལ་གྱི་གངས་ལྡན་རི་བོ།།ཨེ་མ་ཧོ།།རི་བོ་མཐོ་ཞིང་རི་རྩེ་དགུང་དང་མཉམས།།རི་མགུལ་ཡངས་ཤིང་རིའི་མཐར་ནགས་ཀླུང་མཛེས།།རི་རབ་ལྷུན་པོའི་གཡས་གཡོན་རི་ཕྲན་ཀུན།།རི་རྒྱལ་དཔོན་ལ་དཔུང་གིས་བསྐོར་བཞིན་གསལ།།རི་ལུང་དག་གཙང་ནེའུ་གསེང་སྨན་ལྗོན་ལ།།མཚོ་དང་མཚོའུ་པའི་ཕྲེང་བ་ཡིད་དུ་འོང་༎རང་བྱུང་སྨན་དང་མེ་ཏོག་དྲི་བཟང་འཐུལ༎ཕྱི་ནང་ཀུན་བཟང་སེམས་ཀྱི་དག་ཞིང་སྟེ༎ འཁྱམས་པོའི་ཚེ་མཇུག་སྐྱེལ་སའི་དགོན་པར་ལགས།།གོང་ན་དཔོན་མེད་བར་དོའི་འཁྲུག་རྩོད་དབེན།།བདག་ལ་དབང་བའི་ས་ཞིང་ཨེ་ཀལ་བརྒྱའ།།ལྷན་སྐྱེས་བཟའ་བཅའ་བཏུང་བའི་རྩི་ཤིང་རིགས།།ཅི་དགོས་འཕང་མེད་ལོངས་སུ་སྤྱོད་པར་ཡོད།།རྩ་གསུམ་བསྙེན་པའི་རྔ་ཏིང་རོལ་དབྱངས་དང་།།རྙེད་དཀའི་ལུས་སེམས་ཞི་བདེ་འབྱུང་བའི་གནས།།ཨེ་ཝཾ་རྫོགས་ཆེན་དུས་འཁོར་ཆོས་གླིང་དུ་།།འཁོར་འདས་བདེ་སྐྱིད་འབད་མེད་ལྷུན་གྲུབ་ཡོད།།སངས་རྒྱས་བསྟན་པའི་རྒྱལ་ས་འདི་ནས་ཟིན།།དམ་ཆོས་བདེན་པའི་རྒྱལ་རྔ་འདི་ནས་བརྡུངས།།དགེ་འདུན་དཀོན་མཆོག་བཤད་སྒྲུབ་འདི་ནས་དར།།སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག།།ཅེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་གནམ་སྟོང་ཉི་འཛིན་ཨ་ཧྥུ་རི་ཀ་ནས་སྒྲ་གཅན་ལས་གྲོལ་མ་ཐག་ཏུ་མཁའ་འགྲོ་རིག་འཛིན་དབྱངས་ལྷ་མོས་བསྐུལ་ངོར་གདན་ས་དེ་ཉིད་ནས་ཤྲཱིཿསྨྱོན་ཨེ་མ་ཧོས་བགྱིས་པར་དགེའོ།།
Alt Sidebar
Search





