November 2019

ལྷག་པའི་ལྷ་མཆོག་སྒྲ་དབྱངས་ལྷ་མོའི་མགུལ་རྒྱན་ཡིད་བཞིན་ནོར་བུ།
ན་མོ་གུ་རུ་སྭ་ར་སྭཱ་སྟི་ཡེ།།
ཀ་དག་སྤྲོས་བྲལ་ངང་ནས་འོད་གསལ་གྱི་སྐུ་མཆོག།
ཁ་དོག་རབ་མཛེས་བུ་མོ་རྒྱལ་ཀུན་གྱི་ཡུམ་ཆེན།།
ག་བུར་མདངས་འཛིན་མཁྱེན་རབ་དབང་ཕྱུག་གི་བདག་མོ།།
ང་ཡི་སྙིང་གྲོགས་མཁའ་འགྲོའི་གསང་གསུམ་ལ་བསྟོད་དོ།།
ཅ་དག་ལོངས་སྐུའི་རྒྱན་དང་པི་ཝཾ་ལ་རོལ་ཅིང་།
ཆ་ལུགས་ཀུན་བཟང་དག་གཙང་སྙན་འཇེབས་ལ་དབང་ཕྱིར།།
ཇ་ཡུན་ཙམ་ལ་མི་བརྗེད་སྙིང་དབུས་ནས་དྲན་ན།།
ཉ་མོ་ཆུ་ལ་གནས་བཞིན་འབྲལ་མེད་དུ་མཛོད་ཅིག།
ཏ་ཐཱ་ག་ཏའི་བསྟན་པའི་ནང་དོན་ལ་མཁས་ཤིང་།།
ཐ་དག་སྒོ་གསུམ་དད་པའི་བརྩེ་དུང་གིས་བཙུན་པས།།
ད་འདས་མ་འོངས་ཕན་བདེའི་ཀུན་བཟང་ཡི་དེད་དཔོན།།
ན་མོ་མི་ཕྱེད་དད་པས་དངོས་གྲུབ་རེ་ཞུའོ།།
པ་ར་མི་ཏའི་ཕྱིན་བཅུའི་སྤྱོད་པ་ཡི་ལམ་སྟོན།།
ཕ་མ་གཉིས་མེད་རྒྱུད་པའི་ཐེག་དགུ་ཡི་ཁྱབ་བདག།
བ་གླང་སྨྱོན་པ་བདག་འདྲའི་རྨོངས་སེལ་གྱི་ཉི་མ།།
མ་ལུས་དུང་གི་ཟླ་བའི་དགྱེས་ཞལ་དེ་ངོམས་ཤོག།
ཙ་རི་གནས་ཡུལ་བདག་པོ་དཔལ་ལྡན་གྱི་ལྷ་མོ།།
ཚ་གྲང་སྡུག་ཀུན་སེལ་བའི་གཤིན་རྗེ་ཡི་ཡུམ་ཆེན།།
ཛ་ཡའི་མཁྱེན་རབ་བསྩལ་མཁས་སྒྲ་དབྱངས་ཀྱི་ལྷ་མོ།།
ཝ་ལེར་སྙིང་གི་སྲས་མོའི་རྣམ་ཐར་ལ་འདུད་དོ།།
ཞྭ་དམར་རྣ་རིང་གྱོན་པའི་པཎ་ཆེན་ནི་ལྔ་བརྒྱ།།
ཟ་ཧོར་མཁན་སློབ་རྒྱུད་པའི་རྗེ་འབངས་ནི་ཉེར་ལྔ་།།
འ་ཅག་རང་རིགས་སྐྱོངབའི་སྒྲོལ་མ་ནི་ཉེར་གཅིག
ཡ་མཚན་ཀུན་བཟང་རྒྱལ་མོ་སྙིང་དབུས་ན་བཞུགས་ཤིག།
ར་བ་གངས་རིའི་བསྐོར་བའི་བསིལ་ལྡན་གྱི་ཞིང་ནས།།
ལ་ལུང་ཁྲི་འབུམ་བརྒལ་བའི་ནུབ་ཕྱོགས་ལ་ཆས་ཀྱང་།།
ཤ་ཞེན་བརྗེད་ཐབས་བྲལ་བའི་དད་གུས་ལ་བསམས་ཚེ།།
ས་ཐོབ་མཁའ་འགྲོ་རྒྱ་མཚོའི་གཅེས་ཕྲུག་ང་སྐྱིད་པ།།
ཧ་ཧ་གད་མོའི་དབྱངས་དང་དགྱེས་ཉམས་དང་བཅས་ཏེ།།
ཨ་ཧོ་རིག་འཛིན་གྲུབ་པའི་རྟུལ་ཞུགས་ཀྱི་སྤྱོད་པ།།
གང་དགའ་གླུ་རུ་ལེན་མཁས་དཔལ་དགྱེས་པ་རྡོ་རྗེས།།
འཁོར་འདས་དབང་བསྒྱུར་ནུས་པའི་ཟློས་གར་ལ་རོལ་ལོ།།
དབྱིན་ཡུལ་འཛམ་གླིང་རྒྱལ་མཁར་ནས་ཤྲཱིཿཨེ་མ་ཧོས་
སྤྱི་ལོ་༢༠༡༩ ཟླ་བ༡༡ ཚེས་༣ལ།།

Leave a Reply

Your email address will not be published. Required fields are marked *