February 2020

༼༢༨༽༄༅། །སྐུ་གསུམ་དགོངས་འདུས་ལས། རཏྣ་ཐོད་ཕྲེང་རྩལ་གྱི་སྒོ་ནས་བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་འདོད་རྒུ་ཀུན་འབྱུང་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་བ་སུ་རཏྣ་ཌཱཀྐི་ནཱི་ཡེ། རཏྣ་ཐོད་ཕྲེང་རྩལ་གྱི་གཡང་སྒྲུབ་དང་འབྲེལ་བར་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་གཏེར་བུམ་སྒྲུབ་པའི་ལས་ཀྱི་རིམ་པ་ལ་འཇུག་པར་འདོད་པས། རཏྣ་ཐོད་ཕྲེང་ཉིད་ལ་བརྟེན་ནས་ཆོས་ནོར་ཚེ་དཔལ་སྤེལ་བ་དང་། སའི་ལྷ་མོ་ལ་བརྟེན་ནས་ས་བཅུད་དཔལ་གཡང་སྤེལ་བ་དང་། ཀླུ་ནོར་རྒྱས་ལ་བརྟེན་ནས་སྣོད་བཅུད་དང་དཔལ་འབྱོར་བསྐྱེད་པ་གསུམ་གྱི་དང་པོ་ནི། གཏེར་གཞུང་ལས། བཀྲ་ཤིས་གཡང་ཆགས་རྒུད་སྐྱོན་མ་འགོད་པའི༔ གཡང་གི་རྫས་ཀྱིས་ཕྱུར་བུར་བཀང་བ་ཡི༔ བཀྲ་ཤིས་བུམ་བཟང་བཀྲ་ཤིས་གཡང་རྭའི་དབུས༔ སྐུ་གསུང་ཐུགས་ཀྱི་རྟེན་བཅས་མཆོད་པས་སྤྲས༔ ཞེས་པའི་རིན་པོ་ཆེའམ་རྫའི་བུམ་པ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བའི་ནང་དུ། བཀྲ་ཤིས་ཤིང་ཡོངས་སུ་གྲགས་པའི་གནས་ཆེན་རྣམས་ཀྱིས་རྡོ་ཤིང་གི་ཕྱེ་མ། མཚོ་དང་ཆུ་ཆེན་རྣམས་ཀྱི་ཆུ་སྣ། རིན་ཆེན་ཕྱེ་མ། ཀླུ་སྨན་ཚད་ལྡན། གི་ཝཾ། དཀར་གསུམ། མངར་གསུམ། འབྲུ་སྣའི་ཕྱེ་མ། དར་སྣ་ཚོགས་ཀྱི་ཕྱེ་མ་བསྲེས་པའི་འདག་པ་ལས། རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་གཡང་སྒྲུབ་ལྟར་གཙོ་བོ་འཆོས་ལ་མཚོན་རྩི་ལེགས་པར་བཏང་བའི་དབུ་གཙུག་ཏུ་སངས་རྒྱས་ཀྱི་རིང་བསྲེལ་ལམ་ཆོས་སྨན། ཐུགས་ཀར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་བཱ་སུ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཿ ཨོཾ་རཏྣ་པུནྱཻ་སྭསྟི་སིདྡྷི་ཕ་ལ་བཱ་སུ་རཏྣ་ན་ན་ཁ་དྷི་སརྦ་འདུ་འདུ་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་གསེར་རམ་མཚལ་སོགས་ཀྱི་འབྲིས་ལ། དྲི་བཟང་གི་བྱུག །དབུ་ནས་མར་དཀྲིས་ཏེ་དར་ཟབ་དང་མཚོན་སྐུད་ཀྱི་ན་བཟའ་ཕུལ་ལ་བཅུག །ཕྱག་གི་ནེའུ་ལེའི་ནང་དུའང་བྷྲཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཤོག་དྲིལ་བཅུག །གཞན་ཡང་སྐུ་ཡི་ནང་དུ་གཡང་རྫས་རིལ་བུ་ཀླུ་སྨན། དཀར་གསུམ། རིན་ཕྱེ། སྤོས་གཙང་། འབྲུ་སྣ། དར་སྣས་བཀང་། དེ་ཡང་རབ་གནས་བསྐྱེད་བསྟིམས་བཟླས་པ་ཅི་འགྲུབ་དང་། ཤིས་བརྗོད་བྱས་ལ་དར་སྣས་དྲིལ་ཏེ་བུམ་པའི་དབུས་སུ་གཞུག །དེ་ལྟར་མི་འགྲུབ་པས་ཙནྡན་ནམ་ཤུགས་པ་སོགས་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ནོར་བའི་མདུན་ངོས་སུ་སྐུ་དང་རྒྱབ་ངོས་སུ་གཟུངས་སྔགས་བྲི་བ་དང་། ཅི་ཀྱང་མི་འགྲུབ་པའི་འབྱོར་བ་དམན་པས་གཟུངས་སྔགས་སོགས་ཀྱི་ཤོག་དྲིལ་ཙམ་གཞུག་པས་ཀྱང་རུང་ཞིང་། དེ་ཡང་རྩ་སྔགས་རྐྱང་པའི་མཐར། རྩ་གསུམ་ནོར་ལྷ་རྟེན་ལ་རྟག་བཞུགས་ནས༔ ཆོས་ནོར་འདོད་རྒུ་འབྱུང་བར་མཛད་དུ་གསོལ༔ གང་ལྟར་ཡང་། མི་འཛད་ཡུན་གྱི་གཏེར་མཛོད་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ། །འབད་དང་རྩོལ་བས་མ་གོས་པ། །ཞེས་སོགས་བཀྲ་ཤིས། སུ་པྲ་ཏིཥྛས་མཐའ་བརྒྱན་པ་བཅས་གསེར་རམ་མཚལ་ལ་རིན་ཆེན་ཕྱེ་མ་བཏབ་པས་བྲིས་པའི་ཤོག་དྲིལ་དར་གྱི་ན་བཟའ་ཅན་མགོ་མཇུག་མ་ལོག་པར་བཞག །གོང་དུ་སྨོས་པའི་རྫས་ཐམས་ཅད་དང་། བུམ་རྫས་ཉེར་ལྔའི་ཕྱེ་མ་རྣམས་འོ་མ་༼མོ་གསར་རིགས་བཟང་། ར་དཀར་མོ། བ་དམར་མོ་གསུམ་གྱི་༽དང་བུ་སྦྲང་གི་ཁུ་བས་སྤྲུས་ལ་རིལ་བུ་བརྒྱ་དང་རྩ་བརྒྱད་བྱས་པ་དང་། ཆོས་སྨན་སོགས་བྱིན་རྟེན། སྒྲུབ་གཏེར་གྱི་དུམ་བུ། གོང་གི་རྫས་ཁྲོལ་བུར་བྱས་པ་དང་འབྲུ་སྣ། དྲི་བཟང་གི་ཤིང་ཕྱེ་རྣམས་ཀྱིས་ལག་ཚགས་དམ་པར་བཀང་ལ་དར་སེར་པོས་ཁ་བཅད་དེ་མགྲིན་པ་དམ་པར་བཅིང་། མདུན་རྟགས་ནོར་བུ་འབར་བས་མཚན་པར་བྱ། དེ་ལྟར་བཅའ་གྲུབ་ནས་སྦྱོངས་ཁྲུས་ཚད་ལྡན་བྱས་ལ། སྟེགས་གཙང་མའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀྲམ་པར་བུམ་པ་འགོད། མདུན་གྱི་གཡང་གཏོར་དང་གཏེར་བུམ་མཎྜལ་འབྲུ་ཚོམ་སོགས་ཀྱི་མཁར་བཀོད་ལ་ཕྱི་ནང་མཆོད་པ་སྤྱི་འགྲོས་ལྟར་དང་། གཡང་རྫས་སྤྱན་གཟིགས་མཚར་དུ་དངར་བར་བྱས་ལ་སྒྲུབ་ཐབས་བཞིན་མངོན་རྟོགས་གཅིག་གི་ཁྱབ་པར་བྱས་ལ་སྒྲུབ་པས་བུམ་པ་མཛོད་དུ་སྦས་ལ་རྟེན་བཞུགས་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་གྲུབ་བོ། །དེ་ལྟར་སྒྲུབ་པའི་ཕན་ཡོན་ནི། གཏེར་གཞུང་ལས། སྣོད་བཅུད་དུས་ཀྱི་རྒུད་པ་རབ་ཞི་ནས༔ འབྱུང་བའི་བཅུད་འཕེལ་ཕྱི་ནང་དཔལ་འབྱོར་རྒྱས༔ ལྷ་འདྲེ་མི་གསུམ་མོས་བཞི་རང་དབང་བསྒྱུར༔ བསམ་དོན་ལྷུན་འགྲུབ་དགེ་ལེགས་མཐར་ཕྱིན་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་ཐ་མའི་དུས་འདིར་སྣོད་བཅུད་ཀྱི་རྒུད་པ་སེལ་ཕྱིར་གཅེས་ནོར་དུ་འཆང་སྟེ་ཉམས་སུ་བླང་ན་དགོས་གལ་ཤིན་ཏུ་ཆེ་བར་སྣ་ངོ་།།

༼༢༩༽༈ གཉིས་པ་ལྷ་མོ་བརྟན་མ་ལ་བརྟེན་ནས་ས་བཅུད་སྤེལ་བ་ནི། རིན་པོ་ཆེའམ་རྫའི་བུམ་པ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བའི་ནང་དུ་གོང་གི་རྫས་རྣམས་ཀྱི་ཕྱེ་མ་བསྲེས་པའི་འདག་པ་ལས་ལྷ་མོའི་གཟུགས་སོར་བཞི་བ་གསེར་མདོག་ཕྱག་གཉིས་ནོར་བུ་དང་བུམ་པ་འཛིན་པ། ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས་པར་འཆོས་ལ་ཚོན་རྩི་ལེགས་པར་བཏང་བའི་དབུ་གཙུག་ཏུ་སངས་རྒྱས་ཀྱི་རིང་བསྲེལ། ཐུགས་ཀར། ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ སྭཱ་ཧཱ་སྭཱ་ཧཱ༔ བྷ་ཤ་བྷ་ཤ་སྭཱ་ཧཱ༔ ཞེས་གསེར་གྱིས་བྲིས་བ་བཅུག །ནང་དུ་ཀླུ་སྨན། རིན་ཕྱེ། དཀར་གསུམ། སྤོས་གཙང་། འབྲུ་སྣ། དར་སྣས་བཀང་། ཕྱག་གི་བུམ་པར་ཡང་སྔགས་སྔ་མ་དང་རིན་པོ་ཆེས་བཀང་བར་གསུངས་ཀྱང་མ་ཤོང་ན་བྷྲཱུྃ་ཡིག་ཙམ་དང་རིན་ཕྱེ་མ་བླུགས། རབ་གནས་བསྐྱེད་བསྟིམས་བཟླས་པ་ཅི་འགྲུབ་དང་ཤིས་བརྗོད་བྱས་ལ་དར་སྣས་དྲིལ་ཏེ་བུམ་པའི་དབུས་སུ་གཞུག །དེ་ལྟར་མི་འགྲུབ་པས་ཤུག་པ་སོགས་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ནོར་བའི་མདུན་ངོས་སུ་ལྷ་མོ་བརྟན་མའི་སྐུ་དང་རྒྱབ་ངོས་སུ་གཟུངས་སྔགས་བྲི་བ་དང་། ཅི་ཀྱང་མི་འགྲུབ་པའི་འབྱོར་བ་དམན་པས་གཟུངས་སྔགས་སོགས་ཀྱི་ཤོག་དྲིལ་ཙམ་བཞུགས་པས་ཀྱང་རུང་ཞིང་། དེ་ཡང་རྩ་སྔགས་རྐྱང་པའི་མཐར། ཀླུ་རྒྱལ་འཁོར་བཅས་རྟེན་ལ་རྟག་བཞུགས་ནས༔ སྣོད་བཅུད་དགེ་ལེགས་འཕེལ་བར་མཛད་དུ་གསོལ༔ གང་ལྟར་ཡང་། མི་འཛད་ཡུན་གྱི་གཏེར་མཛོད་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ། འབད་དང་རྩོལ་བས་མ་གོས་པ། །ཞེས་སོགས་བཀྲ་ཤིས་སུ་པྲ་ཏིཥྛས་མཐའ་བརྒྱན་པ་བཅས་གསེར་རམ་མཚལ་ལ་རིན་ཆེན་ཕྱེ་མ་བཏབ་པས་བྲིས་པའི་ཤོག་དྲིལ་དར་གྱི་ན་བཟའ་ཅན་མགོ་འཇུག་མ་ལོག་པར་བཞག །གོང་དུ་སྨོས་པའི་རྫས་ཐམས་ཅད་དང་བུམ་རྫས་ཉེར་ལྔའི་ཕྱེ་མ་རྣམས་མོ་གསར་རིགས་བཟང་གི་ནུ་ཞོ་དང་། བ་དཀར་མོ་དང་། དམར་ཟལ་གྱི་འོ་མས་སྦྲུས་ལ་རིལ་བུ་བརྒྱ་དང་རྩ་བརྒྱད་བྱས་པ་དང་། ཆོས་སྨན་སོགས་བྱིན་རྟེན། སྒྲུབ་གཏོར་གྱི་དུམ་བུ། གོང་གི་རྫས་ཁྲོལ་བུར་བྱས་པ་དང་འབྲུ་སྣ། དྲི་བཟང་གི་ཤིང་ཕྱེ་རྣམས་ཀྱིས་ལག་ཚགས་དམ་པར་བཀང་ལ་དར་སེར་པོས་བཅད་དེ་མགྲིན་པ་དམ་པར་བཅིང་། མདུན་རྟགས་པདྨའམ་ནོར་བུ་འབར་བས་མཚན་པར་བྱ། དེ་ལྟར་བཅའ་གྲུབ་ནས་སྦྱོངས་ཁྲུས་ཚད་ལྡན་བྱས་ལ། སྟེགས་གཙང་མའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀྲམ་པར་བུམ་པ་འགོད། མདུན་དུ་དཀར་མངར་སྦྱར་བའི་གཏོར་མ་དང་། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ་ལ། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བུམ་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་གཞལ་ཡས་ཁང་ཉམས་དགའ་བ། རྩི་ཤིང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྗོང་ཤིང་ལ། རིན་པོ་ཆེའི་དགོས་འདོད་འཕྲོ་བའི་གསེབ་ནས་བྱ་རིགས་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་ཤིང་རི་དྭགས་རྩེ་འཇོ་བྱེད་པ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་ལྷ་ཀླུ་མིའི་ལོངས་སྤྱོད་ཟད་མི་ཤེས་པས་ཡོངས་སུ་གང་བ། དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་པོ་འོད་ཟེར་འཕྲོ་བ། རིན་པོ་ཆེ་སྣ་ཚོགས་ཀྱིི་རྒྱན་དང་ལྡན་ཅིང་མཛེས་པའི་གཟུགས་ཅན། ཕྱག་གཡས་ནོར་བུ་དང་གཡོན་བུམ་པ་བསྣམས་པས། ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། མཐའ་བསྐོར་དུ་ལྷ་ཀླུ་གཉན་དང་ས་བདག་གཞི་བདག་ཕོ་མོའི་ཚོགས་ཀྱི་བསྐོར་བ། གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སའི་ལྷ་མོ་འཁོར་བཅས་སྐད་ཅིག་གི་སྤྱན་དྲངས་པར་བསམ་ཞིང་། ཧོཿ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་པོ། །བྱང་ཆུབ་སེམས་མ་རྫུ་འཕྲུལ་ཅན། །ལྷ་མོ་བརྟེན་མ་དགོངས་སུ་གསོལ། །ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཀླུ་གཉན་ས་བདག་དགོངས་སུ་གསོལ། །དེ་རིང་བདག་དང་ཡོན་བདག་གི །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་པའི་ཕྱིར། །གཏེར་བདག་ཁྱེད་རྣམས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་བུམ་ལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་ལེགས་འབྲུ་དང་རྩ་རྣམས་འཕེལ། །ས་བཅུད་དཔལ་གཡང་རