January 2020

ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་པ་སྔོན་འགོག་བྱེད་ཐབས
སྤྱིར་ཕྲན་ཆུང་ནི་ཨེ་འགོག་རང་འདུན་པ་ཞིག་ཡིན་པས།ནམ་རྒྱུན་ཨེ་འགོག་ཐད་ནས་རྒྱུན་ཤེས་དྲིལ་སྒྲོག་བྱ་མཁན་ཞིག་ཡིན་ལ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་ནད་དུག་འདི་ཨེ་ཛི་མིན་ལ་ཨེ་ཛི་དང་འབྲེལ་བ་མེད་རུང་།འགོ་ཚད་དང་ཚེ་སྲོག་འཆོར་ཚད་སོགས་གང་ཅིའི་ཐད་ནས་ཨེ་ཛི་ལས་ཚབས་ཆེ་བར་འདུག་ལ།མི་མང་པོས་དྲྭ་ལམ་བརྒྱུད་ནས་དྲི་བ་འདོན་ཡོང་བཞིན་འདུག་ཕྱིན།གཅིག་གྱུར་གྱིས་ལན་འདི་དག་གྲ་སྒྲིག་བྱས་པའོ། །
ད་ཐེངས་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་གློ་ཚད་གསར་པ་འདི་ཏོག་དབྱིབས་ནད་དུག་གི་རིགས་ཁོངས་སུ་གཏོགས་ཤིང་།དེ་སྔོན་མིའི་རིགས་ལ་འགོ་སྲིད་པའི་ཏོག་དབྱིབས་ནད་དུག་རིགས་དྲུག་སྙེད་ཡོད་ཅིང་། ད་ཐེངས་ཝུའུ་ཧན་ནས་བྱུང་བའི་ནད་དུག་འདི་བརྩིས་ན།མིའི་རིགས་ལ་འགོ་སྲིད་པའི་ཏོག་དབྱིབས་ནད་དུག་རིགས་བདུན་ཡོད་པ་རེད་ཟེར།
ཕྱི་ལོ༢༠༡༩ལོའི་ཟླ༡༢པ་ནས་བཟུང་།ཝུའུ་ཧན་གྲོང་ཁྱེར་དུ་ངོས་མི་ཟིན་པའི་ནད་དུག་གསར་པའི་གློ་ཚད་བསྟུན་མར་བྱུང་ཞིང་། ཕྱི་ལོ༢༠༢༠ལོའི་ཟླ༡ཚེས༨ཉིན་དངོས་སུ་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་པ་ཞེས་མིང་བཏགས་པ་ཞིག་རེད་འདུག
ནད་དུག་འདི་བྱུང་ནས་ད་བར་ཟླ་བ་གཉིས་ཀྱང་སོང་མེད་རུང་།ཧུའུ་པེ་ཞིང་ཆེན་ནས་ནད་པ༤༤༤བྱུང་ཡོད་པ་གསར་བསྒྲགས་བྱས་འདུག་ལ། དེ་ལས་ནད་པ༡༧གྱི་ཚེ་སྲོག་ཤོར་ཚར་འདུགཟླ་བ༡ཚེས༢༣ཉིན་གྱི་གསར་བསྒྲགས་ལྟར་ན། ད་བར་དུ་རྒྱལ་ཡོངས་ས་ཆ་སོ་སོ་ནས་གསར་རྙེད་བྱུང་བའི་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་པའི་ནད་པ༥༧༡འདུག་ཅིང་།དེ་དག་ནི་ཧུའུ་པེ་དང་། ལའོ་ནིང་། ཨན་ཧེ། ཧུ་ནན། ཧྥུ་ཅན། ཀའེ་ཀྲུའུ། སི་ཁྲོན།ཁྲོང་ཆིང་། ནིང་ཤ། ཧྲན་ཞི། ཀང་ཞི། ཧི་ནན། ཧྲན་ཏུང་། ཧི་པེ་སོགས་ཞིང་ཆེན༢༠ལྷག་དང་ཨ་རི་དང་འཇར་པན་ལ་སོགས་ཕྱིའི་རྒྱལ་ཁབ༤ནས་ནད་པ་གསར་རྙེད་བྱུང་འདུག
གཅིག ནད་དུག་གི་འབྱུང་ཁོངས་སྐོར།
