February 2020

༼༢༤༽ སྐུ་གསུམ་དགོངས་འདུས་ལས༔ གུ་རུ་རཏྣ་ཐོད་ཕྲེང་རྩལ་གྱི་གཡང་སྒྲུབ་ནོར་བུ་འོད་འབར་ཞེས་བྱ་བ་བཞུགས་སོ༔

གུ་རུ་རཏྣ་ཐོད་ཕྲེང་རྩལ་ལ་འདུད༔ མ་འོངས་དུས་སུ་ཕྱི་ནང་འབྱུང་བཅུད་ཉམས༔ དབུལ་ཕོངས་མུ་གེས་འགྲོ་རྣམས་ཉམས་ཐག་ཚེ༔ དགོས་འདོད་ཀུན་འབྱུང་ནོར་བུ་འོད་འབར་འདི༔ པདྨ་བདག་གིས་འགྲོ་ལ་བརྩེ་བས་གདམས༔ ས་མ་ཡ༔ བཀྲ་ཤིས་གཡང་ཆགས་རྒུད་སྐྱོན་མ་གོས་པའི༔ གཡང་གི་རྫས་ཀྱིས་ཕྱུར་བུར་བཀང་བ་ཡི༔ བཀྲ་ཤིས་བུམ་བཟང་བཀྲ་ཤིས་གཡང་རྭའི་དབུས༔ སྐུ་གསུང་ཐུགས་ཀྱི་རྟེན་བཅས་མཆོད་པས་སྤྲས༔ བདག་གི་རྣལ་འབྱོར་བླ་མའི་ལས་གཞུང་བསྲང་༔ རྒབ་འདྲེ་བསྐྲད་ཅིང་དམ་རྨུག་བརྩོག་མནོལ་གྲིབ༔ བསངས་ཁྲུས་དག་བྱེད་སྲུང་བའི་འཁོར་ལོ་བསྒོམ༔ མཆོད་བརླབ་རྟེན་བསྐྱེད་སྤྱན་འདྲེན་བཞུགས་གསོལ་དང་༔ ཕྱག་མཆོད་བསྟོད་བཟླས་ཐུགས་དམ་བསྐུལ་བ་དང་༔ དངོས་གྲུབ་ལེན་དང་བཀྲ་ཤིས་གཡང་གཏད་དང་༔ གཏའ་སྡོམ་སྨོན་ལམ་བཀྲ་ཤིས་སྤེལ་བའོ༔ དང་པོ་སྒབ་འདྲེ་བསེ་རག་བསྐྲད་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་པདྨ་ཧེ་རུ་ཀཿ ཉོན་ཅིག་བསེ་རག་དབུལ་སྲི་ལྟོགས་འགོང་ཚོགས༔ དབུས་ཀྱི་རི་རབ་ལྷོ་ཕྱོགས་འཛམ་གླིང་འདིར༔ སྤྱི་མཐུན་ཆོས་ནོར་ལོངས་སྤྱོད་སྤེལ་བ་ལ༔ རང་རང་ལས་ཀྱི་དབང་གིས་མི་འཚམས་པའི༔ དབུལ་སྲི་མི་ལ་བསེ་རག་ཞེས་བྱ་བ༔ གང་གི་རྒྱུ་ནི་སེར་སྣའི་རང་གཟུགས་ཏེ༔ རྐྱེན་ནི་རྒྱུ་མཐུན་ཡི་དྭགས་ཡིད་ཀྱི་ལུས༔ སྣ་ཚོགས་གཟུགས་སུ་བརྫུ་ཞིང་དཔལ་གཡང་རྐུ༔ སྣོད་བཅུད་རྟེན་འབྲེལ་ལེགས་ཚོགས་སྤེལ་བ་ལ༔ བྱུང་དང་མི་ཁ་གོད་ཁ་གང་སྟོང་སོགས༔ རྣམ་ཀུན་བར་ཆད་སྣ་ཚོགས་རྒབ་འདྲེ་སྡང་༔ ལྟོགས་འགོང་དབུལ་སྲི་འབྱུང་པོའི་སྡེ་ཚོགས་ཀུན༔ ཚྭ་རཾ་རྒོག་གཡེར་ལ་སོགས་མི་ཁའི་རྫས༔ རང་རང་ཡིད་མཐུན་ཡས་རྟགས་འདི་ལོངས་ལ༔ ལན་ཆགས་བུ་ལོན་འབྲེལ་ཐག་ཆོད་པར་གྱིས༔ མྱུར་དུ་མཐའ་ཡས་རྒྱ་མཚོའི་ཕ་མཐར་སོང་༔ བསྒོ་བའི་བཀའ་ལས་འདའ་ན་ལུས་ངག་ཡིད༔ ཡི་དམ་དྲག་ཏུ་ཁྲོས་པའི་ཏིང་འཛིན་གྱིས༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨུ་ཙ་ཊ་ཡ་ཕཊ྄ཿ ཡེ་ཤེས་ལྔ་ཡི་སྲུང་འཁོར་བརྟན་པར་སྒོམ༔ གཉིས་པ་དག་བྱེད་བསང་ཁྲུས་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷ་ཤིང་བསངས་ཀྱིས་མི་བསང་གང་ཡང་མེད༔ ཆབ་གཙང་ཁྲུས་ཀྱིས་མི་དག་གང་ཡང་མེད༔ གཙང་སྨེ་གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ཆར༔ བརྩོག་མནོལ་དམེ་ཡུག་མི་གཙང་གྲིབ་ཕོག་པས༔ ཕྱི་ནང་འབྱུང་འཁྲུགས་རྟེན་འབྲེལ་ཉེས་ཚོགས་ཀུན༔ འབྱུང་ལྔ་རྣམ་དག་ཡུམ་ལྔའི་མཁའ་དབྱིངས་ཀློང་༔ ཆོས་ཉིད་རྣམ་དག་དབྱིངས་སུ་དག་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ དེ་བཞིན་དུ༔ ཡྃ་ཧོྎ བྃ་ཧོྎ ལྃ་ཧོྎ རྃ་ཧོྎ ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ་ཨ་ཨ་སྭཱ་ཧཱ༔ གསུམ་པ་མཆོད་རྫས་ལ་སོགས་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ཐུགས་ལས་རྃ་ཡྃ་ཁྃ་གསུམ་འཕྲོས༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་གནས་ཡུལ་རིན་ཆེན་སེམས་དཔའི་ཞིང་༔ ཏྲཱྃ་ལས་ཡོ་བྱད་ནོར་བའི་དྲྭ་བ་མཛེས༔ ཧཱུྃ་ལས་མཆོད་སྤྲིན་མཁའ་དབྱིངས་གང་བར་གྱུར༔ རྃ་ཡྃ་ཁྃ༔ སྥ་ར་ཎ་ཕཊ྄ཿ བྷྲཱུྃ་ཏྲཱྃ་ཧཱུྃ༔ སྥ་ར་ཎ་ཁཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་བརླབས༔ བཞི་པ་མདུན་རྟེན་དམ་ཚིག་བསྐྱེད་པ་ནི༔ ཨོཾ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ྄ཿལས་ཆུས་བསངས༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་ཉིད་འོད་གསལ་དེ་བཞིན་ཉིད་དབྱིངས་ལས༔ རིག་པའི་རང་རྩལ་བྱང་ཆུབ་སེམས་ཀྱི་སྤྲིན༔ མདུན་དུ་འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང་༔ བྷྲཱུྃ་ལས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་༔ སྒོ་གྲུ་རྟ་བབ་ཕྱི་ནང་མཚན་རྫོགས་དབུས༔ རིན་ཆེན་ཁྲི་རྐང་རབ་མཐོ་པད་ཟླའི་གདན༔ རབ་ཏུ་ཡངས་ཤིང་འོད་ཕུང་འབར་བའི་དབུས༔ བདག་གི་ཐུགས་ལས་ཏྲཱྃ་ཡིག་སེར་པོ་འཕྲོས༔ འོད་ཟེར་འཕྲོ་འདུ་ཕྱི་ནང་འབྱུང་བཅུད་འདུས༔ འདོད་འབྱུང་རཏྣ་འོད་འབར་རྣམ་པར་གྱུར༔ སྐད་ཅིག་དྲན་རྫོགས་ཡིད་བཞིན་ནོར་བུའི་སྐུ༔ ཨོ་རྒྱན་བླ་མ་རཏྣ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་སྣུམ་བཙོ་མ་གསེར་གྱི་མདོག༔ ཞི་མ་ཁྲོ་ཉམས་རྗེས་ཆགས་འོད་རབ་འབར༔ ཞལ་གཅིག་ཕྱག་གཉིས་གཡས་པས་ནོར་བུ་དང་༔ གཡོན་པས་ནོར་སྐྱུགས་ནེའུ་ལེའི་རྒྱལ་བ་བསྣམས༔ པདྨའི་པྲོག་ཞུ་དར་དང་རིན་ཆེན་བརྒྱན༔ རང་འོད་རིན་ཆེན་ཕག་མོ་གཉིས་མེད་སྦྱོར༔ རིན་ཆེན་གྲི་ཐོད་ཕྱག་རྒྱ་ལྔ་ཡིས་བརྒྱན༔ སྤྱི་བོར་ཚེ་དཔག་མེད་མགོན་རིགས་ཀྱི་བདག༔ དམར་གསལ་མཉམ་བཞག་ཚེ་བུམ་ལོངས་སྐུའི་ཆས༔ ཕྱོགས་བཞིར་པདྨ་འདབ་བཞིར་ནོར་གྱི་ལྷ༔ ཤར་དུ་ཧཱུྃ་ལས་ཐུགས་མཆོག་ནོར་གྱི་ལྷ༔ མགོན་པོ་ཛམ་ནག་བཻ་ཌཱུརྻ་ཡི་མདོག༔ གནོད་སྦྱིན་མོ་མནན་བཞེངས་སྟབས་གསང་རྡོར་སྒྲེང་༔ གཅེར་བུ་ཁྲོ་གཏུམ་བརྗིད་ལྡན་གསུས་སྐྱེམས་རྒྱས༔ ཁམ་ནག་རལ་འཁྱིལ་སྦྲུལ་རྒྱན་ཐོད་ཁྲག་འཛིན༔ མཆན་ཁུང་གཡོན་དུ་ནོར་སྐྱུ་ནེའུ་ལེ་བསྣམས༔ ལྷོ་རུ་ཏྲཱྃ་ལས་ཡོན་ཏན་ནོར་གྱི་ལྷ༔ མགོན་པོ་ཛམ་སེར་འཛམ་བུ་ཆུ་གསེར་མདོག༔ ཞལ་གཅིག་ཕྱག་གཉིས་བརྗིད་ལྡན་གསུས་སྐྱེམས་རྒྱས༔ ཕྱག་གཡས་ཤིང་འབྲས་བིརྦ་རློན་པ་དང་༔ གཡོན་པས་ནོར་སྐྱུག་ནེའུ་ལེ་རྐྱལ་པ་འཛིན༔ རིན་ཆེན་པྲོག་གཞུ་དར་དང་རཏྣས་བརྒྱན༔ ནུབ་ཏུ་ཧྲཱིཿལས་དབང་གི་ནོར་གྱི་ལྷ༔ རིག་བྱེད་དམར་མོ་ཉི་མ་འཆར་ཁའི་མདོག༔ དམ་སྲི་མོ་མནན་བཞེངས་སྟབས་འགྱིངས་བག་ལྡན༔ ཅུང་ཟད་མཆེ་གཙིག་ཁྲོ་ཞིང་ཆགས་པའི་ཉམས༔ དབུ་སྐྲ་ཁམ་ནག་བསིལ་བས་སྐུ་རྒྱབ་ཁེབས༔ ཐོད་སྐམ་རྩེ་ཕྲན་རཏྣ་དར་དཔྱངས་མཛེ༔ ཞལ་གཅིག་སྤྱན་གསུམ་ཕྱག་བཞིའི་དང་པོ་གཉིས༔ པདྨས་མཚན་པའི་ལྕགས་ཀྱུ་ཞགས་པ་དང་༔ འོག་མ་གཉིས་ཀྱིས་པདྨའི་མདའ་གཞུ་འགེང༔ ནུ་མ་འབུར་ཞིང་སྟག་གི་ཤམ་ཐབས་སྤྲས༔ བདེ་ཉམས་རུས་རྒྱན་པདྨའི་ཆུན་པོ་དང་༔ དར་དང་རཏྣ་སྣ་ཚོགས་རྒྱན་གྱིས་བརྒྱན༔ བྱང་དུ་བཻ་ལས་ཕྲིན་ལས་ནོར་གྱི་ལྷ༔ རྣམ་མང་ཐོས་སྲས་སེར་སྨུག་ཆུ་གསེར་མདོག༔ སེངྒེ་ལ་བཅིབས་ལྷ་ཡི་གོ་ཁྲབ་བརྗིད༔ ཞལ་གཅིག་ཕྱག་གཉིས་གཞི་བརྗིད་ཉི་ལྟར་འབར༔ ཞི་མ་ཁྲོ་ཉམས་བརྗིད་ཆགས་སྣུམ་བག་ལྡན༔ ཞལ་གཅིག་ཕྱག་གཉིས་མདུང་དམར་རྒྱལ་མཚན་གཡས༔ གཡོན་པས་ནོར་སྐྱུ་ནེའུ་ལེའི་རྐྱལ་པ་འཛིན༔ དབུ་ལ་རིན་ཆེན་པདྨའི་པྲོག་ཞུ་གསོལ༔ སྙན་ཆ་མགུལ་རྒྱན་ནོར་བུའི་དོ་ཤལ་མཛེས༔ ཡེ་ཤེས་ལས་དང་འཇིག་རྟེན་ལས་གྲུབ་པའི༔ དངོས་གྲུབ་ཆར་འབེབས་རབ་འབྱམས་ནོར་ལྷས་བསྐོར༔ སྒོ་བཞིར་པད་ཟླར་ཛཿཧཱུྃ་བཾ་ཧོཿལས༔ ཚད་མེད་ཕྲིན་ལས་རྣམ་བཞིའི་ལྷ་མོ་བཞི༔ ཤར་སྒོར་འགུགས་བྱེད་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སྡོམ་བྱེད་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་རྨོངས་བྱེད་དམར་མོ་ལྕགས་སྒྲོག་འཛིན༔ བྱང་དུ་མྱོས་བྱེད་ལྗང་མོ་དྲིལ་བུ་འཛིན༔ གཅེར་བུ་རུས་རྒྱན་ལས་བཞིའི་ཉམས་ལྡན་གསལ༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཉི་ཟེར་རྡུལ་ལྟར་འཕྲོ་འདུའི་རང་བཞིན་གྱུར༔ གཙོ་བོའི་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ༔ གདན་གསུམ་ཚང་བ་ནམ་མཁའ་གང་བ་ཡིས༔ རྡོ་རྗེའི་གླུ་དང་མེ་ཏོག་ཆར་འབེབས་བཞིན༔ བཀྲ་ཤིས་རྣམ་པ་དུ་མས་དབང་བསྐུར་བས༔ ཕུང་པོ་ལྔ་དང་རྣམ་དག་ཡེ་ཤེས་ལྔ༔ མངོན་གྱུར་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར༔ ཏྲཱྃ་ཧཱུྃ་ཨོཾ་ཧྲཱི་ཨཱཿ ཨ་བྷི་ཥིཉྩ་མཾ༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན་པ་ལས༔ རྒྱལ་ཀུན་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཐུགས་སྲོག་འོད་ཀྱིས་བསྐུལ་བས་ཡེ་ཤེས་ཀྱིས༔ འཁོར་ལོ་མདུན་གྱི་ནམ་མཁར་ས་མཱ་ཛཿ ལྔ་པ་ཡེ་ཤེས་འཁོར་ལོར་སྤྱན་འདྲེན་ནི༔ ཧཱུྃ༔ གླིང་གི་གླིང་མཆོག་དག་པ་རྔ་ཡབ་གླིང་༔ དཔལ་རི་པདྨ་འོད་ཀྱིས་གཞལ་ཡས་ནས༔ རྩ་གསུམ་འདུས་ཞལ་གུ་རུ་ཡིད་བཞིན་ནོར༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་བསམ་ཡས་ལས༔ ཉམ་ཐག་འགྲོ་བའི་དབུལ་ཕོངས་སེལ་བའི་ཕྱིར༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ ཡེ་ཤེས་འཇིག་རྟེན་ལས་ལ་གྲུབ་པ་ཡི༔ རབ་འབྱམས་ནོར་ལྷ་རྒྱ་མཚོའི་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དྲུག་པ་གཉིས་མེད་བཞུགས་གསོལ་ནི༔ ཧཱུྃ༔ བཀྲ་ཤིས་འོད་འབར་གཡང་གི་ཕོ་བྲང་འདིར༔ ཐབས་ཤེས་ཉི་ཟླ་བཞུགས་གནས་དྭངས་རེ་སྤྲོ༔ གུ་རུ་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས༔ གང་འདོད་དངོས་གྲུབ་སྩོལ་ཕྱིར་དགྱེས་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བདུན་པ་ཕྱག་འཚལ་ནི༔ ན་མོཿ སྐྱེ་འགག་འགྱུར་མེད་ཕྲིན་ལས་རབ་འབྱམས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བའི་དབུལ་ཕོང་སེལ༔ དངོས་གྲུབ་ཆར་འབེབས་རྩ་གསུམ་ནོར་གྱི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོཿ བརྒྱད་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་འཕྲུལ་དགའི་ལོངས་སྤྱོད་བཞིན༔ ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་སོགས༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ རྩ་གསུམ་ནོར་ལྷའི་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་བཛྲ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱེ་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ མ་ཧཱ་ཏ་ན་ག་ཎ་པཱུ་ཛ་ཧོཿ དགུ་པ་རྡོ་རྗེ་གླུ་ཡི་བསྟོད་པ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོགས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་བསམ་ཡས་ལས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དགོས་འདོད་རེ་སྐོང་རབ་འབྱམས་ནོར་ལྷའི་རྗེ༔ དངོས་གྲུབ་ཆར་འབེབས་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་ནོར་ལྷ་མགོན་པོ་ཛམྦྷ་ལ༔ དབྱིག་གི་ཆར་འབེབས་བཻཌཱུརྻ་ཡི་མདོག༔ གྲི་ཐོད་འཛིན་ཅིང་སྦྲུལ་གྱི་ཆུན་པོས་བརྒྱན༔ དངོས་གྲུབ་ཀུན་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཏྲཱཾ༔ ཡོན་ཏན་ནོར་ལྷ་ཨརྻ་ཛམྦྷ་ལ༔ འདོད་རྒུ་མཆོག་སྩོལ་བཙོ་མ་གསེར་གྱི་མདོག༔ ཤིང་འབྲས་ནེའུ་ལེ་འཛིན་ཅིང་རཏྣས་བརྒྱན༔ འབྱོར་དྲུག་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ དབང་གི་ནོར་ལྷ་བཅོམ་ལྡན་རིག་བྱེད་ཡུམ༔ ཁམས་གསུམ་དབང་བསྡུད་པདྨ་རཱ་གའི་མདོག༔ ལྕགས་ཀྱུ་ཞགས་པ་པདྨའི་མདའ་གཞུ་འགེང་༔ མོས་བཞི་དབང་མཛད་ཡུམ་ལ་ཕྱག་འཚལ་བསྟོད༔ བཻཿ ཕྲིན་ལས་ནོར་ལྷ་བྱང་སྐྱོང་རྣམ་ཐོས་སྲས༔ རྒྱས་མཛད་གསེར་མདོག་རྩལ་ཆེན་སེངྒེ་བཞོན༔ མདུང་དམར་རྒྱལ་མཚན་ནོར་འཛིན་གོ་ཁྲབ་བརྗིད༔ འགྲོ་བའི་རོ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཛཿ སྒོ་བཞིར་ཚད་མེད་ཕྲིན་ལས་རྣམ་བཞིའི་ཡུམ༔ དཀར་སེར་དམར་ལྗང་རིགས་ཀྱི་ཕྲིན་ལས་མདོག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ ལས་བཞིའི་དངོས་གྲུབ་སྲུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཞན་ཡང་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་འདིར༔ དམ་ཚིག་ཐུགས་རྗེའི་དབང་གིས་འདུས་པ་ཡི༔ ཡེ་ཤེས་འཇིག་རྟེན་རབ་འབྱམས་ནོར་གྱི་ལྷ༔ སྤྲིན་ལྟར་གཏིབ་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བླ་མ་ནོར་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རྩེ་གཅིག་གསོལ་བཏབ་མཆོད་བསྟོད་བྱིན་རླབས་ཀྱིས༔ འགྲོ་རྣམས་དབུལ་བའི་སྡུག་བསྔལ་ལས་གྲོལ་ཏེ༔ དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ༔ བཅུ་པ་ཛཔ྄་བཟླ་བ་ནི༔ ཧྲཱིཿ རིགས་བདག་ཚེ་དཔག་མེད་མགོན་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿདམར་མཐའ་མར་རྩ་བའི་སྔགས༔ གཡས་འཁོར་འོད་ཀྱིས་རྒྱལ་མཆོད་དབང་བྱིན་བསྡུས༔ འཁོར་འདས་ཚེ་བཅུད་བདུད་རྩིའི་རྣམ་པར་དྲངས༔ ཕྱག་གི་བུམ་ནང་གང་ནས་ཕྱིར་ལུད་ཏེ༔ བདག་གི་ཚངས་བུག་ནས་ཞུགས་ལུས་ཀུན་གང་༔ ནད་གདོན་ཚེ་ཡི་བར་ཆད་ཀུན་ཞི་ཞིང་༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བསམ༔ ཨོཾ་ཨ་མ་ར་ཎི་ཛི་ཝནྟེ་ཡེ་སྭཱ་ཧཱ༔ ཅི་མང་བཟླས་པས་ནད་གདོན་བར་ཆད་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པ་དང་༔ དུས་མ་ཡིན་པའི་འཆི་བ་བཟློག་པར་འགྱུར༔ གཙོ་བོ་རཏྣ་ཐོད་ཕྲེང་ཐུགས་ཀ་རུ༔ ཟླ་སྟེང་རིན་ཆེན་འོད་འབར་ནང་ཁོངས་སུ༔ ཏྲཱྃ་མཐར་སྔགས་ཕྲེང་སེར་པོ་གཡས་སུ་འཁོར༔ འོད་འཕྲོས་ཕྱོགས་དུས་རྒྱལ་བ་རབ་འབྱམས་མཆོད༔ ཐམས་ཅད་གུ་རུ་རཏྣ་ཐོད་ཕྲེང་གི༔ ལྷ་སྔགས་ཕྱག་རྒྱའི་རྣམ་པར་སིབ་སིབ་བྱོན༔ བདག་མདུན་རྟེན་རྫས་ལ་ཐིམ་གཟི་འོད་འབར༔ འོད་ཟེར་མར་འཕྲོས་མ་དག་སྣོད་བཅུད་ཀྱི༔ བཅུད་ཉམས་རྒུད་པའི་དབུལ་ཕོངས་སྡུག་བསྔལ་བསལ༔ སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདི་ཉིད་ཁོ་ན་གཙོ་བོར་འབད་དེ་བཟླ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཐོབ༔ ཛམ་ནག་ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར༔ སྔགས་འཁོར་འོད་ཀྱིས་སྣོད་བཅུད་འབྱུང་བ་ལྔའི༔ བཅུད་བསྡུས་སྣ་ཚོགས་ནོར་བུའི་ཆར་བབ་སྟེ༔ གནས་ཁང་བང་མཛོད་ལྟེམ་ལྟེམ་གང་བར་བསམ༔ ཨོཾ་ཨིནྡྲ་ནི་མུ་ཁཾ་སྦྲ་མ་རི་སྭཱ་ཧཱ༔ ཞེས་བཟླས༔ རིན་ཆེན་དབྱིག་དང་ནོར་ཕྱུགས་འཕེལ༔ ཛམ་སེར་ཐུགས་ཀར་ཟླ་སྟེང་ཏྲཱཾ་སེར་མཐར༔ སྔགས་འཁོར་འོད་ཀྱིས་སྣོད་བཅུད་རྒུད་པ་སེལ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་རྒྱས༔ འབྲུ་ནོར་ལོངས་སྤྱོད་ཤིང་འབྲས་བིརྦ་ཡི༔ རྣམ་པར་ཆར་བཞིན་བསྡུས་ཏེ་ཡུལ་ཁམས་སའི༔ ཁྱོན་གང་འབྲུ་ནོར་ལོངས་སྤྱོད་རྒྱས་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཞེས་བཟླས༔ འབྲུ་ནོར་ས་བཅུད་ལོངས་སྤྱོད་འཕེལ༔ རིག་བྱེད་ལྷ་མོའི་ཐུགས་ཀར་ཉི་གདན་ལ༔ པདྨ་ཧྲཱུྃཿདམར་མཐའ་མར་རང་སྔགས་ནི༔ གཡོན་འཁོར་འོད་ཀྱིས་འཁོར་འདས་རྟེན་གཡོའི་ཁམས༔ རྒྱལ་བློན་བཙུན་མོ་ཆེ་རྒུ་གཉན་བཅུ་དང་༔ ལྷ་ཀླུ་མི་མ་ཡིན་གྱི་རྒྱུད་བསྐུལ་ནས༔ ཁབ་ལེན་རྡོ་ཡི་ལྕགས་ཕྱེ་བླང་བ་བཞིན༔ གང་མོས་ཟས་ནོར་འདོད་རྒུ་དབང་དུ་བསྡུས༔ བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ༔ ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ༔ ཞེས་བཟླས༔ ཁམས་གསུམ་མ་ལུས་དབང་འདུས་འགྱུར༔ རྣམ་སྲས་ཐུགས་ཀར་ཟླ་སྟེང་བཻཿསེར་མཐར༔ སྔགས་འཁོར་འོད་ཀྱིས་རབ་འབྱམས་ནོར་གྱི་ལྷ༔ རྒྱུད་བསྐུལ་འཇིག་རྟེན་ཁམས་ན་སྲིད་པ་ཡི༔ དཔལ་འབྱོར་ལོངས་སྤྱོད་ཟས་ནོར་དབང་དུ་བསྡུས༔ བདག་མདུན་རྟེན་རྫས་ལ་ཐིམ་ཡིད་བཞིན་གྱི༔ ནོར་བུ་དབང་གི་རྒྱལ་པོ་དངོས་སུ་གྱུར༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་བཟླས༔ འབྲུ་ནོར་ལོངས་སྤྱོད་རྐང་འགྲོ་འཕེལ༔ གཙོ་བོའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཞི་ཡི༔ ལྷ་མོ་བཞི་བསྐུལ་རང་རང་ཕྲིན་ལས་བཞིས༔ ཕྱྭ་གཡང་ལོངས་སྤྱོད་འགུགས་བསྟིམ་རྒྱས་གདབ་ཏེ༔ ནམ་ཡང་མི་ཉམས་སྲུང་བའི་ལས་བྱེད་བསམ༔ ཨོཾ་མ་མ་ཛཿཧཱུྃ་བཾ་ཧོ་སརྦ་བ་སུ་རཏྣ་རཀྵནྟུ་སྭཱ་ཧཱ༔ ཞེས་བཟླས༔ ཕྱྭ་གཡང་མི་ཉམས་སྲུང་བར་འགྱུར༔ ས་མ་ཡ༔ བཅུ་གཅིག་པ་ཐུགས་དམ་བསྐུལ་བ་ནི༔ སྤོས་གཏུལ་རོལ་མོ་གདུང་བས་དབྱངས་ཀྱིས་བསྐུལ༔ ཧྲཱིཿ སྟེང་གི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ཚེ་དང་ཡེ་ཤེས་དཔག་མེད་འཕེལ་བ་དང་༔ མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མ་ར་ཎིི་ཛི་ཝནྟེ་ཡེ་སྭཱ་ཧཱ༔ ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་གཙོ་མ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་ནོར་སྐྱུག་འཛིན༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་ནོར་དང་ལོངས་སྤྱོད་བཅུད་བསྡུསལ༔ དབུལ་ཕོངས་འཇིགས་ལས་སྒྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཐུགས་ཀྱི་ནོར་ལྷ་མགོན་པོ་ཛམྦྷ་ལ༔ སྐུ་མདོག་སྔོན་པོ་བཻཌཱུརྻ་ཡི་མདོག༔ ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་ནེའུ་ལེ་འཛིན༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ རིན་ཆེན་སྣ་ཚོགས་དབྱིག་ནོར་ཆར་བཞིན་ཕོབ༔ གང་འདོད་བསོད་ནམས་ལོངས་སྤྱོད་འཕེལ་བར་མཛོད༔ ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྱ་མ་རི་སྭཱ་ཧཱ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷ་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཡོན་ཏན་ནོར་ལྷ་མགོན་པོ་ཛམྦྷ་ལ༔ སྐུ་མདོག་སེར་སྨུག་འཛམ་བུ་ཆུ་གསེར་མདངས༔ ཞལ་གཅིག་ཕྱག་གཉིས་ཤིང་འབྲས་ནེའུ་ལེ་འཛིན༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་འབྲུ་ནོར་ལོངས་སྤྱོད་ཆར་བཞིན་བསྡུས༔ ས་བཅུད་ལོ་ཐོག་འབྲུ་རིགས་རྒྱས་པར་མཛོད༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷ་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ གསུང་གི་ནོར་ལྷ་བཅོམ་ལྡན་རིག་བྱེད་མ༔ སྐུ་མདོག་དམར་སེར་ཉི་མ་འཆར་ཁའི་མདངས༔ ཞལ་གཅིག་ཕྱག་བཞི་ལྕགས་ཀྱུ་ཞགས་པ་དང་༔ རབ་མཛེས་ཨུཏྤལ་མཚན་པའི་མདའ་གཞུ་འགེང་༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ལྷ་འདྲེ་མི་གསུམ་སྲོག་སྙིང་གནད་ནས་བསྐུལ༔ ཁམས་གསུམ་དབང་བསྡུས་ཟས་ནོར་ཆར་འབེབས་མཛོད༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྱང་གི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཕྲིན་ལས་ནོར་ལྷ་རྒྱལ་ཆེན་རྣམ་ཐོས་སྲས༔ སྐུ་མདོག་གསེར་པོ་ལྷ་ཡི་གོ་ཁྲབ་བརྗིད༔ སེངྒེ་ལ་བཅིབས་མདུང་དམར་རྒྱལ་མཚན་འཛིན༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ གླིང་བཞི་སྲིད་པའི་ལོངས་སྤྱོད་ཀུན་བསྡུས་ལ༔ རྟ་དྲེལ་གནག་ལུག་རྐང་བཞི་འཕེལ་རྒྱས་མཛོད༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཛཿ དཀྱིལ་འཁོར་སྒོ་བཞིར་དངོས་གྲུབ་བསྐུལ་བའི་ལྷ༔ ཚད་མེད་རྣམ་བཞི་དག་པའི་ལྷ་མོ་བཞི༔ དཀར་སེར་དམར་ལྗང་ལས་བཞིའི་ཉམས་དང་ལྡན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ མདའ་དར་ཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ཕྱྭ་གཡང་ལོངས་སྤྱོད་འགུགས་བསྟིམ་རྒྱས་ཐོབ་ལ༔ མི་ཉམས་གཏའ་སྡོམ་སྲུང་མའི་ཕྲིན་ལས་མཛོད༔ ཨོཾ་མ་མ་ཛཿཧཱུྃ་བཾ་ཧོ་སརྦ་བཱ་སུ་རཏྣ་རཀྵནྟུ་སྭཱ་ཧཱ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ གཞན་ཡང་ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ འགྲོ་བའི་དོན་ལ་དགོངས་མཛོད་དཀོན་མཆོག་གསུམ༔ བཀའ་སྡོད་ཕྱོགས་བཅུའི་དཀར་ཕྱོགས་སྐྱོང་བའི་ཚོགས༔ དཔག་མེད་རྫུ་འཕྲུལ་མངའ་བའི་སྲུང་མ་རྣམས༔ མདའ་དར་གཡབ་ཅིང་གདུང་བས་བསྐུལ་ལགས་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ ཕྱག་འཚལ་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐུགས་རྗེའི་གཡང་༔ རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་གཡང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་སྲིད་པའི་མཚོ་ལས་བསྒྲོལ་བར་མཛོད༔ མ་མོ་མཁའ་འགྲོ་རྒྱ་མཚོའི་ཕྲིན་ལས་གཡང་༔ རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་མཐུ་རྩལ་གཡང་༔ དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་སྡོང་གྲོགས་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་བསམ་དོན་ཆོས་བཞིན་འགྲུབ་པར་མཛོད༔ སྟེང་ཕྱོགས་ལྷ་གནས་རྣམས་ཀྱི་དཔལ་གྱི་གཡང་༔ འོག་ཕྱོགས་ཀླུ་ཡི་ཡུལ་གྱི་འབྱོར་པའི་གཡང་༔ བར་ཕྱོགས་གླིང་བཞི་མི་ཡི་ཆོས་ནོར་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་དཔལ་འབྱོར་ཚེ་བསོད་རྒྱས་པར་མཛོད༔ མི་དབང་རྒྱལ་བློན་སྟོབས་འབྱོར་མངའ་ཐང་གཡང་༔ མཁས་གྲུབ་རྟོགས་ལྡན་རྣམ་དཔྱོད་རིག་པའི་གཡང་༔ བཙན་ཕྱུག་ཕན་དང་འཛོམས་པ་དཔལ་གྱི་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་འདོད་རྒུ་ཕུན་སུམ་ཚོགས་པར་མཛོད༔ འཆི་བ་མེད་པ་རྡོ་རྗེ་ཚེ་ཡི་གཡང་༔ ན་བ་མེད་པ་རྒས་མེད་ལང་ཚོའི་གཡང་༔ སྡུག་བསྔལ་མེད་པ་མི་ཚེ་བདེ་བའི་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད༔ སྣོད་ཀྱི་བཅུད་འཕེལ་འབྲུ་རིགས་འཁྲུངས་པའི་གཡང་༔ བཅུད་ལ་གཡང་འཕེལ་འཛད་མེད་ཟས་གོས་གཡང་༔ བསོད་ནམས་གཡང་འཕེལ་རྐང་བཞི་ཕྱུགས་ཀྱི་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་སྣོད་བཅུད་དགེ་ལེགས་འཕེལ་རྒྱས་མཛོད༔ ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པའི་གཡང་༔ དེར་འཛིན་སྐྱེ་མཆོག་འཕགས་ཚོགས་དགེ་འདུན་གཡང་༔ ཞབས་ཏོག་ཕུན་ཚོགས་ཁྱིམ་བདག་འབྱོར་ལྡན་གཡང་༔ དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན༔ གཡང་དེས་དོན་གཉིས་བསམ་རྒུ་ལྷུན་འགྲུབ་ཤོག༔ ཨོཾ་ཡ་དྷརྨ་སོགས་ནས་ཤྲ་མ་ཎ༔ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཅུ་གཉིས་པ་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ ཡིད་བཞིན་ནོར་ལྷར་འགྲོ་བའི་རེ་སྐོང་བའི༔ བླ་མ་ནོར་ལྷའི་ལྷ་ཚོགས་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྷ་ག་ཡངས་པ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་༔ ལས་བཞི་གྲུབ་བརྒྱད་ཐུན་མོང་ལས་རབ་འབྱམས༔ ཚེ་བསོད་སྙན་གྲགས་སྟོབས་དཔལ་མངའ་ཐང་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་འབྱུང་བ་ཡི༔ དངོས་གྲུབ་མ་ལུས་བསྩལ་ཞིང་བརྟན་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ྄ཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་དངོས་གྲུབ་བླང་ཞིང་རྫས་ལ་རོལ༔ ཚོགས་ཀྱི་འཁོར་ལོས་མཆོད་ཅིང་ཉམས་ཆགས་སྐོར༔ བཅུ་གསུམ་བཀྲ་ཤིས་དངོས་གྲུབ་གཡང་གཏད་ནི༔ སྦྱིན་བདག་ཁྲུས་དབྱུང་སྲུང་བའི་འཁོར་ལོར་སྒོམ༔ སྐྱབས་སེམས་སྡོམ་སྦྱིན་བསགས་སྦྱང་སྔོན་དུ་བཏང་༔ ལྷར་བསྐྱེད་བྱིན་དབབ་ཡེ་ཤེས་བརྟན་པར་བྱས༔ གཏེར་བུམ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་འདོད་འབྱུང་བུམ་བཟང་འདི༔ འཛད་མེད་འདོད་རྒུ་ཡུན་གྱི་དཔལ་སྟེར་བ༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ འཛད་མེད་གཏེར་ལ་སྤྱོད་པས་བཀྲ་ཤིས་ཤོག༔ ཨོཾ་རཏྣ་ཀམ་བྷ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ རྟེན་སྙིང་བརྗོད་དེ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད༔ གཡང་གཏོར་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་སྒྲུབ་གཏོར་རིན་ཆེན་འབར༔ གཡང་ཞག་འཁྱིལ་བས་བསོད་ནམས་ལོངས་སྤྱོད་འཕེལ༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ ཟས་ནོར་འདོད་རྒུ་འབྱུང་བས་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ སྭསྟི་བྷ་ལིངྟ་མངྒ་ལཾ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ གནས་གསུམ་བཞག་ལ་རས་མ་ལོངས་སུ་སྤྱོད༔ གཡང་ཆང་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་ཚེ་ཡི་ཛ་གད་འདིས༔ འབྱུང་བའི་བཅུད་འཕེལ་འཆི་མེད་ཚེ་ལ་དབང་༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ ཚེ་རིང་ནད་མེད་བདེ་བས་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ མ་ཧཱ་པཉྩ་མ་དཱ་ན་མངྒ་ལཾ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ བཏུང་བཅུག༔ གཡང་དར་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་ཚེ་ཡི་མདའ་དར་འདི༔ མི་འགྱུར་ཚེ་རྟེན་སྲོག་གི་ཀ་བ་བརྟན༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ འཆི་བདག་བདུད་ལས་རྣམ་རྒྱལ་བཀྲ་ཤིས་ཤོག༔ རྒྱ་གྲམ་སྤྱི་བོར་བཀོད་ལ་ལག་ཏུ་གཏད༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་ཙིཏྟ་ཏིཥྛ་བཛྲ་ཡེ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ འཁོར་ལོ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་འཁོར་ལོ་རིན་པོ་ཆེ༔ རྩིབས་སྟོང་ལྡན་པས་འཁོར་བའི་མཚོ་ལས་བསྒྲོལ༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ ཐེག་དགུའི་ཆོས་ཀྱི་འཁོར་ལོ་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ ནོར་བུ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་ནོར་བུ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་སྦྱིན་པའི་ཕར་ཕྱིན་རྫོགས༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ བསོད་ནམས་ཚོགས་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ བཙུན་མོ་ཐོགས་ལ༔ བཀྲ་ཤིས་གང་ཞིག་བཙུན་མོ་རིན་པོ་ཆེ༔ དགའ་བཞི་དཔལ་གཏེར་བདེ་སྟོང་ཡེ་ཤེས་བསྐྱེད༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ རྣམ་ཀུན་མཆོག་ལྡན་རྫོགས་པའི་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་པྲ་ཛྙཱ་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ བློན་པོ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་བློན་པོ་རིན་པོ་ཆེ༔ བློ་གྲོས་རྣམ་དཔྱོད་རིག་པའི་རྩལ་དང་ལྡན༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ གཟུངས་སྤོབས་བློ་གྲོས་རྣམ་འཕེལ་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་མ་ཏི་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ གླང་པོ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་གླང་པོ་རིན་པོ་ཆེ༔ སྟོབས་རྩལ་ཤུགས་ལྡན་རི་ལྟར་རབ་ཏུ་བརྟེན༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ བསོད་ནམས་སྟོབས་བསྐྱེད་དཔལ་གྱི་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་ཧ་ཏི་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ རྟ་མཆོག་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་རྟ་མཆོག་རིན་པོ་ཆེ༔ རྫུ་འཕྲུལ་ཤུགས་འཆང་ས་ལམ་སྐད་ཅིག་བགྲོད༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ གང་འདོད་གནས་མཆོག་བགྲོད་པའི་བཀྲ་ཤིས་ཤོག༔ ཨོཾ་མངྒ་ལཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ དམག་དཔོན་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་དམག་དཔོན་རིན་པོ་ཆེ༔ དཔའ་བོ་ཐབས་མཁས་བདུད་བཞིའི་དཔུང་འཛོམས་པ༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ ཕྱོགས་ལས་རྣམ་རྒྱལ་སྟོབས་བཅུའི་བཀྲ་ཤིས་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་ཁངྒ་རཏྣ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ རྟགས་བརྒྱད་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་དགེ་ལེགས་རྟགས་མཆོག་བརྒྱད༔ སངས་རྒྱས་བསོད་ནམས་ཆེན་པོའི་མཐུ་ལས་གྲུབ༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ མཚན་དཔེ་རབ་རྫོགས་སྐུ་མཆོག་ཐོབ་པར་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་ཀ་ཡ་ཥྚརནྱ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ རྫས་བརྒྱད་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་གང་ཞིག་བདེ་ལེགས་རྫས་མཆོག་བརྒྱད༔ སྟོན་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རྫས༔ བཀྲ་ཤིས་དེས་ཀྱང་སྦྱིན་པའི་བདག་པོ་ལ༔ དོན་གཉིས་བསམ་པ་མ་ལུས་མཐར་ཕྱིན་ཤོག༔ རྟེན་སྙིང་དང་༔ ཨོཾ་མངྒ་ལཾ་སརྦ་ཀརྨ་ཀུ་རུ་ཨ་བྷི་ཥིཉྩ་སིདྡྷི་ཧོཿ ཞེས་ལག་ཏུ་གཏད༔ བཅུ་བཞི་པ་གཏའ་སྡོམ་རྒྱས་གདབ་ནི༔ དངོས་གྲུབ་རྫས་རྣམས་བང་མཛོད་ཕུག་ཏུ་སྦས༔ མདའ་དར་གཡབ་ལ་སྒོ་བཞིའི་ཕོ་ཉ་བསྐུལ༔ རྟེན་སྙིང་བརྗོད་ཅིང་རྟེན་ལ་བཞུགས་པར་གསོལ༔ དེ་ལ་རིགས་ལྔའི་ཕྱག་རྒྱ་གདབ་ལ༔ ཧཱུྃ༔ འགྱུར་བ་མེད་པ་རྣམ་སྣང་སྐུ་ཡི་རྒྱ༔ འགག་པ་མེད་པ་སྣང་མཐའ་གསུང་གི་རྒྱ༔ འཁྲུལ་པ་མེད་པ་རྡོར་སེམས་ཐུགས་ཀྱི་རྒྱ༔ དགོས་འདོད་འབྱུང་བ་ཡོན་ཏན་ནོར་བུརའི་རྒྱ༔ ལྷུན་གྱིས་གྲུབ་པ་ཕྲིན་ལས་དོན་གྲུབ་རྒྱ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ལྔ་ཡི་རྒྱ༔ འབྱུང་ལྔ་རྣམ་དག་ཡུམ་ལྔའི་མཁའ་ལ་གདབ༔ རྟེན་སྙིང་དང་༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་མངྒ་ལཾ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བཅོ་ལྔ་པ་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ གཡང་འདིས་བདེ་གཤེགས་བསྟན་པ་རྒྱས་པར་ཤོག༔ གཡང་འདིས་བསྟན་པའི་མངའ་ཐང་འཕེལ་བར་ཤོག༔ གཡང་འདིས་སྡེ་གཉིས་ཐུགས་མཐུན་ཁྲིམས་གཙང་ཤོག༔ གཡང་འདིས་བླ་མའི་སྐུ་ཚེ་བརྟན་པར་ཤོག༔ གཡང་འདིས་མཛད་ཕྲིན་ཕྱོགས་བཅུར་རྒྱས་པར་ཤོག༔ གཡང་འདིས་འཇིག་རྟེན་ཁམས་ཀུན་བདེ་བར་ཤོག༔ གཡང་འདིས་ནད་མུག་འཁྲུག་རྩོད་ཞི་བར་ཤོག༔ གཡང་འདིས་ལྷ་མིའི་དམ་ཚིག་མཐུན་པར་ཤོག༔ གཡང་འདིས་ཕྱི་ནང་འབྱུང་བ་སྙོམས་པར་ཤོག༔ གཡང་འདིས་དུས་ཆར་ཕུན་ཚོགས་འབེབས་པར་ཤོག༔ གཡང་འདིས་འབྲུ་ནོར་ལོངས་སྤྱོད་རྒྱས་པར་ཤོག༔ གཡང་འདིས་ཁམས་གསུམ་ཟས་ནོར་འདུ་བར་ཤོག༔ གཡང་འདིས་བར་ཆད་གཡུལ་ལས་རྒྱས་པར་ཤོག༔ གཡང་འདིས་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག༔ གཡང་འདིས་འབྲེལ་ཚད་དོན་དང་ལྡན་པར་ཤོག༔ གཡང་འདིས་མཐར་ཐུག་སངས་རྒྱས་ཐོབ་པར་ཤོག༔ བཅུ་དྲུག་པ་བཀྲ་ཤིས་ནི༔ མེ་ཏོག་འཐོར་ལ་རྟེན་སྙིང་སྔོན་དུ་འགྲོ་བས༔ ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་༔ བདེ་གཤེགས་རྩ་བ་གསུམ་གྱི་ཐུགས་རྗེ་དང་༔ བདེན་གཉིས་རྣམ་དག་བསླུ་མེད་བདེན་པ་དང་༔ བླ་མེད་གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ ནད་འདོན་འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སེམས་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་དྲག་པོའི་བཀྲ་ཤིས་ཤོག༔ མི་ལ་དཔལ་འཕེལ་ཚེ་ཡི་བཀྲ་ཤིས་ཤོག༔ ནོར་ལ་ཕྱྭ་འཕེལ་གཡང་གི་བཀྲ་ཤིས་ཤོག༔ ཟས་ལ་བཅུད་འཕེལ་འབྱོར་པའི་བཀྲ་ཤིས་ཤོག༔ བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག༔ ཀ་དག་ཀློང་ཡངས་ལྟ་བའི་བཀྲ་ཤིས་ཤོག༔ དམིགས་མེད་མཐའ་བྲལ་སྒོམ་པའི་བཀྲ་ཤིས་ཤོག༔ དོན་གཉིས་ལྷུན་གྲུབ་སྤྱོད་པའི་བཀྲ་ཤིས་ཤོག༔ མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུར་རྫོགས་པའི་བཀྲ་ཤིས་ཤོག༔ སྒྲ་གྲག་སྔགས་སུ་དག་པའི་བཀྲ་ཤིས་ཤོག༔ དྲན་རྟོག་ཆོས་སྐུར་སྨིན་པའི་བཀྲ་ཤིས་ཤོག༔ འཇའ་ལུས་ཐང་ཐལ་ཆེན་པོའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག༔ སེམས་ཅན་བདེ་སྐྱིད་འཕེལ་བའི་བཀྲ་ཤིས་ཤོག༔ སྣོད་བཅུད་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག༔ སྦྱིན་བདག་ཕྱྭ་གཡང་འཕེལ་བའི་བཀྲ་ཤིས་ཤོག༔ ནད་མུག་མཚོན་བསྐལ་ཞི་བའི་བཀྲ་ཤིས་ཤོག༔ རྫོགས་ལྡན་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག༔ ཡངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག༔ འགལ་རྐྱེན་མཐའ་དག་ཞི་བའི་བཀྲ་ཤིས་ཤོག༔ མཐུན་རྐྱེན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཚེ་དཔལ་ཆོས་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ དབང་ཐང་སྙན་གྲགས་འཕེལ་བའི་བཀྲ་ཤིས་ཤོག༔ འཁོར་བའི་གཅོང་ནད་ཞི་བའི་བཀྲ་ཤིས་ཤོག༔ འཕགས་ནོར་བདུན་གྱིས་འབྱོར་པའི་བཀྲ་ཤིས་ཤོག༔ ས་ལམ་ཡོན་ཏན་རྫོགས་པའི་བཀྲ་ཤིས་ཤོག༔ བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ རྟག་ཏུ་བདེ་བ་ཐོབ་པའི་བཀྲ་ཤིས་ཤོག༔ རྟེན་སྙིང་སྔགས་བརྗོད་བཀྲ་ཤིས་རྒྱ་ཆེར་སྤེལ༔ སྣོད་བཅུད་དུས་ཀྱི་རྒུད་པ་རབ་ཞི་ནས༔ འབྱུང་བའི་བཅུད་འཕེལ་ཕྱི་ནང་དཔལ་ཡོན་རྒྱས༔ ལྷ་འདྲེ་མི་གསུམ་མོས་བཞི་རང་དབང་བསྒྱུར༔ བསམ་དོན་ལྷུན་འགྲུབ་དགེ་ལེགས་མཐར་ཕྱིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ྀཨཚ༔ ཅེས་པའང་འགྲོ་འདུལ་པད་རྒྱལ་གླིང་པའི་སྦས་ཡུལ་པདྨ་བཀོད་ཀྱི་ཆོས་སྡེ་ཡང་དག་པ་སྟེ་མི་ལོ་ཉེར་བཞིའི་བར་དུ་གསང་བའི་དམ་ཚིག་ལ་གནས་པས་སླར་ཆུ་ཕག་ཟླ་བ་བཞི་པའི་ཚེས་བདུན་བཟང་པོར་སེང་རྫོང་གུ་རུའི་བཞུགས་ཁྲིའི་ཀེའུ་ཚང་ནས་གཏན་ལ་ཕབ་པ་སིདྡྷི་རསྟུ།། །།

