• March 2020

    ༄༅།།ན་མོ་གུ་རུ་བུདྡྷ་དྷརྨ་སངྒ་ཡེ། གདོད་མའི་མགོན་དང་དབྱེར་མེད་པའི།།འགྲོ་བའི་མགོན་པོ་ཐུགས་རྗེ་ཅན།།ཐེག་མཆོག་ཤིང་རྟ་ཀློང་ཆེན་པ།།དེ་ལ་གུས་པས་ཕྱག་འཚལ་ལོ།། ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ།གང་གླེང་བར་བྱ་བའི་གཞི་ནི་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་དེ་ཉིད་ཀྱིས།ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།བར་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས།མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དབང་མོས་པ་དང་འཚམ་པའི་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་གསུངས་པ་ཀུན་ཀྱང་མཐར་འབྲས་བྱང་ཆུབ་གསུམ་གྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ལགས། 顶礼上师、佛陀、正法和僧众! 顶礼与本初佛无二的有情大悲怙主、胜乘之集大成者——龙钦巴大师! 为使一切众生最终获得三菩提果位,无等本师释迦牟尼佛通过生起菩提心、积累如海般的福慧二资粮,最终现证菩提后,结合众生的不同根基,宣说了不可思量的法门。 དེ་ཡང་བོད་གངས་ཅན་འདིར་ཆོས་རྒྱལ་ཡབ་མེས་ཀྱི་སྐུ་དྲིན་ལས་རྒྱ་གར་འཕགས་པའི་ཡུལ་ནས་ཕན་བདེའི་འབྱུང་གནས་མདོ་སྔགས་ཀྱི་ཆོས་ཚུལ་ཚང་ལ་ནོར་བ་མེད་པའི་ལམ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་མདོ་སྒྱུ་སེམས་གསུམ་དང་།སོར་བྱང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མཁན་སློབ་ཆོས་གསུམ་གཙོ་བོར་གྱུར་པའི་འཕགས་བོད་ཀྱི་པཎ་གྲུབ་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བཤད་འཆད་ཉན་གྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་ཅིང་གདུལ་བྱ་གྲངས་མེད་སངས་རྒྱས་ཀྱི་ས་ལ་བཀོད་པ་ནི་བསྟན་པ་སྔ་དར་གྱི་སྐབས་སོ། ། 在雪域西藏前弘期,基于法王先祖的厚恩,以“师君三尊”为主的印藏班智达、成就者和大译师们通过译、讲、听,大力弘扬了来自圣地印度作为利乐之源的显密完整无误之道——大密前译宁玛派“经幻心三部”和“三律仪”法宝,使无量众生获得究竟菩提。 བར་སྐབས་སུ་རྒྱལ་ཀུན་མཁྱེན་པའི་རང་གཟུགས་རྗེ་བཙུན་བརྟན་པའི་འཁོར་ལོ་དང་། དུས་གསུམ་ཀུན་མཁྱེན་སློབ་དཔོན་པདྨ་འབྱུང་གནས། ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལ་བཅས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོ་གང་ཉིད་རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེལ་སྤྱི་ལོ་༡༣༠༨བོད་ཟླ་གཉིས་པའི་ཚེས་བརྒྱད་སྐར་མ་རྒྱལ་འཛོམས་པའི་ཉིན་གངས་རི་ར་བས་བསྐོར་བའི་ལྗོངས་ལྷོ་བརྒྱུད་གྲ་ནང་སྟོད་གྲོང་དུ་ཡབ་སློབ་དཔོན་བསྟན་པ་སྲུངས་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ཞིང་འདིར་བསམ་བཞིན་དུ་བྱོན། གདུལ་བྱའི་སྣང་ངོར་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པར་མཛད། ཁྱད་པར་ཐུན་མིན་རིགས་བདག་རིག་འཛིན་ཀུ་མ་རཱ་ཛ་མཉེས་པ་གསུམ་གྱིས་བསྟེན་ཏེ།འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཚུལ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཀྱི་དཔལ་བེའུ་རུ་སྐྱིལ་དང་ཆབས་ཅིག་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར།རིག་འཛིན་ཀུ་མ་རཱ་ཛས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མངའ་གསོལ་ཞིང་དབང་བསྐུར་བས།ཆོས་ཀྱི་རྒྱལ་པོར་གྱུར་ཅིང་གང་གིས་མཐོང་བ་དང་།ཐོས་པ་དང་།དྲན་པ་དང་།རེག་པ་ཐམས་ཅད་གདོད་མའི་ས་ལ་འགོད་པའི་མཐུ་ཆེན་པོ་མངའ་བ་ཡིན།ཕྱི་རབས་ཀྱི་རྗེས་འཇུག་རྣམས་ལ་གསུང་རབ་ངལ་གསོ་སྐོར་གསུམ་དང་ཡང་ཏིག་རྣམ་གསུམ་མཛོད་ཆེན་བདུན་ལ་སོགས་བརྩམས་ཤིང་འབྲེལ་ཚད་ཀྱི་སེམས་ཅན་མཐའ་དང་མུ་མེད་པ་རིག་འཛིན་གྱི་ས་ལ་དྲངས་པ་སོགས་ངོ་མཚར་བའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པས་སྐུ་དྲིན་བརྗོད་ལས་འདས། 此后,光明大密心髓法之集大成者,被誉为文殊菩萨、莲花生大师和比玛拉米扎共同化身之遍智龙钦绕绛乘愿而来。尊者生于第五饶琼土猴年(公元1308年)二月八日于雪域山南扎囊地区堆仲村。其父为丹巴松,其母为仲萨· 索朗坚。在众生的一般认知中,遍智龙钦绕绛从众多善知识座前通过闻、思、修,精勤于显密教法及各类文化知识。特别是从不共法主仁增·古玛惹杂座前,通过三欢喜的依止,获得光明大圆满法教的完整传承,并专注地精勤于其精华的修持,从而现证大圆满密义。仁增·古玛惹杂将龙钦绕绛封为“三界法王”,后者名副其实地成为利益一切众生的法王。遍智龙钦绕绛拥有使任何见到、听到、忆到及触到他的众生引至本初境的能量。其一生勤于著书立说,为后人留下了诸如《大圆满三休息论》、《三精滴》、《七宝藏》等众多经典著作。凡是与其结缘的无量众生,都被引至持明果位。遍智隆钦绕绛一生从事不可思议的弘法利生事业,其恩德无法用语言表达。 