November 2019

རིག་འཛིན་དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་བདེན་པ་རིན་པོ་ཆེ་ཞེས་བྱ་བ།
ལེའུ་དང་པོ། ལོ་གཅིག་ནས་གཉིས་བར།
བདེན་གཉིས་ཀྱི་གཤོག་ཟུང་མཁའ་ལ་བསྐྱོད།།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀ་དག་ཆོས་དབྱིངས་ངང་ལས་མ་གཡོས་བཞིན།།ལྷུན་གྲུབ་འོད་གསལ་རིག་འཛིན་མཐར་ཕྱིན་སྐུ།།སངས་རྒྱས་ཡེ་ཤེས་སྐུ་དངོས་དྲག་སྔགས་གླིང་།།དཔལ་དགྱེས་རྡོ་རྗེའི་རང་གི་རྣམ་ཐར་འབྲི།།འགྲོ་བའི་མགོན་པོ་པདྨ་ཀ་ར་ཡི།།ཐུགས་ཀྱི་སྲས་མཆོག་སངས་རྒྱས་ཡེ་ཤེས་དཔལ།།པདྨ་དྲག་གླིང་དགྱེས་པ་རྡོ་རྗེའི་སྐུ།།བསམ་བཞིན་འགྲོ་དོན་ཕེབས་ལ་གསོལ་བ་འདེབས།།ཡབ་རྗེ་རྣལ་འབྱོར་ཞི་ཁྲོ་རབ་འབྱམས་དང་།།ཡུམ་ཆེན་བླ་མ་ཨོ་རྒྱན་སྒྲོལ་མ་ལ།།ངོ་མཚར་བལྟས་བཟང་དགེ་མཚན་རྟེན་འབྲེལ་བཅས།།ལྕགས་ཁྱི་ས་ཟླའི་ཚེས་པ་བརྒྱད་ལ་བལྟམས།།གངས་ལྗོངས་ཁྲྭ་སྟོད་གནམ་རྫོང་ཕྱུག་མོ་དང་།།དབང་རི་མཁར་དམར་གླང་ཆེན་འགྱིང་རིའི་མདུན།།མཚོའུ་དཀར་འཁྱིལ་སྒང་ལྷའི་གཡས་ཐང་དུ།།སྐུ་མཆོག་མཚན་དཔེའི་པདྨོ་གསར་ཏུ་བཞད།།མཁན་ཆེན་དམ་པ་འཇིགས་མེད་རྣམ་རྒྱལ་གྱིས།།འཇམ་དཔལ་སྨྲ་སེང་བྱིན་རླབས་དབང་བསྐུར་མཛད།།གསར་རྙིང་རྒྱུད་བཞིན་དཔལ་དགྱེས་རྡོ་རྗེ་གསོལ།།དཔལ་དགའ་དཔལ་ལོ་དཔལ་གཅེས་ཞེས་སུ་གྲགས།།གསོལ་འདེབས་བྱ་ཡུལ་ཨོ་རྒྱན་རིན་པོ་ཆེ།།ཡི་དམ་མཛད་པ་ཞི་ཁྲོ་རབ་འབྱམས་ཚོགས།།མཁའ་འགྲོ་རྗེ་བཙུན་སྒྲོལ་མ་ཉི་ཤུ་གཅིག།ཆོས་སྐྱོང་གེ་སར་རྒྱལ་པོ་ཁོ་ན་བསྟེན།།ཉིན་མོས་སྐབས་སུ་བླ་ནས་རྗེས་གནང་བསྐུར།།མཚན་མོའི་རྨི་ལམ་འོད་གསལ་མངོན་སུ་མཇལ།།ཉིན་མཚན་བར་མེད་དད་དང་སྙིང་རྗེ་བརྟས།།བུདྡྷ་ཛྙཱ་ནའི་རྟོགས་པ་རྒྱུད་ལ་འབྱོར།།འཁོར་བ་སྙིང་པོ་མེད་པའི་ངོ་བོ་ཤེས།།དལ་འབྱོར་དོན་ལྡན་འབད་པ་རང་བཞིན་སྐྱེས།།ཕ་མའི་བྱམས་བརྩེས་སྐྱོང་བའི་ཐུགས་རྗེའི་མཐུས།།འཇམ་དཔལ་དགྱེས་པའི་རྡོ་རྗེ་དོན་ལ་གནས།།བཀའ་དྲིན་ཟླ་བྲལ་སྟོན་པ་རྡོ་རྗེ་འཆང་།།འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བ་ཡིས།།དབྱངས་གསལ་བརྡ་དག་ཆོས་སྤྱོད་སློབ་པའི་ཚེ།།མ་འདྲིས་སེམས་ལ་གསལ་བས་ཨེ་མ་ཧོ༔ དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་ལེའུ་གཉིས་པ། ལོ་གསུམ་ནས་བདུན་བར།བླ་མ་ཡི་དམ་བསྙེན་སྒྲུབ་དུང་མཛད་པའི།།དབྲ་ཆེན་ཨ་མྱེ་ཞི་ཁྲོ་རབ་འབྱམས་འདས།།ལོ་གསུམ་གོང་ནས་ཡབ་ཡུམ་གཉིས་ཀའི་ཚབ།།དྲིན་ཆེན་ཨ་མ་ཨོ་རྒྱན་སྒྲོལ་མས་མཛད།།ཉིན་མཐོང་དུར་ཁྲོད་མི་རོས་ཚོགས་འཁོར་དང་།།མཚན་མོར་ལྷ་འདྲེའི་འདུ་ར་བགྲོ་གླེང་རིགས།།མི་ཆོས་བླ་མ་བདེན་མཐོང་ངེས་འབྱུང་སྐྱེས།།ཐར་ལམ་འཇུག་པའི་དགེ་འདུན་ཡང་དག་གྱུར།།སྲོག་ཆགས་ཕྲ་མོའི་ཡན་ལ་སྙིང་རྗེ་དང་།།ལྷན་སྐྱེས་གཞན་ཕན་སྒྲུབ་པའི་བྱིས་པ་ལ།།ཡུལ་མི་ཕལ་ཆེར་ཡ་མཚན་ཆེན་པོ་གྱུར།།བདེན་པ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས།།ཁྱད་པར་གཏེར་ཆེན་གསང་སྔགས་གླིང་པ་ཡིས།།འཁྲུལ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས།།གནུབས་ཆེན་སྤྲུལ་པ་པདྨ་དྲག་སྔགས་གླིང་།།དཔལ་དགྱེས་རྡོ་རྗེའི་སྐྱེས་རབས་ལུང་བསྟན་མཛད།།ཁྲོམ་དགེ་ཨ་རིགས་ཕུར་བུ་རྡོ་རྗེ་ཡིས།།ཡང་སྤྲུལ་གསུང་ལ་བདེན་ཚིག་ཆེན་པོར་བསྒྲགས།།དྲིན་ཆེན་མ་དང་འཇིགས་མེད་རྣམ་རྒྱལ་གྱིས།།གསང་རྒྱ་སྦས་ནས་སྐྱབས་འགྲོའི་གདམས་པ་བསྩལ།།གཉེན་འབྲེལ་འགའ་རེས་སྐྱག་ཁ་རུལ་བ་བཏགས།།ཏང་གི་གནམ་རྒན་མ་ཚང་བཙན་དྲག་པས།།རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་ལས།།ཨ་མ་རྗེ་དང་ཨ་ཡེ་བཞེད་པོར་བཅས།།ལྐོག་ཆོས་ཀུན་བཟང་བླ་མའི་ཞལ་ལུང་ཞུས།།སྔོན་འགྲོ་འབུམ་ལྔ་དང་པོ་དེ་ནས་བསགས།།དཀར་མེའི་འོད་ནས་དགུང་ཚོགས་རྒྱུན་འདོན་དང་།།མཉམ་ལས་ཤེ་ཁག་ནང་ནས་ཁོ་ལག་རྫོགས།།དཔལ་གཅེས་དཔལ་ལོ་ཀུན་གྱིས་གཅེས་ཕྲུག་གྱུར།།ནོར་ལུག་འཚོ་ཞིང་ན་རཀ་དོང་སྤྲུགས་དང་།།གེ་སར་སྒྲུང་ཡིག་པདྨ་བཀའ་ཐང་བྱང་།།རྩ་གསུམ་བསྙེན་ཅིང་ཁ་ཏོན་རྒྱུན་དུ་བྱས།།དད་གུས་དག་སྣང་བདེན་པའི་ངེས་ཤེས་འཁྲུངས།། དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་ལེའུ་གསུམ་པ།ལོ་བདུན་ནས་བཅུ་བར་དུའོ།།ཡ་རུ་བེའི་ལི་ལུ་གུ་འཚོ་སྐྱོང་དང་།།རྟ་ནོར་ལུག་ལ་རང་ཁྱིམ་གྲོགས་བཞིན་བྱམས།།དུད་འགྲོ་རྣམས་ཀྱང་གུས་པའི་ངག་བཞིན་ཉན།།ཀུན་ལ་ཁྲོ་གཏུམ་དབེན་པས་མཐུན་གྲོགས་མང་།།ཨ་མཚོ་ཞེ་ཇོ་སྐྱ་བྷོག་ལ་སོགས་པས།།གཅེས་པའི་བུ་ལ་དཀར་དྷཱིས་ཞེས་སུ་གསོལ།།འབྲོག་སྡེའི་ལྷས་ར་ཁྲ་མོ་གྲུ་བཞི་ན།།སེམས་ཚོར་དགའ་དུང་བདུད་རྩི་བཞིན་དུ་འཁྱིལ།།བུ་ལ་གཅེས་པའི་འོ་སྤྲིས་མངར་མོ་སོགས།།གང་གཅེས་གང་དམར་ཡོད་དགུ་བདག་ལ་ཕུལ།།བྱམས་བརྩེའི་མ་མ་དེ་ཚོ་བརྗེད་ཐབས་བྲལ།།མ་ཎིས་བསྔོ་སྨོན་བྱེད་པ་ནམ་རྒྱུན་མཆིས།།བཟོད་པ་རབ་ཚེ་ཟེར་བའི་ཏང་ཡན་ཚོས།།དཔལ་ལོ་མཐོང་ཚེ་ཞི་གནས་ལྷིང་འཇགས་གནས།།དགྱེས་པའི་ཟླ་གཟུགས་སྙིང་ནས་དྲན་དུས་སུ།།རྡོ་རྗེ་གྲོ་ལོད་རྒྱལ་འགོང་འདུལ་དང་མཚུངས།།ཕྱུགས་ཟོག་བདག་པོ་བྱས་པའི་དགེ་མཚན་དང་།།ཨ་མའི་ལག་གཡོག་བྱས་པའི་གྲུབ་འབྲས་ལས།།ལོ་རེར་ཨང་ཀི་མང་དང་གཟེངས་རྟགས་རིགས།།ཨ་མ་བླ་མ་དགྱེས་པའི་ཐབས་སུ་འབུལ།།ནང་བཞིན་སྐྱབས་འགྲོ་ཨོ་རྒྱན་རིན་པོ་ཆེ།།ཉིན་དཀར་བཀའ་བསྡུས་བསྐང་བཤགས་བསགས་པ་དང་།།མཚན་མོ་རྟག་ཏུ་སིདྡྷི་གསོལ་འདེབས་ནི།།ནམ་རྒྱུན་མཛད་པ་འཆི་ཁའི་ནད་པ་བཞིན།།སྣང་བ་སྒྱུ་མའི་གྲོང་ལ་གནས་ན་ཡང་།།སྲིད་པ་འཁོར་བའི་ཆོས་ལ་ཞེན་པ་ལོག།མ་ལ་བརྩེ་ཞིང་འགྲོ་ལ་བྱམས་པ་འདིས།།ཀུན་ལས་ཁྱད་འཕགས་ཁྲྭ་ལྗོངས་དབུས་ན་མཛེས།།སྙིང་གི་བླ་མ་ཡིད་བཞིན་ནོར་བུ་ལ།།སེམས་ཀྱི་དད་ལ་སངས་རྒྱས་དངོས་སུ་མཇལ།།གཤིན་རྗེའི་དྲུང་དུ་བྱིན་ཡང་ཉམས་ང་བྲལ།།འཁོར་འདས་རང་གཤིས་སེམས་ཀྱི་ཀློང་ན་གསལ།།འོན་ཀྱང་ལས་འབྲས་མིག་གི་འབྲས་བཞིན་སྲུང་།།རང་སྣང་དགུང་ལས་མཐོ་བའི་ང་རྒྱལ་མེད།།དྲིན་ཆེན་མ་ལ་སྙིང་དང་སྲོག་ལས་གཅེས།།ཨ་ཡེས་སེམས་ཀྱིས་གཉོར་བ་ཉུང་ཉུང་མིན།།ཆོས་སྤྱོད་ཆོ་ག་ཁྱིམ་པའི་ནང་ནས་ཤེས།།དད་དང་ངེས་འབྱུང་ཡིད་ཀྱིས་གཏིང་ནས་སྐྱེས།།བསྟན་དང་འགྲོ་ལ་ཕན་བདེའི་སེམས་བསྐྱེད་བཅས།།ལྷུན་གྲུབ་གཤིས་ལ་རྫོགས་པ་ཨེ་མ་ཧོ༔རང་བྱུང་སེམས་ཀྱི་སྒྲུང་ལ་ཟད་མཐའ་མེད།།མགོ་བོ་ཐུར་ལ་བསྟན་ནས་གོམས་པ་དོར།།མགུར་གླུ་སྙན་མོས་སྤྱི་ཚོགས་རུ་ཁག་སད།།སེམས་ཀྱི་མུན་པ་སེལ་བའི་ཉི་མར་གྲགས།།མེས་པོའི་སྙིང་སྟོབས་རྡོ་ལ་རི་མོ་བརྐོས།།ཐང་ཀའི་སྟན་དང་མ་ཎིའི་ཐབ་རྡོ་སོགས།།ཕ་བླ་གཙོང་བའི་གཞན་རྗེས་འདྲིངས་བའི་རིགས།།ཟུར་ཙམ་དབེན་པའི་ཞབས་རྗེས་ཤིན་ཏུ་བཟང་།།ཤ་ཁྲག་མི་ཟ་རི་བོང་རྩ་གཟན་བཞིན།།འཕྱོར་མཛེས་མི་དགོས་གནས་བརྟན་དགྲ་བཅོམ་མཚུངས།།དྭ་ཕྲུག་དཔལ་དགྱེས་གཞན་དང་མི་འདྲ་ཞེས།།རྫ་དམར་བརྒྱད་པའི་ནང་ན་ལྷང་ངེར་མངོན།།སྐྱོ་གདུང་ཡིད་ཀྱི་ན་བུན་འཐུགས་ན་ཡང་།།སེམས་ཀྱི་ཨ་མའི་བཞིན་རིས་ཟླ་ཟེར་ལས།།ཉམ་ཆུང་སྐྱིད་པའི་སྦྲ་ནག་གྲུ་བཞིའི་ནང་།།ཚངས་དང་ལྷ་དབང་ལས་ལྷག་སྐལ་བ་བཟང་།།དྲིན་བྱས་མ་ལ་དྲིན་ལན་འཇལ་བ་དང་།།དྲིན་ཆེན་སྒོ་ཕྱུགས་གཉེར་བའི་གངས་ཕྲུག་ལ།།ལྷག་བསམ་སྟོན་ཟླ་ལས་ལྷག་ཡངས་པ་ཉིད།།སྤྱི་དཔོན་ཁྲྭ་རྒན་གསར་དུ་མ་འཁྲུངས་སམ།།དཔྱིད་ཀྱི་ལུ་གུ་མེ་ཏོག་བརྩེ་གྲོགས་བྱས།།དབྱར་གཞུང་མེ་ཏོག་སེར་ཆེན་ཟླ་བོ་ལ།།སྟོན་དུས་སྤྲིན་བྲལ་ཟླ་བའི་ངོགས་ལ་གཟིགས།།དགུན་ཁའི་གནམ་རྫོང་ཕྱུག་མོ་དྲན་པར་བརྟས།།རག་སྤྲུལ་ཀུན་བཟང་རྫི་བོའི་གྲོགས་བཟང་ཡིན།།འཇིགས་མེད་རྣམ་རྒྱལ་རྩ་བའི་བླ་མ་ཡིན།།བློ་གྲོས་བཟང་པོ་འགྱུར་མེད་རྩེ་རོགས་ཡིན།།དྲིན་ཆེན་ཨ་མ་སྙིང་གི་ནོར་བུ་ལགས།།དུས་བཞི་ལ་ཡང་གངས་དཀར་འདབ་ནས་བརྩེགས།།ཆུ་ཤེལ་དཀར་པོས་མཛེས་པའི་ཕ་ཁྱིམ་དེ།།ནང་སེམས་བརྗེད་མེད་མེ་ལོང་ངོགས་སུ་གསལ།།གཏན་དུ་འཆར་བ་ཛམ་གླིང་གཞུ་གསུམ་མདོ།།སྐྱེས་ནས་བཟུང་སྟེ་ད་བར་མི་ཚེའི་ཁྲོད།།རྨི་ལམ་ཐུང་ཐུང་ནང་གི་མཐོ་སྒང་དང་།།ཚང་མ་དྲན་པའི་ཀློང་དུ་གསལ་ན་ཡང་།།ནང་གྲོགས་དགའ་སྐྱོའི་གཏམ་ཀུན་གླེང་ཚོད་མེད།།ཆུང་ནས་བླ་མ་སངས་རྒྱས་མ་འབྲལ་ཞིང་།།གདམས་ངག་གསན་དང་ཨ་མའི་བཀའ་མཆིད་ཀུན།།སེམས་ལ་བཟུང་ཞིང་སྤྱོད་ལམ་འཇུག་ལ་རྣམས།།ལོ་བཅུ་གོང་ནས་མཛད་པར་ཨེ་མ་ཧོ༔

Leave a Reply

Your email address will not be published.