༼༢༥༽ ྂ།༔ སྐུ་གསུམ་དགོངས་འདུས་ལས༔ དབང་གི་ལས་ཚོགས་ནོར་སྒྲུབ་གྱི་སྒབ་འདྲེ་བསྐྲད་ཐབས་བསྟན༔ པདྨ་དབང་གི་ལྷ་ལ་འདུད༔ གང་ཞིག་གཏེར་བུམ་ལ་སོགས་པའི༔ དབང་བསྡུས་ནོར་བསྒྲུབ་བྱེད་འདོད་ཚེ༔ རྒབ་འདྲེ་མནན་ན་ཉེས་པ་ཆེ༔ ལན་ཆགས་འཇལ་ཞིང་སྐྲད་ན་ལེགས༔ བསེ་རག་གླུད་ཀྱི་རྫོང་ཐབས་ནི༔ སྒོར་ཆག་ནང་དུ་གཟུགས་བྱོས་ལ༔ མཐུན་པའི་རྫས་བསགས་བྱིན་གྱིས་བརླབ༔ མཚན་བཞི་བརྗོད་ཅིང་ཁ་འབར་མའི༔ སྔགས་ཀྱི་གླུད་གཏོར་ཚིམས་པར་སྔོ༔ རང་ཉིད་རྟ་མཆོག་ཧེ་རུ་ཀའི༔ བསྐྱེད་བཟླས་བྲབ་ཁྲུས་ནུས་ལྡན་སྒྲུབ༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སྲིད་གསུམ་བགེགས་ཀྱི་གཤེད་མར་བཞེངས༔ བཀྲ་ཤིས་གཡང་གི་བང་མཛོད་འདིར༔ ལོངས་སྤྱོད་གཏེར་ཆེན་སྒྲུབ་པ་ལ༔ ལས་དང་སྐལ་བར་མི་མཚམས་པའི༔ སེར་སྣའི་རང་གཟུགས་བསེ་རག་ནི༔ མི་རྒན་རྒས་ཤིང་གོག་པའི་གཟུགས༔ སྣོད་སྟོང་རྒྱབ་ཁུར་ལག་སྟོང་བཟད༔ བཤིན་གྲི་སྐེད་དྲངས་གོང་ཞྭ་གོན༔ ལུས་ལ་རེ་ཐུལ་དྲིལ་པོ་བསྒོས༔ ལྟོག་འགོང་དབུལ་སྲི་མང་པོས་སྐོར༔ ནོར་སྒྲུབ་བྱེད་ལ་རྒབ་འདྲེ་ལྡང་༔ དཔལ་འབྱོར་ལྡན་ལ་ཕྲག་དོག་བསྐྱེད༔ དབུལ་ཞིང་འཕོང་ལ་ཡིད་རང་ལྡན༔ ལེགས་ན་མི་དགའ་ཉེས་ན་དགའ༔ ཡོད་ན་མི་དགའ་མེད་ན་དགའ༔ གང་ན་མི་དགའ་སྟོང་ན་དགའ༔ འབྲང་ན་མི་དགའ་ལྟོག་ན་དགའ༔ དེ་ཕྱིར་ལྟོག་དགོང་ཞེས་བྱ་ཁྱོད༔ བསམ་ངན་མཐུས་བསྐྱེད་ལུས་ངན་བླང་༔ འཁོར་བཅས་འདིར་འདུས་བཀའ་ལ་ཉོན༔ རང་གཟུགས་གླུད་དང་གཏོར་མའི་རྔན༔ ལ་ལུང་ལྷོ་བྱང་མི་ཁའི་རྫས༔ རང་མཐུན་ཡས་རྟག་རྫོངས་སུ་འབུལ༔ ཚེ་རབས་འབྲེལ་བའི་བུ་ལོན་བྱང་༔ འཕྲལ་དུ་མཁུ་ཞིང་ལྡང་བ་དང་༔ གདུགས་པའི་སེམས་སྤོང་ཕན་སེམས་བསྐྱེད༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ རྒྱ་མཚོ་ཆེན་པོ་ཕ་རོལ་གཤེགས༔ བཀའ་ལས་འདས་ན་བརླག་ཏ་རེ༔ དྲག་སྔགས་ཐུན་བྲབ་གླུད་གཏོར་དོར༔ བྱབ་ཁྲུས་བྱ་ཞིང་སྲུང་འཁོར་སྒོམ༔ དེ་ནས་ནོར་སྒྲུབ་གང་བྱེད་ཀྱང་༔ བར་ཆད་མེད་པར་མཐའ་རུ་བྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་པད་རྒྱལ་གླིང་པའི་ཟབ་གཏེར་ཡང་དག་པའོ།། །།


༼༢༦༽༄༅། །སྐབས་འགར་སྣོད་བཅུད་སྤྱིར་ཁྲུས་གསོལ་ནི། ཨོཾ༔ དེང་འདིར་བཀྲ་ཤིས་དགེ་བའི་སྣོད་བཅུད་ལ༔ ཆོས་དབྱིངས་ཡེ་ཤེས་བདུད་རྩིའི་ཁྲུས་གསོལ་བས༔ གཏི་མུག་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ དག་གཙང་དགེ་ལེགས་ལས་བཞི་ལྷུན་གྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཨཱཿ དེང་འདིར་བཀྲ་ཤིས་དགེ་བའི་སྣོད་བཅུད་ལ༔ སོར་རྟོགས་ཡེ་ཤེས་བདུད་རྩིའི་ཁྲུས་གསོལ་བས༔ འདོད་ཆགས་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ དག་གཙང་དགེ་ལེགས་དབང་གི་ལས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ དེང་འདིར་བཀྲ་ཤིས་དགེ་བའི་སྣོད་བཅུད་ལ༔ མེ་ལོང་ཡེ་ཤེས་བདུད་རྩིའི་ཁྲུས་གསོལ་བས༔ ཞེ་སྡང་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ དག་གཙང་དགེ་ལེགས་ཞི་བའི་ལས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྭཱ༔ དེང་འདིར་བཀྲ་ཤིས་དགེ་བའི་སྣོད་བཅུད་ལ༔ མཉམ་ཉིད་ཡེ་ཤེས་བདུད་རྩིའི་ཁྲུས་གསོལ་བས༔ ང་རྒྱལ་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ དག་གཙང་དགེ་ལེགས་རྒྱས་པའི་ལས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱ༔ དེང་འདིར་བཀྲ་ཤིས་དགེ་བའི་སྣོད་བཅུད་ལ༔ བྱ་གྲུབ་ཡེ་ཤེས་བདུད་རྩིའི་ཁྲུས་གསོལ་བས༔ ཕྲག་དོག་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ དག་གཙང་དགེ་ལེགས་དྲག་པོའི་ལས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་ཡི་ལྷག་མ་ཡེ་ཤེས་ལྔ་ལྡན་གྱིས༔ སྒྲོ་མདངས་འབར་བས་ཡོངས་སུ་བྱབ་བགྱིས་ནས༔ ཉོན་ལྔ་ལས་གྱུར་རྟེན་འབྲེལ་ཉེས་པའི་ཚོགས༔ མ་ལུས་བྱང་དག་དགེ་མཚན་རྒྱས་གྱུར་ཅིག༔ ཨོཾ་ཤུདྡྷེ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །ཀ་མ་ལ་རཱ་ཛས་སོ།།

༼༢༧༽ ྂ།༔ གཡང་གི་སྒོ་འབྱེད་གསེར་སྐྱེམས་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས། ཀྱཻ། རྭ་བ་སྒོ་བཞི་གཡང་གི་སྲུང་མ་རྣམས། །ཡེ་ཤེས་སྐྱེམས་ཀྱི་མཆོད་པ་འདི་བཞེས་ལ། །དགྱེས་པས་ཞལ་སྟོན་བཀྲ་ཤིས་གཡང་སྒོ་ཕྱེས། མཆན།༼སླར་སྡོམ་པའི་ཚེ་བསྡོམ་ཞེས་ཁ་བསྒྱུར།༽ །གཞན་དུ་མ་ཡལ་འདིར་བཞུགས་དངོས་གྲུབ་སྩོལ། །ལན་གསུམ་གྱིས་མཆོད་ཅིང་། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་པྲ་བེ་ཤ་ཡ་ཕཊ྄ཿ ཅེས་བརྗོད་ཅིང་རྒྱ་རྣམས་ཕྲལ་བར་བྱའོ། །སླར་སྒོ་སྡོམ་པའི་ཚེ། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་ཁ་བསྒྱུར་བའི་ཁྱད་པར་རོ། །ཅེས་པའང་ཀཱ་མ་ལ་རཱ་ཛས་སོ།།

Leave a Reply

Your email address will not be published. Required fields are marked *