November 2019

དཔལ་གས་ང་སྔ་འགྱུར་བའི་ཆོས་གྲྭ་ཆེན་མོ་གཉིས་ཀྱི་ཡ་གྱལ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཚང་བའི་སྒོ་ནས་སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་དེ་སྒོམ་སྒྲུབ་གནང་བཞིན་རྣམ་པ།
<<བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབ་པའི་ཉམས་ལེན་>>
རྒྱུ་བཞི་ནི། ༡༽ ཞིང་ཁམས་ཡིད་ལ་བྱེད་པ། ༢༽ ཕྱག་འཚལ་བ། ༣༽ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ༤༽ སྨོན་ལམ་རྣམ་དག་བཏབ་པ།

འདི་བཞིའི་གོ་དོན་ཉུང་ངུ་ཞིག་གིས་ངོ་སྤྲོད་ཞུས་ན།
༡༽ བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མདོ་བསྡུས་བྱས་ན། བདེ་བ་ཅན་ནི་འཛམ་བུ་གླིང་གི་ཉི་མ་ནུབ་ཕྱོགས་ན་ཡོད། དེ་ན་འོད་དཔག་མེད་འཁོར་དང་བཅས་པ་བཞུགས་ཡོད། རྟག་པར་ང་ལ་གཟིགས་ཡོད། ང་རང་ཤི་མ་ཐག་ཏུ་དེ་ན་འགྲོ་དགོས་བསམས་ནས་འདུན་པ་གཏད། བདེ་བ་ཅན་དང་འོད་དཔག་མེད་ཀྱི་མཚན་དེ་རྒྱུན་དུ་སེམས་ལ་བཟུང་བ་དང་། ཁ་འདོན་བྱ་བ་དང་། དད་པ་བརྟན་པོར་གྱིས་དང་དེ་ཙམ་གྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་ཡིན་ནོ།།

༢༽ རྒྱུ་གཉིས་པ་ཕྱག་འཚལ་བ་དང་། མཆོད་པ་ཕུལ་བ་སོགས་སྒོ་དུ་མ་ནས་ཚོགས་བསག་པ་ཡིན་ཏེ། མདོ་ལས་བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུངས་པ་ལྟར་རོ།།

༣༽ རྒྱུ་གསུམ་པ་གྲོགས་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས། སྲིད་གསུམ་སྡུག་བསྔལ་རང་བདེ་འདོད་ལས་བྱུང་བདེ་དགེ་མཐའ་དག་གཞན་ཕན་སེམས་ལས་འཁྲུངས། །དེ་ཕྱིར་ལྷ་མིའི་སྟོན་པའི་རྗེས་བསྙེགས་ཏེ། །བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་རིགས། །ཞེས་གསུངས་པ་ལྟར། དོན་གཉིས་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་གྱི་སེམས་བསྐྱེད་ཉམས་སུ་ལེན་པ་ཡིན་ནོ།།

༤༽ རྒྱུ་བཞི་བ་རྐྱེན་སྨོན་ལམ་རྣམ་དག་ནི། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར། དགེ་རྩ་ཐམས་ཅད་བདེ་བ་ཅན་དེར་སྐྱེ་བའི་རྒྱུར་བསྔོ་བ་དང་། སྐྱེ་བར་སྨོན་ལམ་བཏབ་པ་དག་ཡིན་།།
འདི་ལྟར་ཉམས་སུ་ལེན་པས་ཕན་ནུས་ནི་<<འོད་མདོ་>>ལས་བཞི་བཅུ་ཞེ་དགུ་བཤད་ཡོད།
༄༅།།ཀུན་བཟང་བདེ་ཆེན་ཞིང་གི་སྨོན་ལམ་ཡིད་བཞིན་ནོར་བུའི་གའུ་ཞེས་བྱ་བ་བཞུགས་སོ།།
ཨེ་མ་ཧོ།།
རང་སྣང་བདེ་བ་ཅན་གྱི་ཞིང་ཁམས་སུ།།
སེམས་ཉིད་བདེ་བཤེགས་མགོན་པོ་འོད་དཔག་མེད།།
སེམས་བྱུང་རྒྱལ་སྲས་འཁོར་ཚོགས་རྒྱ་མཚོའི་དབུས།།
ལྷང་ངེ་ལྷན་ནེ་ལྷམ་མེ་གསལ་བར་བཞུགས།།
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་བཅས།།
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ།།
ཚེ་རབས་བསགས་པའི་སྡིག་ལྟུང་མ་ལུས་བཤགས།།
འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རང་།།
ཟབ་རྒྱས་དམ་ཆོས་འཁོར་ལོ་བསྐོར་བར་བསྐུལ།།
རྒྱལ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས།།
དུས་གསུམ་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ།།
མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག།
བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ།།
བླ་མ་ཨོ་རྒྱན་ཆེན་པོས་རྟག་ཏུ་སྐྱོབས།།
ཡི་དམ་གར་དབང་ལྷ་ཚོགས་བརྟན་དུ་གནས།།
མཁའ་འགྲོ་ཆོས་སྐྱོང་ནམ་ཡང་མི་འབྲལ་ཞིང་།།
བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ཕག་ལྷ་བབས་ཟླ་བའི་དུས་བཟང་ལ་སྔ་འགྱུར་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་བདེ་ཆེན་ཞིང་བསྒྲུབ་ཀྱི་སྐབས་སུ་ཆོས་མཆེད་དམ་པ་ཚོའི་ཚོགས་བསགས་ལ་རྗེས་སུ་ཡི་རང་བཅས་ནུབ་ཕྱོགས་ཨེ་ཝཾ་རྫོགས་ཆེན་ཆོས་ཚོགས་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དེ་ཉིད་ལ་ཐོལ་སྨོན་དུ་བགྱིས་པར་དགེའོ།། །།

Leave a Reply

Your email address will not be published.