སྤྱིར་ཏོག་དབྱིབས་ནད་དུག་ལ་འབྱུང་ཁོངས་ཀྱི་ཐད་ནས་དབྱེ་ན་རིགས་ཆེན་པོ་བཞི་ཡོད་པར་བཤད་ཅིང་།དེ་ལས་འོ་འཐུང་སྲོག་ཆགས་ཏེ། ཕ་ཝང་དང་ཕག ཁྱི། བྱི་ལ། ཙི་གུ། ཟོགརྟ་སོགས་ལས་བརྒྱུད་པའི་ཏོག་དབྱིབས་ནད་དུག་ནི་ཨར་ཧྥ་དང་པེ་ཐའི་རིགས་ཀྱི་ཏོག་དབྱིབས་ནད་དུག་ཏུ་གཏོགས་ལ།པེ་ཐའི་རིགས་ཀྱི་ཏོག་དབྱིབས་ནད་དུག་ལ་རིགས་ཀ་པ་དང་ཁ་པ།ག་པ་དང་ང་པ་ཞེས་མི་འདྲ་བར་བཞི་དབྱེ་རྒྱུ་ཡོད་ཅེས་གསུངས་འདུག གཞན་གཉིས་ནི་འདབ་ཆགས་ཏེ།ཁྱིམ་བྱ་དང་བྱ་དེ་མགྲིན་དམར། བྱིའུ། བྱ་གག། ངང་པ། ཕུན་རོན་སོགས་ལས་བརྒྱུད་པའི་ཏོག་དབྱིབས་ནད་དུག་ཀ་མ་དང་དར་ཐའི་རིགས་ཀྱི་ཏོག་དབྱིབས་ནད་དུག་ཏུ་གཏོགས་པ་རེད་ཟེར། གཞན་ད་ཐེངས་ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་ནད་དུག་འདི་གོང་གི་འབྱུང་ཁོངས་ཐད་ནས་དབྱེ་བའི་རིགས་བཞི་ཡོད་པ་ལས་གང་གི་ཁོངས་སུ་གཏོགས་པའི་སྐོར་ད་དུང་གསལ་བོ་ཞིག་བཤད་མི་འདུག
གཉིས། ནད་དུག་གི་འགོ་ལམ་སྐོར།
ནད་དུག་འདིའི་ལོ་ལམ་ནི་གཙོ་བོ་ཁ་སྣ་གཉིས་ཡིན་རུང་།ཁྱིམ་དུ་གློ་ཚད་གསར་བའི་ནད་པ་བྱུང་མཁན་གྱི་ཁྱིམ་ཚང་ཡིན་ན། ཁྱིམ་མི་གཞན་པ་ཚོས་ནད་པས་སྤྱོད་མྱོང་བའི་གོན་པ་དང་ཅ་ལགཁྱིམ་ཆས་སོགས་ལ་དུག་སེལ་ཡང་དག་བྱེད་དགོས་ལ། རང་ཉིད་ཀྱི་རྨ་ཁ་དང་འབྱར་སྐྱི་སོགས་ལའང་དུག་སེལ་ཡག་པོ་བྱེད་དགོས་ཞེས་གསུངས་འདུག
གསུམ། ནད་དུག་འདི་སྔོན་འགོག་བྱེད་ཐབས།
༡ ཕྱོགས་ཡར་མར་ལ་འགྲོ་འདུག་མི་མང་བ།
༢ མི་མང་ཚོགས་ས་རུ་མི་འགྲོ་བ།
༣ནམ་རྒྱུན་གྲོང་ནང་དུ་འགྲོ་སྐབས་སྨན་སྤྱོད་ཁ་ཤུབས་དང་། N95ཡི་ཚད་གཞིར་སླེབས་ཡོད་པའི་ཁ་ཤུབས་བེད་སྤྱོད་བྱ་བ།
༤ དུས་རྒྱུན་ལག་པ་འདག་ཆལ་གྱིས་ལེགས་པོ་བཀྲུ་བ་དང་། སྦུག་ཆུ་སོགས་འབབ་ཆུའི་ནང་དུ་ལེགས་པོར་བཤལ་བ།
༥ ཚོགས་ཁང་དང་སློབ་ཁང་སོགས་ཀྱི་སྒོ་དང་སྒེའུ་ཁུང་ལེགས་པར་ཕྱེ་ནས་མཁའ་དབུགས་ལེགས་པོར་རྒྱུ་རུ་འཇུག་པ་སོགས་སོ།།
༦ སྦྲིད་པ་བརྒྱབས་རྗེས་ལག་པ་མ་བཀྲུས་པར་མིག་འཕུར་བ་སོགས་བྱ་མི་རུང་།
༧ གོང་སྔོན་འགོག་བྱེད་ཐབས་ཚང་མ་སྤྱད་རྗེས།གཟུངས་སྔགས་རྡོ་རྗེ་གོ་ཁྲབ་སོགས་བཟླས་ན། རིག་སྔགས་ཀྱི་ནུས་པས་ཀྱང་ཕན་ཆེན་པོ་ཐོགས་སྲིད་པས།རྣམ་པ་ཚོས་རང་རང་གི་ས་ནས་བླ་མ་ཚད་ལྡན་རེའི་མདུན་རིག་སྔགས་འདི་ཞུས་ཤིང་བཟླ་བར་མཁྱེན། ཨོཾ་པདྨ་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔
བཞི། ནད་དུག་འདི་ལ་ནད་རྟགས་གང་དག་ཡོད།