སྤྱིར་ན་ལྗོངས་འདིར་འཕགས་བོད་ཀྱི་སྐྱེས་ཆེན་མང་པོའི་མཛད་རྣམ་ཞལ་ཐང་བཞེངས་སྲོལ་ཡོད་མོད། ད་བར་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་མཛད་རྣམ་རྒྱས་པའི་ཞལ་ཐང་མཇལ་དུ་མེད་པར་བརྟེན་མདོ་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་རྣམ་ཐར་མཐོང་བ་དོན་ལྡན་དང་།རིག་འཛིན་འཇིགས་མེད་གླིང་པའི་གསུང་རྙིང་བརྒྱུད་དཀར་ཆག་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ལས་ཀུན་མཁྱེན་ཀློང་ཆེན་པའི་རྣམ་ཐར་དང་།རྨེ་བ་བསོད་ནམས་ཆོས་འགྲུབ་ཀྱིས་མཛད་པའི་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་སོགས་རྒྱ་མཚོ་ལྟ་བུ་ལས་སྙིང་དོན་གཅིག་ཏུ་བསྡུས་པའི་མཛད་རྣམ་བརྒྱ་རྩ་བརྒྱད་ལས་གྲུབ་པའི་སྔར་མེད་ཞལ་ཐང་པདྨ་དཀར་པོ་བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་གྲངས་ལྡན་འདི་ཉིད་རིགས་བདག་༧གྲུབ་དབང་ཆོས་རྗེ་པདྨ་ནོར་བུའི་བཀའ་དགོངས་དང་མཐུན་པར་ཀུན་མཁྱེན་ཆེན་པོའི་གསང་གསུམ་གྱི་ཡོན་ཏན་ལ་རྒྱུ་མཚན་ཅུང་ཟད་ཤེས་ནས་དད་པ་ཐོབ་པའི་སྐལ་བ་མི་དམན་པ་དཀོན་མཆོག་བསྟན་འཛིན་ནམ་མིང་གཞན་པདྨ་ངོ་མཚར་རང་བྱུང་གྲུབ་པའི་རྡོ་རྗེས་ལྷག་བསམ་རྣམ་དག་ངང་ཡུལ་ཡར་ཀླུང་གི་ལྷ་བྲིས་ཆེན་མོ་བ་ཕུར་བུ་ཚེ་རིང་ལགས་ལ་འབྲིར་བཅུག་ནས་ལོ་གྲངས་བཅུ་ཡི་ནང་བགེགས་བར་གང་ཡང་མེད་པར་ལེགས་གྲུབ་བྱུང་བ་དེ་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོར་ཀུན་མཁྱེན་ཆེན་པོའི་སྐུ་ཡི་འདས་མཆོད་ཉིན་སྔ་འགྱུར་བསྟན་པའི་ཉིན་བྱེད་༧སྐྱབས་རྗེ་རྡོར་བྲག་རིག་འཛིན་ཆེན་མོ་དང་གུས་པ་རང་ཉིད་གཙོས་པའི་འདུས་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་ཆོ་གས་རབ་ཏུ་གནས་པར་བྱ་བ་དང་ཆབས་ཅིག་རྒྱལ་བསྟན་དར་ཞིང་རྒྱས་པ་དང་། འགྲོ་ཀུན་བདེ་ཞིང་སྐྱིད་པའི་བསྔོ་སྨོན་གྱིས་རྒྱས་འདེབས་ལེགས་པར་གྲུབ། 将印藏很多大成就者的传记以唐卡艺术的形式呈现,是藏区的一项传统。然而,至今却没有出现完整记录光明大圆满集大成就者遍智龙钦绕绛生平事迹的传记唐卡。本人贡觉旦增(又名,白马·俄擦让琼珠白多吉)遵循恩师贝诺法王的旨意,本着对遍智龙钦绕绛的无尽信心和纯粹发心,将其传记《开卷有益》、《三信津梁》以及仁增·晋美林巴大师所描述的关于遍智龙钦绕绛传记的精华部分,编著为集生平一百零八个事迹的传记《白莲花》,并委托雅砻流域著名勉萨派唐卡艺术家普布次仁先生将《白莲花》绘制成唐卡。历经十年的精心绘制,一套由十三幅唐卡组成的完整记录遍智龙钦绕绛生平一百零八个事迹的传记唐卡,已于第十七饶琼火鸡年在其圆寂纪念日前圆满完成。在纪念日当天,由前译派大德多吉扎·仁增钦莫法王和我本人为主的僧众,为传记唐卡举行了开光仪轨,并祈愿佛法昌盛、众生康乐。 གུས་པས་སླར་ཡང་རས་གཞིའི་ལམ་དུ་བསྐྱར་པར་སྤུས་ལེགས་ཞུས་ཏེ་གཙོ་བོར་སྔ་འགྱུར་བའི་དགོན་སྡེ་ཁག་དང་མཁན་སྤྲུལ་འདུས་སྡེ་རྣམས་ལ་འབུལ་བ་ལགས་ན།དེ་ཡི་རྣམ་དཀར་གྱི་དགེ་བས་འཇིག་རྟེན་གྱི་ཁམས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།དེར་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་པ་དང་།ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུག་སོགས་སྐལ་ངན་དུས་ཀྱི་རྒུད་པ་ཞི་བ་དང་།འགྲོ་རྣམས་ཕན་ཚུན་མཛའ་བརྩེས་འཚོ་ཞིང་ཞི་བདེའི་འོད་སྣང་དཀར་པོ་ལ་ལོངས་སྤྱོད་ནས་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་དཔལ་དང་ལྡན་ཅིང་།གཞན་ཡང་རྣམ་དཀར་གྱི་བྱ་བ་འདི་ལ་སྔ་རྗེས་ཀུན་ཏུ་སྒོ་གསུམ་གྱིས་སྲི་ཞུ་གནང་བ་དང་།རྒྱུ་སྦྱོར་བའི་འབྲེལ་བ་ཐོབ་པ་བཅས་ཀྱི་གནས་སྐབས་མི་འདོད་པའི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ནས་མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་དུ་འཕེལ་བ་དང་།བསམ་པའི་དོན་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པ་དང་།མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྒྱུ་དམ་པར་གྱུར་ཅིག། 此外,本人将传记唐卡做了批量高仿复制,旨在供养各地宁玛派寺庙等。依此善根,愿佛法在世间昌盛、恒住;愿持法者长久住世,宏愿元成;愿止息世间一切饥疫战乱;愿一切众生互敬互爱、尽享和平,获得暂时利益和终极大乐;愿所有参与完成此项事业的志愿者和功德主们,远离一切不如意和违缘障碍,增长一切善缘和福德,成就一切所愿;愿一切善根成为成就佛果的因! ཨེ་མ་ཀུན་མཁྱེན་ཐུགས་རྗེ་ཅན། །ཆོས་དབྱིངས་ཀློང་ནས་གཟིགས་མཛོད་ལ། །དྲི་མེད་མཁྱེན་རབ་འོད་སྟོང་གིས། །བདག་བློའི་སྙིང་གི་མུན་པ་སོལ། །ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེའི། །བསྟན་པའི་མངའ་བདག་ཀློང་ཆེན་པ། །གང་དེའི་ཐུགས་ཀྱི་སྲས་གྱུར་ནས། །བསྟན་ལ་བྱ་བ་བྱེད་པར་ཤོག །འོད་གསལ་སྙིང་པོའི་བསྟན་པ་འདི། །ནམ་མཁའ་བཞིན་དུ་ཀུན་ཁྱབ་ནས། །འཛམ་གླིང་ཡངས་པའི་ཁྱོན་ཀུན་ཏུ། །ཉི་ཟླ་བཞིན་དུ་གསལ་བར་ཤོག །ཅེས་པ་འདི་ཉིད་སྔ་འགྱུར་བའི་བསྟན་པའི་སྣང་བྱེད་ཆེན་པོ་རིགས་བདག་༧ཆོས་རྗེ་པདྨ་ནོར་བུ་དང་། ༧སྐྱབས་རྗེ་མཁྱེན་བརྩེ་རབ་གསལ་ཟླ་བ། ༧སྤྲུལ་པའི་སྐུ་མཆོག་ཨོ་རྒྱན་ཆེ་མཆོག་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་བཙུན་པ་དཀོན་མཆོག་བསྟན་འཛིན་ནས་བྲིས་པ་དགེའོ། ། 啊,大悲遍智上师,请在广大法界中赐予我悲悯!请以万千慧光,驱散我心中的黑暗。 愿光明精要的教法,如虚空般遍及一切,如日月之光辉,永照世间! 至心虔敬修持和宣说宁玛派大日怙主贝诺法王、顶果钦泽法王及邬金其巧等圣贤上师教言之弟子贡觉旦增书于圣地拉萨。

