ནད་སེལ་ཕུར་སྒྲུབ་གནམ་ལྕགས་རྡོ་རྗེའི་ཚ་ཟེར།སྐྱབས་སེམས་སྔོན་དུ་སོང་ནས།ཨོཾ་ཨཱཿཧཱུཾ་ཧྲཱི༔ཨེ་ཝཾ་ངང་ལས་རང་ཉིད་སྐད་ཅིག་གིས༔ནད་སེལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔རབ་ཁྲོས་མཐིང་ནག་ཞལ་གཅིག་ཕྱག་བཞི་བ༔གཡས་གཡོན་དང་པོས་ཕུར་བུ་ཐོད་ཕོར་གསོལ༔གཡས་གཡོན་གཉིས་པས་རྡོ་རྗེ་དྲིལ་རྒྱ་བཅས༔དུར་ཁྲོད་ཆས་བརྒྱན་པདྨ་ཉི་ཟླའི་ཁར༔རུ་ཏྲ་ཕོ་མོ་བརྫིས་པའི་གདན་སྟེང་དུ༔ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔དབང་ཕྱུག་སྔོན་མོ་ཞལ་གཅིག་ཕྱག་གཉིས་པ༔གཡས་པ་ཕུར་བུ་གཡོན་པ་ཐོད་ཁྲག་དང་༔ཞབས་གཉིས་བདེ་སྟོང་རོལ་བས་ཡབ་ལ་འཁྱུད༔དམ་ཡེ་མེ་དཔུང་འབར་བའི་ཀློང་ན་གསལ༔སྣང་སྲིད་རྣམ་དག་སྒྱུ་འཕྲུལ་ལྷ་ཡི་དལ༔སྒྲ་གྲགས་ཡང་དག་གཟུངས་སྔགས་རོལ་པར་ཤར༔དྲན་རྟོག་ཀ་དག་ཆོས་ཉིད་འོད་གསལ་ངང་༔གང་ཤར་ཀུན་བཟང་དགོངས་པའི་ཀློང་ནས་བཟླའ།།ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྵ་ཀྲོ་དྷ་ན་ཧཱུྃ་ཕཊ༔སྲོག་སྡོམ་གཟེར་བཞི་ལྡན་པའི་ངང་།།བརྒྱ་སྟོང་ཁྲི་འབུམ་བརྡ་རྟགས་འབྲས།།རྣལ་འབྱོར་སོ་སོའི་ཉམས་སྦྱོར་དང་།།རྡོ་རྗེ་གཞོན་ནུའི་དངོས་གྲུབ་ཐོབ།། དུས་མིན་ནད་རིགས་ཀུན་སེལ་ནས།།འཆི་མེད་བཙན་ས་ཟིན་པར་ངེས།།ས་མ་ཡ། རྒྱ་རྒྱ་རྒྱ།།ཕྱི་སྣོད་འབྱུང་བ་ཀྲོ་དྷའི་རིགས་ལྔར་དག།ནང་བཅུད་ཞི་ཁྲོ་ཕུར་བུའི་དཀྱིལ་འཁོར་རྫོགས།།གསང་བ་རྫོགས་པ་ཆེན་པོས་འགྲོ་ཀུན་སྨིན།།ཁམས་གསུམ་ཡོངས་གྲོལ་འཇའ་ལུས་འཕོ་ཆེན་ཤོག།ཅེས་པ་འདི་ཡང་རབ་གནས་ས་བྱིའི་རྒྱལ་ཟླའི་ཡར་ཚེས་དགེ་བར་ངོས་ལ་དད་དམ་འགྱུར་བ་མེད་པའི་ཆོས་གྲོགས་དམ་པ་སྣང་གསལ་པྲ་ལ་རང་དབང་ཐོབ་པའི་གཙང་བ་གྲུབ་ཆེན་རིག་མཆོག་རིན་པོ་ཆེས་ད་སྐབས་ཀྱི་ནད་ངན་འདི་མྱུར་དུ་ཞི་བའི་ཆེད་དུ་ཁྱེད་ཀྱི་ཐུགས་དམ་བསྲུང་བ་རྭ་གུར་ལས་མི་འདའ་བར་མཛད་དགོས་ཚུལ་དང་། མཛད་ནས་ཀྱང་ཁྱེད་ཀྱི་ཟབ་ཆོས་ཤིན་ཏུ་གལ་ཆེན་ཞིག་ངེས་པར་དུ་གསུང་དགོས། ཅེས་དང་། ཁྱད་པར་དཔལ་མཆོག་ཕུར་བའི་སྒོ་ནས་གསུང་ན་དགའ་ཞེས་ཐུགས་དམ་གཙང་མས་སྐུལ་བ་དང་། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་དྲག་ཏུ་བཏབས་པའི་མོད་ལ་ཨེ་མ་ཧོས་རིག་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཕབས་པར་དགེའོ།། །།
དེ་རིང་དམིགས་བདལ་གིས་བདག་ལ་སྙིང་ཉེ་བ་དང་དད་དམ་གཙང་མའི་འཛམ་གླིང་ཤར་ནུབ་ནས་ཨ་མ་རྗེ་བཙུན་ཨོ་རྒྱན་སྒྲོལ་མའི་འདས་མཆོད་དང་ཐུགས་སྨོན་གནང་བར་བཀའ་དྲིན་ཆེ་ཞུ་དང་། དགེ་བས་འགྲོ་བ་ཀུན་ལ་འདི་ཕྱི་བར་དོ་བདེ་བའི་སྨོན་ལམ་བཅས་ཨེ་མ་ཧོས
ཨ་མ་རིན་པོ་ཆེ་མཁྱེན།ཨེ་མ་ཧོ།།ཨོ་རྒྱན་པདྨ་ཀ་རའི་དགོངས་པ་རྟོགས།།སྒྲོལ་མའི་རྟུལ་ཞུགས་དངོས་གྲུབ་འབྱུང་བའི་གནས།།ཨོ་རྒྱན་སྒྲོལ་མ་མཆོག་ལ་གསོལ་བ་འདེབས།།བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་སྩོལ།།ཨོཾ་ཨོ་རྒྱན་ཏཱ་ར་ཧཱུཾ་ཧྲཱིཿསྣང་གྲགས་རིག་པ་རྒྱལ་ཡུམ་ངང་དུ་དག།འོད་གསལ་སྙིང་པོ་ལྷུན་གྲུབ་དཔལ་དུ་རྫོགས།།ཕན་བདེའི་ལེགས་ཚོགས་མ་ལུས་འགྲོ་ལ་སྨིན།།ཀུན་བཟང་ཡེ་ཤེས་བླ་མའི་ས་ཐོབ་ཤོག།ཅེས་ཨ་མའི་འདས་མཆོད་ཐེངས་དང་པོར་དགེ་མང་ཨོ་རྒྱན་འོད་གསལ་ཆོས་གླིང་ནས་ཤྲཱིས་སྨོན་པར་དགེའོ།། །། སྤྱི་ལོ་༢༠༢༠ ཟླ་བ༡ ཚེས་༣༠ ལ།
ཨོ་རྒྱན་སྒྲོལ་མའི་ཞལ་གདམས་ཡིད་བཞིན་ནོར་བུའི་གའུ།The Wish-Fulfilling Reliquary Box:Advice from Orgyen Drölma (the Mother of Khenchen Lama Pelgyeypa Dorjé Rinpoché)貝扎法王之母 – 鄔金度母修持教言:滿願嘎嗚 ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡེ།NAMO GURU ĀRYA TĀRAYE.皈依上師至尊救度母 དལ་འབྱོར་མི་རྟག་དགེ་སྡིག་ལས།།The freedoms and advantages, impermanence, virtuous and harmful karma:自在功德無常善惡業 བསླུ་མེད་ངེས་ཤེས་རིན་པོ་ཆེ།།The precious certainty of their inexorability;其性實為瑰寶且必然 ཡང་ཡང་དྲན་ཤེས་བག་ཡོད་ངང་།།In the state of mindful understanding and careful concern,懇請專注理解其要義 ངེས་འབྱུང་མ་སྐྱེས་བར་དུ་འབོད།།Put all your strength, until renunciation is born.並盡形壽發起出離心 བྱམས་དང་སྙིང་རྗེ་དགའ་བ་དང།།Loving-kindness, compassion, sympathetic joy,慈悲喜捨無量四梵住 བཏང་སྙོམས་བྱང་སེམས་རིན་པོ་ཆེ།།And equanimity, the precious Mind of Enlightenment:其為珍貴解脫摩尼寶 དོན་གཉིས་ལྡན་པའི་སེམས་བསྐྱེད་ངང་།།In the state of generating Bodhicitta endowed with the Two Benefits (for self and others),菩提事業增長作二利 ཞི་ལྷག་མ་སྐྱེས་བར་དུ་བརྩོན།།Be diligent, until Calm Abiding (Śamatha) and Clear Perception (Vipaśyanā) is born.勤作止觀禪修至明現 སྣང་གྲགས་རིག་གསུམ་སྐུ་གསུམ་དོན།།The three aspects…
ཨ་མའི་ལྟ་སྒོམ་སྤྱོད་པ་ཉི་ཟླ་སྐར་མའི་འོད་གསལ།།ཨེ་མ་ཧོ།།ཀ་དག་ཆོས་དབྱིངས་དགོངས་པ་ཀུན་བཟང་མོ།།ཞིང་སྣང་ལྷུན་གྲུབ་འོད་གསལ་བདེ་ཆེན་གནས།།ཟུང་འཇུག་སྣང་སྲིད་རྣམ་དག་རང་དབང་བསྒྱུར།།ཨོ་རྒྱན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།ཆོས་ཀུན་མཉམ་ཉིད་དག་པར་བྱིན་གྱིས་རློབས།།རང་སྣང་སྐུ་གསུམ་རྫོགས་པའི་དངོས་གྲུབ་སྩོལ།།ཀུན་བཟང་གདོད་མའི་རང་བཞིན་སྨིན་གྲོལ་ནས།།ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་ཤོག།བསམ་ཡས་མཆིམས་ཕུ་གངས་རི་ཐོད་དཀར་སོགས།།འཕགས་བོད་དབེན་གནས་སྒྲུབ་པའི་རྒྱལ་མཚན་བསྒྲེངས།།དོན་གཉིས་ལྷུན་གྲུབ་ཚེ་འདིར་སངས་རྒྱས་མ།།ཨོ་རྒྱན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།འཁོར་འདས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས།།ཨ་མའི་རྣལ་འབྱོར།ཨཱཿདབྱིངས་སྣང་འོད་གསལ་ལྷུན་གྲུབ་རིག་པའི་རྩལ།།འཇའ་ཟེར་ཐིག་ལེའི་ཀློང་ན་རྗེ་བཙུན་མ།།སེར་གསལ་མཛེས་མཛུམ་སྐྱབས་སྦྱིན་ཕྱག་རྒྱ་ཅན།།བྱིན་རླབས་མཆོག་སྟེར་སྐྱབས་ཀུན་ངོ་བོར་གསལ།།ཡེ་ཤེས་སྐུ་ཅན་གདོད་མའི་ཀུན་བཟང་མོར།།གུས་པས་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི།།ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ནས།།བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་མཛོད།།ཨོཾ་ཨོ་ཌཱི་ཡ་ཏཱ་ར་སིདྡྷི་ཧཱུཾ།། ཅི་ནུས་མཐར།ཏཱ་ར་དགྱེས་པས་འོད་ཞུ་རང་ལ་ཐིམ།།ཡེ་ཤེས་ཨ་མའི་རྩལ་དབང་སེམས་ལ་རྫོགས།།རང་རིག་ཆོས་ཟད་དགོངས་པ་ཨ་མའི་ཐུགས།།ཆོས་ཀུན་མཉམ་ཉིད་ཀློང་དུ་ཨེ་མ་ཧོ།།ཞེས་པའི་དོན་ལ་ཅི་ནུས་སུ་མཉམ་པར་བཞག་ནས་རྒྱུན་གྱི་སྤྱོད་ལ་ཇི་བདེར་འཇུག་གོ། ཞེས་པའང་རབ་གནས་ས་ཁྱིའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གཉིས་པར་། ཆུང་ནས་དད་གུས་དམ་ཚིག་ལ་འགྱུར་བ་མེད་པའི་ཨ་ནེ་དཔལ་ལྡན་ཆོས་སྒྲོན་དང་། རིག་འཛིན་ནམ་མཁའ་རྒྱ་མཚོ་དང་། སྲས་མོ་ཨརྱ་ཏཱ་ར་སོགས་ཀྱིས་ངོར་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དུ། ཨ་མའི་ཐུགས་དམ་ཟག་མེད་བདུད་རྩིས་བྱིན་རླབས་སྩལ་བཞིན་པའི་སྐབས་སུ། ཨ་མའི་ཉེ་གནས་པ་ཤྲཱིཿཨེ་མ་ཧོས་དད་གུས་དགོངས་རྒྱུད་བསྐུལ་ཕྱིར་བྱམས་བརྩེའི་དག་སྣང་མིག་ཆུའི་རྒྱ་མཚོ་ཆེན་པོའི་ཀློང་ནས་ཕུལ་བར་དགེའོ།། །།
སང་ཉིན་ནི་བདག་གི་ཨ་མ་རིན་པོ་ཆེའི་འདས་མཆོད་ཡིན། ཨེ་ཝཾ་མཁའ་འགྲོའི་གླིང་ཀ་རུ་མེ་ཏོག་གསར་པ་འགའ་རེ་ཡང་བཞད་འདུག དུས་ཚོད་དང་མི་རྟག་པ་འདི་ནི་ཅི་འདྲའི་མྱུར་མགྱོགས་དང་སྙིང་རྗེ་མེད་པ་རེད་ཨང་། ངེད་མ་བུ་ཁ་བྲལ་ནས་ལོ་གཅིག་ཏག་ཏག་ཁ་གང་སོང་བ་རེད། གང་ལྟར་བདག་གི་ནི་མགོན་གྱི་བླ་མ་དང་ཨ་མ་ཁྱེད་ནམ་ཡང་བརྗེད་མི་སྲིད། ངོས་ཀྱང་རྒྱ་ནག་འགྲོ་བ་འོས་ཧན་གྱི་ནད་ཡམ་ལ་གཏོང་ལེན་བཅས་བདག་གིར་བཞེས་ཏེ་ནད་ཡམས་རྒྱུན་གཅོད། འགྲོ་བ་སེམས་ཅན་ཀུན་ལ་ལུས་བདེ་སེམས་སྐྱིད་སྨོན་ནས་ཆོས་རྗེ་དམ་པ་དང་ཡུམ་ཆེན་ཨ་མའི་དྲུང་དུ་འགྲོ་ན་འདོད། མདོར་ན་བདག་གི་ཚོགས་བསགས་འདི་དག་ང་རྒྱལ་ངོམས་ཆོས་སུ་མ་ཡིན་པར་དྲིན་ཆེན་ཨ་མ་དང་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ། ཨེ་མ་ཧོས་ཨ་མའི་འདས་མཆོད་ཀྱི་ཐུན་གསེང་ནས་་་་
Alt Sidebar
Search