ལུ་བ་རྒྱུན་མི་འཆད་པ་དང་།ཚ་བ་མཐོན་པོར་རྒྱས་པ། དབུགས་ལེན་དཀའ་བ་སོགས་ཀྱི་ནད་རྟགས་བྱུང་སྐབས་ངེས་པར་དུས་ལྟར་དུ་བརྟག་བཤེར་བྱ་རུ་འགྲོ་དགོས།ཡིན་ནའང་། འགྲོ་སྐབས་ཅི་ནུས་ཀྱིས་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ནང་མི་འགྲོ་ཞིང་།མྱུར་སྐྱོབ་རླངས་འཁོར་དང་སྒེར་འཁོར་སོགས་ཀྱི་ནང་འགྲོ་བ་དང་།དེའང་ཁྱིམ་མི་སོགས་ནད་གཡོག་མང་པོ་མི་ཁྲིད་པ་དང་། མཉམ་འགྲོ་བྱེད་མཁན་ཚང་མས་དོགས་ཟོན་ནན་མོ་བྱ་བ་དང་།དུས་ལྟར་རྟོག་ཞིབ་ནན་མོ་བྱ་བ་ནི་རང་གཞན་ཚང་མར་འགན་ཁུར་བའི་རྟགས་ཤིག་ཡིན་ནོ། །
ལྔ། ནད་དུག་འདི་ལ་བརྟག་བཤེར་ཅི་ལྟར་བྱ་དགོས།
ནད་དུག་འདི་ཡོད་མེད་བརྟག་བཤེར་བྱ་སྐབས་ཉིང་སྐྱུར་བརྟག་ཐབས་ཤིག་བྱུང་ཡོད་པར་བཤད་ཀྱང་།ད་རུང་དྲྭ་ཐོག་ཏུ་འབྲེལ་ཡོད་བརྟག་ཤོག་ནི་བཙོང་རྒྱུ་བྱུང་མི་འདུག་པས།ངེས་པར་དུ་ཚད་ལྡན་སྨན་ཁང་ལས་ཞིབ་པར་བརྟག་དགོས་ཀྱི། ད་ལྟར་མ་བྱས་ན། ནད་དུག་འགོས་ནས་ཉིན་ཤས་ཀྱི་རྗེས་ནས་དབུགས་ལེན་མི་ཐུབ་པ་སོགས་སུ་གྱུར་ནས་ཚེ་སྲོག་འཆོར་བའི་ཉེན་ཁ་ཡོད་པ་རེད།གཞན་ད་དུང་ཤེས་དགོས་པ་ཞིག་ལ། གློ་གཅོང་དང་རྒྱུན་ལྡན་གློ་ཚད་སོགས་ལའང་གོང་གི་ནད་རྟགས་དག་ཡོད་སྲིད་པས།ངེས་པར་དུ་ཚད་ལྡན་སྨན་ཁང་ནས་བརྟག་བཅོས་ཡང་དག་གནང་རོགས།
དྲུག ནད་དུག་འདི་སྨན་བཅོས་བྱ་ཐབས།
ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་པ་འདི་ལ་ད་བར་སངས་བཅོས་ཐུབ་པའི་སྨན་དམིགས་བསལ་བ་གཅིག་ཀྱང་བྱུང་མེད་རུང་།སྔ་བརྟག་དང་སྔ་བཅོས་བྱས་ན། རྟགས་བསྟུན་སྨན་བཅོས་ཀྱིས་ཕན་ངེས་ཅན་ཐོགས་བཞིན་ཡོད་པས།ད་བར་ནད་པ༡༩སངས་བཅོས་ཐུབ་ཅིང་ཕྱིར་རང་ཁྱིམ་དུ་ལོག་ཟིན་འདུག ད་རུང་ཝུའུ་ཧན་སློབ་ཆེན་གྱི་ཀྲུང་ནན་སྨན་ཁང་ཆེན་མོས་གློ་ཚབ་རམ་འདེགས་ཀྱི་སྨན་བཅོས་བྱེད་ཐབས་ཤིག་སྤྱད་ནས་མི་གཅིག་སངས་བཅོས་བྱུང་ཡོད་པའི་སྐོར་ཀྱང་གསུངས་བཞིན་འདུག་པས།དངངས་སྐྲག་ཐལ་དྲགས་པ་བྱ་མི་རུང་ལ། འབྲེལ་ཡོད་གཏམ་འཆལ་སྤེལ་མི་རུང་ཞིང་།ནམ་ཡང་རང་ལུས་རིན་པོ་ཆེ་ལ་བདག་སྲུང་ལེགས་པོ་གནང་རོགས་ཞེས།

ཨེ་འགོག་རང་འདུན་པ།ཆོས་དཔལ་བཟང་པོས།
ཕྱི་ལོ༢༠༢༠ལོའི་ཟླ༡ཚེས༢༢ཉིན།སྤོས་ལྡན་ནས།

Leave a Reply

Your email address will not be published.