  • March 2020

    མཆོད་འབུལ།ཨེ་མ་ཧོ།།དཀོན་མཆོག་མཆོད་པའི་གྲལ་ན་བཞགས་པ་དང་།།བཙན་དང་གདོན་གྱི་རྒྱུད་དུ་བཟུང་ཡང་རུང་།།དཀོན་མཆོག་དད་དང་འགྲོ་ལ་སྙིང་རྗེ་ཅན།།ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་འགྲིགས།།ཤྲཱིས་བཟང་སྤྱོད་ཚར་གཅིག་གི་འཇུག་ཏུ་གང་ཤར་དགེ་བསྔོའི་ཚབ་ཏུ་བྱས་པར་དགེའོ།།།།

  • March 2020

    དུས་ཀྱི་འཕོ་འགྱུར་རླུང་ལྟར་ཚུབ་པའི་དུས་ཀྱི་མར་གཤམ་འདིར། ངེས་པ་དོན་གྱི་དབེན་པའི་རི་ཁྲོད་དུ་སྐུ་ཚེ་འདའ་བའི་སྦས་པའི་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་ལགས་ཕྱི་ལོ་༢༠༢༠ལོའི་ཟླ་༣ཚེས་༢༡སྟེ་རབ་རྒྱན་ལྕགས་བྱི་ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་དགོངས་པ་གཞན་དོན་དུ་གཤེགས་འདུག དེ་ཡང་ཁོང་ཚེ་འདི་སྣང་གི་བྱ་བ་རྒྱང་དུ་སྤངས་ཞིང་དབེན་པའི་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ། སྤྱི་ཚོགས་ཁྱོན་ཡོངས་སུ་གྲགས་པ་དེ་ཙམ་མི་ཆེ་བས་མི་མང་པོ་ཞིག་གིས་ཁོང་ཞལ་མི་ཚོར་ན་ཐང་། དེ་ན་ངེས་དོན་གྱི་སྦས་པའི་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་ནི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ལུག་གི་༼སྤྱི་ལོ་༡༩༣༡༽ལོར་བིས་མདོའི་ཅོང་གྱ་རུ་ཡབ་སྒོམ་པ་རྒྱལ་དང་ཡུམ་མཁར་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དགེ་བའི་བཤེས་གཉེན་ལྷ་མོ་ཚུལ་ཁྲིམས་ཚང་ལས་དགེ་ཚུལ་བསྒྲུབས། བླ་བྲང་ཇོ་དགོན་ནས་ཅུང་ཟད་བཞུགས། དགུང་ལོ་ཉེར་ལྔའི་སྟེང་མདོ་སྨད་གནས་མཆོག་རྒན་རྒྱའི་བྲག་དཀར་དུ་ཕེབས་ཤིང་མཚུངས་མེད་དགེ་བའི་བཤེས་གཉེན་གཙུག་གི་རྒྱན་དུ་བསྟེན་ནས་སྤྱོད་འཇུག་སོགས་ལ་ཐོས་བསམ་གནང་ཞིང་། ཚེ་འདི་སྣང་གི་བྱ་བ་རྒྱང་དུ་སྤངས་ཤིང་རི་ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། རབ་རྒྱན་ས་ཁྱི་༼སྤྱི་ལོ༡༩༥༨༽ལོ་དང་རིག་གནས་གསར་བརྗེའི་སྐབས་སུའང་བྱ་བྲལ་སྦས་པའི་ཚུལ་གྱིས་གྲོང་དུ་མ་སོང་བར་ཤིན་ཏུ་སྦས་ཚུལ་གྱིས་རི་ཁྲོད་དབེན་པ་ཁོ་ནར་བཞུགས་ཤིང་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་ཆོས་ལ་དཀའ་སྤྱད་བསམ་གྱིས་མི་ཁྱབ་པ་མཛད་དེ་ཐེག་པ་ཆེན་པོའི་ཉམས་ལེན་དང་བློ་སྦྱོང་ཐམས་ཅད་ཀྱི་སྙིང་པོ་གྱུར་བ་བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ངེས་དོན་སྦས་པའི་བྱ་བྲལ་དང་ཚེ་མཚམས་པའི་མིང་དོན་མཚུངས་པའི་ལག་ལེན་མཐར་འཁྱོལ་མཛད་དེ་དབེན་པའི་རི་ཁྲོད་འབའ་ཞིག་ན་རང་ཉིད་གཅིག་པུར་བཞུགས་ནས་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེང་བཞིན་བཞུགས་པའོ།།རྣལ་འབྱོར་མ་ཁོང་གི་ཉམས་ལེན་གནང་སའི་གནས་མཆོག瑜伽母修行处所在的圣地 རྣལ་འབྱོར་མ་ཁོང་གི་ཉམས་ལེན་གནང་ས།瑜伽母的修行处 རྣལ་འབྱོར་མ་སངས་རྒྱས་མཚོ་མོ།瑜伽母桑杰措姆 ཁོང་གི་ཚོགས་བསགས་མཛད་སྟངས།瑜伽母集资的方式 了义隐藏的瑜伽母桑杰措姆,于藏历第十七胜生周铁羊年(公历1931年),生于文都乡,父亲滚八甲和母亲卡姆甲,在善知识拉姆慈诚尊前受沙弥戒,在拉卜楞尼姑庵短暂修行。二十五岁时前往圣地甘加扎嘎,依止善知识,对《入菩萨行论》等经论进行闻思,后断离一切凡尘琐事,前往各地寂静处,一心一意修行正法。第十七胜生周的土狗年(公历1958年)文革期间亦是以出世相不曾为衣食名誉而入世,自始至终唯依止寂静处,苦修佛法,将大乘佛法修行的精髓《入菩萨行论》等,了其义,实于身,真正做到了名副其实的出世者与终身闭关修行者。只身一人,终身依止寂静处,奉行历代大德的传记,树立行论教法之宝幢,享年九十一岁,2020年3月21日,第十七胜生周铁鼠年二月八日显现圆寂。

  • March 2020

    ཏོག་སྐྲག་དངོས་བྱུང་མའི་སྙན་ཚིག།ན་མོ་རཏྣ་ཏྲ་ཡཱ་ཡ།།སྟེང་ནམ་མཁར་འཕུར་བའི་འདབ་ཆགས་གཅིག།བར་ནོར་འཛིན་རྒྱུ་བའི་སྲོག་ཆགས་གཉིས།།འོག་ཆུ་གནས་ཉ་སྲིན་སྣ་ཚོགས་གསུམ།།མི་འགྲོ་བས་ཟོས་པའི་ལན་ཆགས་འཁོར།།ཁ་བྱང་སེམས་འབོད་པའི་ཁ་ཡག་འཁན།།ལག་གསོད་གྲི་ཐོག་པའི་ཤན་པ་རིགས།།ནད་ཏོག་དབྱིབས་ཐོན་དུས་བྲོས་འདི་མཚར།།མ་སེམས་ཅན་སྡུག་བསྔལ་མ་ཤེས་སམ།།མགོན་རྒྱལ་དབང་རྒྱལ་ཁང་ནང་དུ་ཡུབ།།རྒྱ་བླ་མའི་ཁ་ཤ་ཤུགས་ཀྱིས་འཐེན།།བོད་དགོན་སྡེའི་དཀོར་རྫས་ཏང་ལ་མཆོད།།དོན་ཁྲེལ་མེད་ཕལ་ཆེར་རང་མདོག་བསྟན།།ཀ་ནག་པོས་སྡུག་སྐད་དྲྭ་བར་བསྐངས་།།ཁ་རས་ལྷན་གཡོར་བའི་བཀའ་ཁྲིམས་དར།།ག་ས་གནས་ཡོངས་ལ་མེ་བཞིན་མཆེད།།ང་འདྲ་བོ་དག་ལ་ཁྱད་མེད་མཐོང་།།ཅ་དག་པའི་མི་ལ་ནད་མི་འགོས།།ཆ་མེད་པའི་མི་ལ་དོགས་གཟབ་ན།།ཇ་ཆང་ཁང་དག་ལ་བག་ཡོད་ན།།ཉ་གང་བའི་ཟླ་བཞིན་རང་ལུས་དག།ཏ་ལོ་མའི་སྡོང་བཞིན་སྡོད་ཚུགས་ན།།ཐ་ནད་རིམས་ཕྱོགས་ལ་འཛེམས་མཁས་ན།།ད་འཇའ་ཡལ་མ་འདི་དྭངས་ལ་ཉེ།།ན་ནད་རིམས་སེལ་བའི་རྟེན་འབྲེལ་ཡོད།།པ་ལྕང་ལོ་ཅན་ཚོ་བཟང་ཐལ་གོ།།ཕ་རྒད་པོ་དེ་ཚོ་ཡག་ཐལ་གོ།བ་བླུན་པོའི་ལས་ལ་མ་བྲེལ་ནས།།མ་སྲི་མོ་དེ་རིགས་ལེགས་སོང་ངོ་།།ཙ་ཏོག་དབྱིབས་ངན་པ་ཡ་ཡལ་གོང་།།ཚ་གློ་དབུགས་རྒྱུ་བ་མ་འགག་གོང་།།ཛ་དྲག་པོའི་མྱུར་སྐྱོབ་མ་དགོས་བར།།ཝ་ཉམ་ཆུང་བཞིན་དུ་ཁྱིམ་ལ་སྡོད།།ཞ་འོན་ལོང་མིན་ཡང་འགྲོ་དགའ་སྤོངས།།ཟ་ཅི་ཡོད་ཉོས་ནས་གཡང་ཁྱིམ་དུ།།འ་ཅག་གི་ནད་རིམས་མ་སངས་བར།།ཡ་ཡང་རབ་བྱས་ནས་མཚམས་ལ་སྡོད།།ར་ལུག་ཁྱུ་ལྟ་བའི་ཚོགས་པ་དང་།།ལ་ལུང་མདོ་དོགས་པའི་མི་ཚོགས་བར།།ཤ་རང་ལ་ཚ་ན་མ་བཅར་བར།།ས་རིང་ས་ཞིག་ནས་ཁ་ཁར་སྡོད།།ཧ་ལས་པའི་ནད་རིགས་ཀུན་ཁྱབ་འདིས།།ཨ་ཧ་བོ་ས་ཡ་བཅུ་ཕྲག་འགར།།ཨི་དུ་རེ་གཤིན་ཡུལ་འགྲིམ་ངེས་རེད།།ཨུ་ཤུ་རེ་འཛམ་གླིང་ཤ་རེ་ཚ།།ཨེ་མ་ཧོས་ཅི་བྱེད་མ་ཡོད་ནས།།ཨོ་བླ་མ་རྗེ་ལ་གསོལ་བ་འདེབས།།ནད་ངན་པའི་རྩ་བ་རྒྱུན་ཆད་ནས།།ཡུལ་རྒྱལ་ཁམས་ཆོས་བཞིན་འཚོ་བར་ཤོག།ཅེས་ཤྲཱིཿསྨྱོན་པས་སོ།།རྨི་ལམ་དབང་ཕྱུག་བདག་གིས་དེ་སྐད་ཐལ།།

  • March 2020

    ༸ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྣམ་ཐར་དཔག་བསམ་ལྗོན་ཤིང་།ཟབ་པ་སྐོར་བདུན་ལས༔ ཨོ་རྒྱན་རྣམ་ཐར་དཔག་བསམ་ལྗོན་ཤིང་བཞུགས་སོ༔ ཐཾཊ།བྱ།རྩ།༔ཨེ་མ་ཧོ༔ཐེག་གསུམ་དམ་པའི་ཆོས་ལ་རྣམ་སྦྱངས་ཤིང་༔འགྲོ་ལ་ཕན་བདེའི་མཛད་པ་རྒྱུན་མི་འཆད༔དུས་གསུམ་རྟག་པར་ཆོས་འཁོར་བསྐོར་བ་ཡི༔པདྨ་བདག་གི་རྣམ་ཐར་འདིར་བཀོད་བྱ༔ དེ་ལ་འགྲོ་དྲུག་སེམས་ཅན་མ་ལུས་པ༔མ་རིག་འཁྲུལ་པས་འཁོར་བར་གཏན་འཁྱམས་ཏེ༔ཁྱད་པར་རྩོད་དུས་སྙིགས་མའི་འགྲོ་བ་རྣམས༔དུག་ལྔ་རགས་ཤིང་འབྱོལ་ཉོག་སྤྱོད་པའི་ཚེ༔ཤིན་ཏུ་གདུལ་དཀའ་དེ་རྣམས་འདུལ་བའི་ཕྱིར༔ཆོས་སྐུའི་སངས་རྒྱས་རྣམས་ཀྱིས་དགོངས་པ་གཏད༔ལོངས་སྐུའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཅིང་༔སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས༔པདྨ་བདག་ཉིད་འཛམ་བུའི་གླིང་དུ་འོང་༔ དེ་ཡང་ཁ་ཅིག་སྣང་ངོར་ཨོ་རྒྱན་ཡུལ༔དྷ་ན་ཀོ་ཥར་པད་སྡོང་རྩེ་ལས་སྤྲུལ༔ཁ་ཅིག་སྣང་ངོར་ཨོ་རྒྱན་རྒྱལ་པོའི་སྲས༔ཁ་ཅིག་སྣང་ངོར་གནམ་ལྕགས་ཡོད་པའི་རྩེར༔ཐོག་བབས་ཚུལ་དུ་བྱུང་ཞེས་ཐ་དད་ཀྱང་༔ ཐུབ་དབང་འདས་ནས་ཉི་ཤུ་རྩ་བཞིའི་ཚེ༔འོད་དཔག་མེད་ནི་བྱང་སེམས་ཚུལ་བཟུང་བའི༔འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔པདྨ་བདག་ཉིད་ཧྲཱིཿཡིག་ཚུལ་དུ་སྤྲུལ༔ དེ་ཡང་བྱེ་བ་ས་ཡ་གྲངས་མེད་པ༔འཇིག་རྟེན་ཀུན་ཏུ་ཆར་བབས་ཚུལ་དུ་འོང་༔རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ༔ཚད་བཟུང་རིས་སུ་བཅད་པར་སུ་ཡིས་ནུས༔ འོན་ཀྱང་འཛམ་གླིང་འདི་རུ་སྤྲུལ་ཚུལ་ནི༔ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་སྐལ་པར་མཛད༔རྒྱལ་སྲིད་བཟུང་ནས་ཐེག་ཆེན་ཆོས་འཁོར་བསྐོར༔གཅིག་ཀྱང་མ་ལུས་ཚོམ་བུར་མངོན་སངས་རྒྱས༔དེ་ནས་རྒྱ་གར་ཡུལ་གྱི་ཕྱོགས་སུ་འོང་༔རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱངས༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ འཇིག་རྟེན་དུ་བྱོན་ཚུལ་དང་རིག་པའི་གནས་ལ་སྦྱངས་པའི་ལེའུ་སྟེ་དང་པོའོ༔ ཐ་ཅ།ཐརྒྱ༔ དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཡི༔ཉེ་གནས་ཀུན་དགའ་བོ་ལ་མདོ་དྲིས་ཏེ༔པྲ་བྷ་ཧ་སྟིའི་སྤྱན་སྔར་རབ་ཏུ་བྱུང་༔ཡོ་ག་རྣམ་གསུམ་ཆོས་ལ་སྦྱང་པ་མཛད༔ སློབ་དཔོན་དགའ་རབ་རྡོ་རྗེའི་དྲུང་དུ་བྱོན༔རྫོགས་ཆེན་སྙིང་ཐིག་ཆོས་རྣམས་མ་ལུས་ཞུས༔སློབ་དཔོན་སངས་རྒྱས་གསང་བའི་སྤྱན་སྔ་ནས༔གསང་བ་སྙིང་པོ་སྒྱུ་འཕྲུལ་བརྒྱ་རྩ་ཞུས༔ སློབ་དཔོན་ཤྲཱི་སིཾ་ཧའི་ཞབས་དྲུང་བཏུད༔ཆེ་མཆོག་ཧེ་རུ་ཀ་ཡི་རྒྱུད་རྣམས་ཞུས༔སློབ་དཔོན་འཇམ་དཔལ་བཤེས་གཉེན་སྤྱན་སྔར་ཕྱིན༔འཇམ་དཔལ་གཤིན་རྗེའི་རྒྱུད་རྣམས་མ་ལུས་ཞུས༔ སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྤྱན་སྔར་ཕྱིན༔པདྨ་གསུང་གི་རྒྱུད་དང་སྒྲུབ་ཐབས་ཞུས༔སློབ་དཔོན་ཧཱུྂ་ཆེན་ཀ་རའི་སྤྱན་སྔར་གཏུགས༔ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་ཞུས༔ སློབ་དཔོན་བི་མ་མི་ཏྲའི་ཞལ་སྔ་ནས༔བདུད་རྩི་ཡོན་ཏན་རྒྱུད་དང་སྒྲུབ་ཐབས་ཞུས༔སློབ་དཔོན་དྷ་ན་སཾ་སྐྲྀ་ཏ་ཡི་དྲུང་༔ཕུར་པ་ཕྲིན་ལས་རྒྱུད་དང་སྒྲུབ་ཐབས་ཞུས༔ སླར་ཡང་པྲ་བྷ་ཧ་སྟིའི་སྤྱན་སྔ་ནས༔ཕུར་པ་བི་ཏོ་ཏ་མ་འབུམ་སྡེ་ཞུས༔སློབ་དཔོན་ཆེན་པོ་ཤཱནྟིཾ་གརྦྷའི་དྲུང་༔མཆོད་བསྟོད་དྲག་སྔགས་རྒྱུད་དང་སྒྲུབ་ཐབས་ཞུས༔ གཞན་ཡང་གྲུབ་པའི་སློབ་དཔོན་དུ་མ་ལས༔སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་གི༔རྒྱུད་དང་ལུང་དང་སྒྲུབ་ཐབས་དུ་མ་ཡི༔དབང་བསྐུར་རྒྱུད་བཤད་མན་ངག་དུ་མ་ཞུས༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ སློབ་དཔོན་རྣམས་ལ་མན་ངག་ཞུས་ཤིང་སྒྲོ་འདོགས་བཅད་པའི་ལེའུ་སྟེ་གཉིས་པའོ༔ ཐ་ཅ། ཐརྒྱ༔ དེ་ནས་རྒྱ་གར་དུར་ཁྲོད་ཆེན་པོ་བརྒྱད༔གནས་མཆོག་རྣམས་སུ་སྒྲུབ་པ་མཐར་ཕྱིན་ཏེ༔གྲུབ་རྟགས་ཡ་མ་ཟུང་གིས་བདུད་སྡེ་བཏུལ༔ཁྱད་པར་རྒྱ་གར་རྡོ་རྗེ་གདན་ལ་ནི༔མུ་སྟེགས་ནག་པོའི་འཇིགས་པ་བྱུང་བའི་ཚེ༔རིག་པས་བརྩད་ཅིང་ནུས་པས་རྒོལ་བ་བཅོམ༔པཎ་ཆེན་ལྔ་བརྒྱས་བདག་ལ་མངའ་གསོལ་མཛད༔སངས་རྒྱས་ཞལ་ཚབ་བསྟན་པ་ལོ་བརྒྱར་བསྐྱངས༔རྒྱལ་ཚབ་པཎ་ཆེན་བི་མ་མི་ཏྲ་བཞུགས༔ ཨོ་རྒྱན་ང་ཉིད་ཟ་ཧོར་ཡུལ་དུ་སོང་༔ཟ་ཧོར་རྒྱལ་པོས་མ་ཤེས་གསོན་བསྲེག་བྱས༔མེ་དཔུང་མཚོ་རུ་བསྒྱུར་པའི་རྫུ་འཕྲུལ་བསྟན༔ཟ་ཧོར་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད༔སངས་རྒྱས་བསྟན་པ་ཉིས་བརྒྱར་ཡུལ་དེར་བསྐྱངས༔ མཱ་ར་ཏི་ཀར་འཆི་མེད་ཚེ་སྒྲུབ་བྱས༔མགོན་པོ་ཚེ་དཔག་མེད་པ་དངོས་སུ་བྱོན༔ཚེ་ཡི་སྒྲུབ་ཐབས་བརྒྱ་དང་རྩ་བརྒྱད་གནང་༔འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང་༔རིགས་ལྔའི་ཞིང་ཁམས་རྣམས་སུ་བདག་ཕྱིན་ཏེ༔བདེ་བར་གཤེགས་པ་རྣམས་ལ་རྒྱུད་ཞུས་ཏེ༔སྤྲུལ་སྐུའི་སངས་རྒྱས་རྣམས་དང་བགྲོ་གླེང་བྱས༔སེམས་འདི་མ་གཏོགས་སངས་རྒྱས་གཞན་མེད་གསུངས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཕྱིར༔ཡང་ལེ་ཤོད་ཀྱི་སྒྲུབ་ཕུག་གོང་མ་རུ༔དཔལ་ཆེན་ཡང་དག་ཧེ་རུ་ཀ་དཔལ་བསྒྲུབས༔དེ་ལ་བར་གཅོད་རྒྱ་བལ་སྡུག་བསྔལ་ནས༔སློབ་དཔོན་རྣམས་ལ་བཟློག་ཐབས་ཆོས་བསྐུར་བསྲིངས༔ཕུར་པ་བི་ཏོ་ཏཱ་མ་མི་ཁུར་བརྫངས༔བལ་པོར་ཕེབས་པ་ཙམ་གྱིས་བར་ཆད་ཞི༔བདག་གིས་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ༔ སླར་ཡང་གཡའ་རི་གོང་དུ་སྒྲུབ་པའི་ཚེ༔རྡོ་རྗེ་གདན་དུ་མུ་སྟེགས་རྩོད་པ་བྱུང༔པཎ་ཆེན་ལྔ་བརྒྱར་མཁའ་འགྲོས་ལུང་བསྟན་ནས༔རྒྱ་གར་རྒྱལ་པོ་ཉི་མ་སེང་གེ་དང་༔ཡོན་མཆོད་རྣམས་ཀྱིས་བདག་ལ་བཀའ་འཕྲིན་བྱུང་༔རྡོ་རྗེ་གདན་ཕྱིན་མུ་སྟེགས་ཐམས་ཅད་བཏུལ༔ སློབ་དཔོན་བརྒྱད་བཅས་བསིལ་བའི་ཚལ་དུ་བྱོན༔ཞག་བདུན་དགོངས་པ་མཛད་པའི་གུང་ཐུན་ལ༔མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ལ༔ཐམས་ཅད་དགོངས་པ་མཛད་ནས་གཟིགས་པའི་ཚེ༔མཆོད་རྟེན་འོད་འབར་མེ་སྟག་ཕྲོམ་ཕྲོམ་བྱུང་༔མཁའ་འགྲོ་མ་ཡིས་གཏེར་སྒྲོམ་དངོས་སུ་གཏད༔བདག་ལ་བདེ་གཤེགས་འདུས་པའི་བཀའ་བབས་ཤིང་༔སློབ་དཔོན་རྣམས་ལ་རང་རང་བཀའ་བབ་གྱུར༔རྡོ་རྗེ་གདན་དུ་བསྟན་པ་ཡུན་རིང་བསྐྱངས༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ རྒྱ་གར་ཡུལ་དུ་བསྟན་པ་བསྐྱངས་ཤིང་ཡུལ་ཁམས་ཆོས་ལ་བཀོད་པའི་ལེའུ་སྟེ་གསུམ་པའོ༔ ཐ་ཅ།ཐརྒྱ༔ དེ་ནས་སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ཆོས་ཀྱི་བསམ་པ་སྐྱེས་ནས་གཙུག་ལག་བཞེངས༔ས་འདུལ་དོན་དུ་མཁན་ཆེན་ཞི་བ་འཚོ༔གདན་དྲངས་ས་གཞི་འདུལ་བར་ཚེགས་མེད་ཀྱང་༔མ་ཐུལ་ཚུལ་མཛད་བདག་ཉིད་ལུང་བསྟན་ཏེ༔ བཀའ་འཕྲིན་གསེར་དང་བང་ཆེན་མི་གསུམ་བྱུང་༔རྒྱ་གར་ཆོས་རྒྱལ་ཡོན་མཆོད་ཐམས་ཅད་ལ༔བདག་ཉིད་གནང་བ་ཞུས་འདུག་བཀའ་བགྲོས་པས༔རྒྱ་གར་ཡུལ་འདི་མུ་སྟེགས་ཉེན་ཆེ་ཡང་༔བོད་དུ་བསྟན་པ་འཕེལ་བའི་ལུང་བསྟན་རྣམས༔དུས་ལ་བབ་པས་འགྲོ་བར་གྲོས་ཐག་ཆོད༔བཀའ་འཕྲིན་བྱས་ཤིང་བང་ཆེན་སྔོན་དུ་བཏང་༔དེ་ནས་བདག་ཉིད་རྒྱ་གར་ཡུལ་ནས་ཐེག༔བལ་ཡུལ་མཐིལ་སླེབས་བོད་ཀྱི་ལྷ་སྲིན་རྣམས༔སེམས་ལ་འཁུ་འཕྲིག་ཐམས་ཅད་ཟིང་ངེར་སོང་༔སླར་ཡང་ཡང་བསྐྱར་བང་ཆེན་མི་ལྔ་བྱུང་༔མང་ཡུལ་དུ་འཕྲད་ཁོ་བོའི་རྫུ་འཕྲུལ་ལ༔བོད་ཀྱི་མི་ལྔ་ཡིད་ཆེས་དད་པ་ཐོབ༔ བོད་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ༔གནོད་སྦྱིན་སྲིན་པོ་ཐམས་ཅད་དམ་ལ་བཏགས༔ཁ་ལའི་ལ་ཐོག་བརྟན་མ་བཅུ་གཉིས་དང་༔གངས་དཀར་ཤ་མེད་བྱང་གི་ཏིང་སྨན་དང་༔ཏིང་ལོ་སྨན་དང་བྱང་རིགས་གཞི་བདག་དང་༔གཙང་གི་འོ་ཡུག་ཤང་གི་གཉན་ཕུ་རུ༔རྡོ་རྗེ་ལེགས་པ་གཡས་རུ་གཡོན་རུ་ཡི༔འདྲེ་སྲིན་འོ་ཤམ་ཐང་ལྷ་དམ་ལ་བཏགས༔ ཏི་སེའི་གནས་སུ་རྒྱུ་སྐར་དམ་ལ་བཏགས༔སྟར་སྒོ་གངས་ལ་གཟའ་བདུད་དམ་ལ་བཏགས༔ གནམ་མཚོ་ཕྱུག་མོར་སྨན་བཙུན་དམ་ལ་བཏགས༔རྨ་མཚོ་སྔོན་མོར་ཀླུ་སྨན་དམ་ལ་བཏགས༔དན་ཏིག་བྲག་ཏུ་རྨ་རྒྱལ་དམ་ལ་བཏགས༔རོ་ཏམ་ནག་པོར་མ་ཡམས་དམ་ལ་བཏགས༔ ཨ་ཏ་རོང་དུ་འགོང་པོ་དམ་ལ་བཏགས༔མེ་ལུང་བྲག་ལ་དགེ་བསྙེན་དམ་ལ་བཏགས༔དབང་ཞུ་དམར་པོར་ལྷ་བཙན་དམ་ལ་བཏགས༔ཀཾ་གྱི་གངས་ལ་ཀླུ་བཙན་དམ་ལ་བཏགས༔ བཞག་ར་ལྷ་རྩེར་སྐུ་ལྷ་དམ་ལ་བཏགས༔ཐོད་དཀར་ནག་པོར་ལྷ་བཙན་དམ་ལ་བཏགས༔ཁྲི་སྒོ་ནག་པོར་རྒྱ་ལྷ་དམ་ལ་བཏགས༔ལྕང་ར་སྨུག་པོར་རྒྱལ་པོ་དམ་ལ་བཏགས༔ ཚ་བ་རོང་དུ་ས་བདག་དམ་ལ་བཏགས༔གླ་བ་རྐང་གཅིག་ཐེའུ་རང་དམ་ལ་བཏགས༔འབོ་ཡི་རོང་དུ་ཀླུ་བཙན་དམ་ལ་བཏགས༔གནས་དྲུག་སྒང་དུ་ཀླུ་བདུད་དམ་ལ་བཏགས༔ ཨན་ཆུང་རྫོང་དུ་དགེ་བསྙེན་བསུ་བར་བྱུང་༔སེངྒེ་རྫོང་དུ་གཡའ་སྤངས་དམ་ལ་བཏགས༔ནམ་མཁའ་རྫོང་དུ་ལྷ་གཉེན་དམ་ལ་བཏགས༔བདུད་ཀྱི་བྲག་ལ་བར་བློན་དམ་ལ་བཏགས༔ མ་ཡོ་གངས་ལ་གཉན་ཆེན་དམ་ལ་བཏགས༔སྤོ་ཡི་བྲག་ལ་བདུད་སྨན་དམ་ལ་བཏགས༔ཁྱུང་ཐོ་ནག་པོར་བདུད་བཙན་དམ་ལ་བཏགས༔བདུད་རི་ནག་པོ་བདུད་རྒྱལ་དམ་ལ་བཏགས༔ བུ་ཆུའི་གནས་སུ་ཀླུ་ཕྲན་དམ་ལ་བཏགས༔ལྷ་རུ་རྩེ་རུ་ལྷ་བྲན་དམ་ལ་བཏགས༔དྭགས་པོའི་གནས་སུ་མགུར་ལྷ་དམ་ལ་བཏགས༔མལ་གྲོའི་གནས་སུ་ཀླུ་རྣམས་དམ་ལ་བཏགས༔ མོན་གྱི་ཡུལ་དུ་རྨུ་བདུད་དམ་ལ་བཏགས༔འབྲས་མོ་གཤོང་དུ་རོང་བདུད་དམ་ལ་བཏགས༔ལ་ཕྱི་གངས་སུ་བསྭེ་བཞི་དམ་ལ་བཏགས༔སྐྱོ་རོང་བྱམས་སྤྲིན་མ་མོ་དམ་ལ་བཏགས༔ གཙང་གི་རོང་དུ་ལྷ་མིའི་སྔ་བསུ་དང་༔སྟོད་ལུང་ནང་དུ་ཐམས་ཅད་བསུ་བར་བྱུང་༔དོང་བའི་གདོང་ནས་གྲུབ་ཆུ་བདུད་རྩི་བྱུང་༔ བྲག་དམར་འོམ་བུའི་ཚུལ་དུ་རྒྱལ་པོ་མཇལ༔འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཡིན་ན་ཡང་༔མངལ་གྱི་སྒྲིབ་པ་ཤིན་ཏུ་འཐུག་དྲག་པས༔ང་ཡི་ཡོན་ཏན་ཚུལ་བཞིན་མ་རྟོགས་ཏེ༔ རྒྱལ་པོ་ཁེངས་པས་དྲེགས་ཏེ་ཕྱག་མ་འཆམ༔བདག་གིས་ང་ཆེའི་གླུ་དང་རྫུ་འཕྲུལ་བྱས༔རྒྱལ་པོ་དད་པ་སྐྱེས་ནས་ཕྱག་འཚལ་ནས༔རྒྱལ་པོས་གསེར་གྱི་ཁྲི་བཤམས་སྤྱན་གཟིགས་བཅས༔བོད་ཡུལ་ལྷ་མི་ཀུན་གྱིས་མཆོད་པར་བྱས༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ བོད་ཀྱི་རྒྱལ་པོས་གདན་དྲངས་ཤིང་ལྷ་འདྲེ་བཏུལ་བའི་ལེའུ་སྟེ་བཞི་པའོ༔ ཐ་ཅ།ཐརྒྱ༔ དེ་ནས་བོད་ཡུལ་ལྷ་འདྲེ་ཐམས་ཅད་བསྡུས༔བཀའ་བསྒོས་དམ་བཞག་ས་གཞི་བྱིན་གྱིས་བརླབས༔རྡོ་རྗེའི་འགྲོས་བྱས་ཧཱུྂ་གིས་དབང་དུ་བསྡུས༔བསམ་ཡས་རྨང་བཞག་ཉིན་མོ་མི་ཡིས་བརྩིགས༔མཚན་མོ་ལྷ་འདྲེ་རྣམས་ཀྱིས་བརྩིགས་བྱས་ཏེ༔རྒྱལ་ཆེན་སྡེ་བཞི་རྣམས་ཀྱིས་ལས་དཔོན་བྱས༔ཀུ་ཅོའི་སྒྲ་དང་བཅས་པས་གྱང་བཏང་ངོ་༔ཉིན་མོ་མི་བས་མཚན་མོ་ལྷ་འདྲེའི་མཐོ༔ བར་དེར་རྒྱལ་པོ་ཀླུ་དང་ཤག་པོ་བྱས༔ཀླུ་ལ་གྲོགས་བཅོལ་གསེར་ཕྱེས་ལུང་པ་བཀང་༔བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ༔དབུ་རྩེ་རིམ་གསུམ་རི་རབ་ཚུལ་དུ་བྱས༔ཡཀྴ་ལྟག་འོག་ཉི་མ་ཟླ་བའི་ཚུལ༔གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་ཀྱིས་བརྒྱན༔ལྕགས་རིའི་སྟེང་ན་མཆོད་རྟེན་བརྒྱ་རྩ་བརྒྱད༔རྡོ་རིང་བཞི་ལ་ཟངས་ཀྱི་ཁྱི་མོ་བཞི༔ཐོག་གསུམ་རྒྱ་གར་རྒྱ་ནག་བོད་ཀྱི་ལུགས༔སྟེང་ཁང་གཙོ་བོ་ཀུན་ཏུ་བཟང་པོ་ལ༔རྣམ་སྣང་མངོན་བྱང་དཀྱིལ་འཁོར་ལྷ་ཚོགས་བཞུགས༔བར་ཁང་གཙོ་བོ་རྣམ་པར་སྣང་མཛད་ལ༔རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཞུགས༔འོག་ཁང་གཙོ་བོ་བྱང་ཆུབ་ཆེན་པོ་ལ༔ཕྱོགས་བཅུའི་སངས་རྒྱས་ཉེ་སྲས་མ་ལུས་བཞུགས༔ གཙུག་ལག་ཁང་ལ་རབ་གནས་མེ་ཏོག་འཐོར༔ལྷ་རྣམས་ཀུན་ལ་ཡེ་ཤེས་མངོན་སུམ་ཕེབས༔འོད་ཟེར་འབར་དང་རོལ་མོའི་རང་སྒྲ་བསྒྲགས༔ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་པ་ཕབས༔ཀླུ་རྣམས་ཀུན་གྱིས་ནོར་བུ་འབུལ་བ་དང་༔འཇིག་རྟེན་བཀྲ་ཤིས་ཀུན་གྱིས་གང་བར་བྱས༔ མ་མགོན་ལྕམ་དྲལ་ལྷ་ཁང་ཐོ་ཕྱིར་བྱོན༔རྡོ་རིང་རྣམས་ལ་མེ་འབར་ཁྱི་མོ་ཟུག༔ཨ་རུ་ར་ཡི་ཆར་པ་ལན་གསུམ་བབས༔བོད་ཁམས་ཀུན་ཏུ་དགེ་ཞིང་ཤིས་པར་གྱུར༔ལྷ་དང་མི་རྣམས་སྤྲོ་བ་ཡང་ཡང་སྐྱེས༔སྙན་པའི་བ་དན་ཕྱོགས་རྣམས་ཀུན་ཏུ་ཁྱབ༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ བསམ་ཡས་བཞེངས་ཤིང་རབ་གནས་འཐོར་བའི་ལེའུ་སྟེ་ལྔ་པའོ༔ ཐ་ཅ། ཐརྒྱ༔ དེ་ནས་མཁན་སློབ་རྣམ་གཉིས་ཐུགས་བགྲོས་ཏེ༔བོད་ཀྱི་ཡུལ་འདི་སྲིན་པོའི་ཡུལ་ཡིན་འདུག༔དགེ་སྡིག་མི་ཤེས་ཆོས་བཤད་ག་ལ་ནུས༔བོད་ཀྱི་བློན་པོ་ཕྲག་དོག་ཆེ་བས་ན༔རྗེ་ཡི་བསམ་པ་འགྲུབ་ཚེ་རང་ཡུལ་ལོག༔ དེ་ལྟར་བགྲོས་ཏེ་རྒྱལ་པོའི་སྙན་དུ་གསོལ༔རྒྱལ་པོ་ཐུགས་མུག་བཤུམས་པ་དང་བཅས་ཏེ༔སླར་ཡང་གསེར་གྱི་མཎྜལ་དཔག་མེད་བཅས༔ བཀའ་དྲིན་ཅན་གྱི་སློབ་དཔོན་རྣམ་གཉིས་གསོན༔ཁྲི་སྲོང་ལྡེའུ་བཙན་བསམ་པ་རྒྱ་ཆེ་སྟེ༔བོད་འདི་མུན་གླིང་སྲིན་པོའི་ཡུལ་ཡིན་པས༔འདི་ན་ཆོས་ཀྱི་སྒྲ་ཡང་མི་གྲགས་པས༔སློབ་དཔོན་ཐུགས་སུན་གྱུར་ཀྱང་བརྩེ་བས་དགོངས༔བྱང་ཆུབ་སེམས་ཀྱིས་ཐུགས་རྗེས་གཟུང་དུ་གསོལ༔ དགེ་མེད་གླིང་དུ་སངས་རྒྱས་སྤྲུལ་པ་བྱོན༔གཞན་དོན་མཛད་པའི་བྱང་ཆུབ་སེམས་དཔའ་ལ༔འགྲོ་བའི་དོན་ལས་གཞན་གྱི་མཛད་པ་མེད༔ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབ་ཏུ་གསོལ༔ བདག་གིས་སྐུ་གསུང་ཐུགས་རྟེན་བཞེངས་ན་ཡང་༔བོད་འདིར་མདོ་སྔགས་ཆོས་རྣམས་གདན་དྲངས་ནས༔ཉན་བཤད་སྒོམ་སྒྲུབ་བསྟན་པ་སྤེལ་སྙམ་པས༔སློབ་དཔོན་རྣམ་གཉིས་དེ་ལྟར་མཛད་དུ་གསོལ༔མཁན་སློབ་མི་བཞུད་བོད་དུ་བཞུགས་པར་ཞུ༔ དེ་ནས་མཁན་སློབ་བཀའ་བགྲོས་བཞུགས་ཐག་བཅད༔བོད་ཕྲུག་རིགས་བཟང་ཐམས་ཅད་ལུང་བསྟན་ཏེ༔ཐམས་ཅད་བསྡུས་ནས་ཀུན་ལ་ལོ་ཙཱ་བསླབ༔སྐ་ཅོག་ཞང་གསུམ་ཁྱད་པར་བཻ་རོ་སོགས༔མང་པོའི་ནང་ནས་ལོ་ཙཱ་བརྒྱ་རྩ་བྱུང་༔བདག་གིས་གསང་སྔགས་ཕྱི་ནང་ཐམས་ཅད་བསྒྱུར༔མཁན་པོས་མདོ་དང་འདུལ་བ་ཐམས་ཅད་བསྒྱུར༔ བསྟན་པའི་གཞི་མ་དགེ་འདུན་རིན་ཆེན་ཡིན༔བོད་ཕྲུག་སྟོང་དང་བརྒྱ་རྩ་རབ་ཏུ་བྱུང་༔རྒྱ་གར་སློབ་དཔོན་ཐམས་ཅད་མཚན་སྨོས་ཞིང་༔ལོ་ཙཱ་བརྒྱ་རྩ་རྒྱ་གར་ཡུལ་དུ་བརྫངས༔ བི་མ་མི་ཏྲ་སངས་རྒྱས་གསང་བ་སོགས༔པཎ་ཆེན་བརྒྱ་རྩ་བོད་དུ་སྤྱན་དྲངས་ཏེ༔ལོ་པཎ་མཁན་སློབ་གཙུག་ལག་ཁང་དུ་བཞུགས༔མཐོ་མཛེས་ཁྲི་བརྩེགས་ཟ་འོག་ན་བཟའ་གསོལ༔ཞིམ་རྒུའི་ཟས་དྲངས་གསེར་གྱི་མཎྜལ་ཕུལ༔ མདོ་སྔགས་ཆོས་རྣམས་མ་ལུས་བསྒྱུར་བ་ནི༔འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་དང་༔ཕར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པའི༔མདོ་ཡི་ཆོས་རྣམས་མ་ལུས་ཐམས་ཅད་བསྒྱུར༔མྱ་ངན་འདས་མདོ་ཆེན་པོ་ལ་སོགས་པའི༔ངེས་པའི་བཀའ་རྣམས་མ་ལུས་ཐམས་ཅད་བསྒྱུར༔ ཀྲི་ཡཱ་ཡོ་ག་རྡོ་རྗེ་རྩེ་མོ་སོགས༔གསང་སྔགས་ཕྱི་པའི་རྒྱུད་རྣམས་མ་ལུས་བསྒྱུར༔གསང་བ་སྙིང་པོ་སྒྱུ་འཕྲུལ་རྒྱུད་བརྒྱད་དང་༔འདུས་པ་མདོ་ཡི་མདོ་ལུང་སེམས་སྡེའི་སྐོར༔སྒྲུབ་པ་བཀའ་བརྒྱད་རྩ་བའི་རྒྱུད་ལྔ་དང་༔བྱེ་བྲག་རྒྱུད་བཅུ་རྒྱུད་ནི་བཅོ་ལྔ་དང་༔གསང་སྔགས་ནང་གི་རྒྱུད་སྡེ་གྲངས་མེད་བསྒྱུར༔ གཞན་ཡང་མདོ་སྔགས་ཆོས་ནི་གྲངས་མེད་པ༔ཉིན་མཚན་ཀུན་ཏུ་བསྒྱུར་ཞིང་བཤད་དང་ཉན༔བོད་ཡུལ་ཀུན་ཏུ་བཤད་པའི་ཆོས་སྡེ་བཙུགས༔མདོ་སྔགས་ཐམས་ཅད་གླེགས་བམ་གྲངས་མེད་བྱས༔ གདུགས་དང་རྒྱལ་མཚན་བ་དན་ཕྱེ་ཕུར་དང་༔མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་༔མཛེས་ཤིང་རྣམ་པར་བཀྲ་བའི་བཀོད་པ་བཅས༔རབ་བྱུང་རྣམས་ཀྱི་རྒྱབ་ཏུ་གླེགས་བམ་ཁུར༔དེ་དག་བར་དུ་མཆོད་རྫས་ཐམས་ཅད་ཐོགས༔ ལོ་པཎ་ཐམས་ཅད་ཤིང་རྟའི་སྟེང་དུ་བཞུགས༔སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་ཕྱར༔རོལ་མོའི་བྱེ་བྲག་དཔག་མེད་སྒྲ་བསྒྲགས་ཏེ༔སྤོས་ཀྱིས་སྣ་དྲངས་གཙུག་ལག་བསྐོར་བ་བྱས༔དེ་ཉིན་ནམ་མཁའི་སྙིང་པོས་རྫུ་འཕྲུལ་བསྟན༔གླེགས་བམ་ཐམས་ཅད་བར་ཁང་ནང་དུ་བཞུགས༔ ཡོ་འབོག་ཐང་དུ་ཀུན་ལ་ཁྲི་བརྩིགས་ཏེ༔གསེར་གྱི་མཎྜལ་གསེར་གྱི་པ་ཏྲ་རེ༔ན་བཟའ་རེ་དང་དར་ཡུག་གོས་ཡུག་རེ༔རྟ་རེ་དྲེལ་རེ་མཛོ་ཕོ་མཛོ་མོ་རེ༔ཕྲུག་བཟང་ཐེར་སྲབ་དོས་རེ་ཇ་དོས་རེ༔གསེར་སྲང་བརྒྱ་དང་དངུལ་སྲང་སྟོང་ཕྲག་རེ༔ ཕུལ་ཏེ་རྒྱལ་པོ་གྲལ་གྱི་གཤམ་ནས་བཞེངས༔རྒྱལ་བརྒྱུད་བོད་ལུགས་ཐུགས་ཀྱི་དགོངས་ཚུལ་དང་༔ལོ་པཎ་བཀའ་དྲིན་ཆེ་རབས་བཤད་པ་བཏང་༔བི་མ་མི་ཏྲ་ལ་སོགས་པཎ་ཆེན་གྱིས༔ཆོས་ཀྱི་བྱུང་ཁུངས་ཆོས་ཀྱི་ཆེ་བ་བརྗོད༔ བཻ་རོ་ཙ་ན་ལ་སོགས་ལོ་ཙཱ་ཡིས༔པཎ་ཆེན་ཆེ་བ་ཆོས་ཀྱི་འགྱུར་ལུགས་བཤད༔འགོས་ལ་སོགས་པའི་བོད་ཀྱི་བློན་པོ་ཡིས༔འབུལ་བ་རེ་བྱས་བསམ་པ་འགྲུབ་ལུགས་བཤད༔འབངས་རྣམས་ཀུན་གྱིས་ཅི་འབྱོར་ཚོགས་བསགས་བྱས༔ རང་རང་ལོ་ཙཱ་འབངས་ཀྱིས་ཞབས་ཞུ་བཅས༔པཎ་ཆེན་ཐམས་ཅད་རང་གི་ཡུལ་དུ་སོང་༔བོད་ལ་ཆོས་ཀྱི་བསྟན་པ་ཉི་བཞིན་ཤར༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ ལོ་པཎ་སྤྱན་དྲངས་ཤིང་མདོ་སྔགས་ཀྱི་ཆོས་བསྒྱུར་པའི་ལེའུ་སྟེ་དྲུག་པའོ༔ ཐ་ཅ།ཐརྒྱ༔ དེ་ནས་བསམ་ཡས་མཆིམས་ཕུའི་དབེན་གནས་སུ༔པདྨ་བདག་ཉིད་སྒྲུབ་པ་བྱེད་པའི་ཚེ༔བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ནམ་མཁའི་སྙིང་པོ་སངས་རྒྱས་ཡེ་ཤེས་དང་༔རྒྱལ་བ་མཆོག་དབྱངས་ཡེ་ཤེས་མཚོ་རྒྱལ་མ༔དཔལ་གྱི་དབང་ཕྱུག་རྡོ་རྗེ་བདུད་འཇོམས་དང་༔བཻ་རོ་ཙ་ན་ལ་སོགས་རྗེ་འབངས་ཀྱིས༔གསེར་གྱི་མཎྜལ་ཕུལ་ནས་ཡང་ཡང་དུ༔བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་གསོལ༔ དེ་ནས་བདག་གིས་དཀྱིལ་འཁོར་ཞལ་ཕྱེས་ནས༔རྗེ་འབངས་རྣམས་ལ་འདུས་པའི་དབང་ཆེན་བསྐུར༔དེ་ཚེ་རྒྱལ་པོའི་མེ་ཏོག་ཆེ་མཆོག་ལ༔ནམ་མཁའི་སྙིང་པོའི་མེ་ཏོག་ཡང་དག་ལ༔སངས་རྒྱས་ཡེ་ཤེས་མེ་ཏོག་གཤིན་རྗེར་བབས༔རྒྱལ་བ་མཆོག་དབྱངས་མེ་ཏོག་རྟ་མགྲིན་ལ༔ཡེ་ཤེས་མཚོ་རྒྱལ་མེ་ཏོག་ཕུར་པ་ལ༔དཔལ་གྱི་དབང་ཕྱུག་མེ་ཏོག་མ་མོར་བབས༔རྡོ་རྗེ་བདུད་འཇོམས་མེ་ཏོག་མཆོད་བསྟོད་ལ༔བཻ་རོ་ཙ་ནའི་མེ་ཏོག་དྲག་སྔགས་ལ༔བབས་ཏེ་དེ་ཡི་དཀྱིལ་འཁོར་རང་རང་བསྒྲུབས༔ རྗེ་འབངས་རྣམས་ཀྱིས་གྲུབ་རྟགས་རེ་རེ་ཐོན༔ཁྲི་སྲོང་ལྡེའུ་བཙན་གཞན་སྣང་ཟིལ་གྱིས་གནོན༔ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས༔སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་བཏབ༔རྒྱལ་བ་མཆོག་དབྱངས་གཙུག་ནས་རྟ་སྐད་ཐོན༔ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་སློང་༔དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་གུམ༔རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད་རྒྱུག༔བཻ་རོ་ཙ་ན་དྲེགས་པ་བྲན་ཏུ་ཁོལ༔གཞན་ཡང་རྗེ་འབངས་གྲུབ་རྟགས་མང་དུ་ཐོན༔ གཞན་ཡང་བླ་མ་དགོངས་པ་འདུས་པ་དང་༔ཡི་དམ་དགོངས་འདུས་མཁའ་འགྲོ་དགོངས་འདུས་དང་༔ཆོས་སྐྱོང་དགོངས་འདུས་དཀྱིལ་འཁོར་རབ་འབྱམས་ཀྱི༔སྨིན་བྱེད་དབང་བསྐུར་གྲོལ་བྱེད་མན་ངག་བསྟན༔བོད་དུ་སྒོམ་གྲྭའི་བསྟན་པ་དར་བར་བྱས༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ སྨིན་བྱེད་དབང་བསྐུར་ནས༔ རྗེ་འབངས་རྣམས་ཀྱིས་གྲུབ་རྟགས་ཐོན་པའི་ལེའུ་སྟེ་བདུན་པའོ༔ ཐ་ཅ། ཐརྒྱ༔ དེ་ནས་པདྨ་བདག་གི་དགོངས་པ་ལ༔བོད་འདིར་མདོ་སྔགས་ཆོས་རྣམས་ཐམས་ཅད་དང་༔གསང་སྔགས་ཕྱི་ནང་ཡང་ཟབ་སྙིང་པོ་རྣམས༔འཆད་ཉན་སྒོམ་སྒྲུབ་གྲུབ་རྟགས་ཐོན་ན་ཡང་༔ཀུན་གྱི་ཡང་དྲིལ་མེད་ཐབས་མེད་པའི་ཆོས༔བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནི༔བརྩེ་བས་རྗེ་འབངས་རྣམས་ལ་སྦྱིན་པར་སེམས༔དེ་ཚེ་རྒྱལ་པོ་ཡབ་སྲས་གསུམ་རྣམས་ཀྱིས༔ཞུ་བ་ཕུལ་ནས་མཆིམས་ཕུར་རྒྱས་པར་བསྐུར༔ སླར་ཡང་ཐུགས་གཏེར་མང་པོ་སྦས་པའི་ཚེ༔བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་དང་༔ལྷ་སྲས་འབྲིང་བ་མུ་རུབ་བཙན་པོ་དང་༔ལྷ་སྲས་ཆུང་བ་མུ་ཏིག་བཙན་པོ་དང་༔རྒྱལ་བ་མཆོག་དབྱངས་ལང་གྲོ་ལོ་ཙཱ་དང་༔གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་སོགས་དང་༔བཻ་རོ་ཙ་ན་ཤུད་བུ་དཔལ་སེང་དང་༔ཏིང་འཛིན་བཟང་པོ་རྡོ་རྗེ་བདུད་འཇོམས་དང་༔དཔལ་གྱི་དབང་ཕྱུག་འོ་བྲན་དབང་ཕྱུག་དང་༔ཨཱ་ཙར་ས་ལེ་ཤེལ་དཀར་རྡོ་རྗེ་མཚོ༔འབྲོག་བན་ལོ་ཙཱ་མཚོ་རྒྱལ་བྲན་གསུམ་དང་༔ལྷ་སྲས་གསུམ་གྱི་བཙུན་མོ་རྣམ་གསུམ་སོགས༔འཁོར་བཅས་ཁམས་ཀྱི་ནམ་མཁའ་རྫོང་དུ་བྱོན༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེས་ཏེ༔རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུར་ནས༔གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲལ༔འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས༔མངའ་བདག་རྒྱལ་པོས་རི་བྲག་ཟང་ཐལ་མཛད༔མུ་ནེ་བཙན་པོས་ལྷ་ཞལ་དངོས་སུ་གཟིགས༔མུ་རུབ་བཙན་པོས་བདེ་ཆེན་ཡེ་ཤེས་བརྙེས༔མུ་ཁྲི་བཙན་པོས་རང་སེམས་ངོ་བོ་མཐོང་༔བཻ་རོ་ཙ་ན་ནམ་མཁར་བྱ་ལྟར་ལྡིང་༔རྒྱལ་བ་མཆོག་དབྱངས་སྐུ་ནི་མེ་དཔུང་བསྒྱུར༔ལང་གྲོ་དཀོན་མཆོག་འོད་ཀྱི་ཕུང་པོར་གྱུར༔སངས་རྒྱས་ཡེ་ཤེས་ཀུན་འོད་ས་ལ་སྙེགས༔གཉགས་ཆེན་ཛྙཱ་ན་ཆོས་ཉིད་ཟད་སར་འཁྱོལ༔མཁར་ཆེན་མཚོ་རྒྱལ་བྲག་ལ་ཚེ་ཆུ་ཐོན༔ཨཱ་ཙར་ས་ལེས་ཕྱག་གིས་བྲག་རི་གཏོར༔འབྲོག་མི་དཔལ་ཡེས་སྤྱན་གྱིས་ནགས་ཚལ་བསྲེག༔རྡོ་རྗེ་བདུད་འཇོམས་སྤྱན་གྱིས་རྒྱ་མཚོ་སྐེམ༔ཏིང་འཛིན་བཟང་པོས་རི་བྲག་ཟང་ཐལ་ཕུག༔ཤེལ་དཀར་བཟའ་ཡིས་མ་མོ་བྲན་ཏུ་ཁོལ༔གཞན་ཡང་རྗེ་འབངས་རྣམས་ཀྱིས་གྲུབ་རྟགས་མང་༔ ཕྱག་དཔེ་ཐམས་ཅད་འཕྲུལ་གྱི་ཡི་གེ་བཏབ༔གནས་མཆོག་བདུན་ཏུ་གཏེར་ཁ་སོ་སོར་སྦས༔འདོན་པའི་སྐྱེས་བུ་དག་ཀྱང་ལུང་བསྟན་ཏེ༔བཀའ་རྒྱས་བཏབ་ཏེ་སྨོན་ལམ་དབང་བསྐུར་བྱས༔རྩོད་དུས་སྙིགས་མ་སུམ་ཅུ་ཁ་རལ་ལ༔འདོན་པའི་དུས་སུ་ལུང་བསྟན་ས་མ་ཡ༔ པདྨ་བདག་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེས་ཏེ་གཏེར་དུ་སྦས་པའི་ལེའུ་སྟེ་བརྒྱད་པའོ༔ ཐ་ཅ། ཐརྒྱ༔…

  • March 2020

    སྒྲོལ་དཀར་ལ་གདམས་ཚིག་ཨུཏྤལ་དཀར་པོ།།ན་མོ་གུ་ར་ཝེ།།བློ་གཏད་བླ་མ་དམ་པ་སྐྱབས་འགྲོ་ཡི་མཐར་ཐུག།གཞན་དོན་ལྷུར་ལེན་བྱེད་པ་སེམས་བསྐྱེད་ཀྱི་རྒྱལ་པོ།།དྲན་ཤེས་བག་ཡོད་སྐྱོང་བ་མདོ་སྔགས་ཀྱི་ལམ་འཁྱེར།།ཀུན་བཟང་རྒྱལ་བའི་ལམ་ལ་བདེ་མྱུར་ཏུ་ཕེབས་ཤོག།ཨེ་མ་ཧོས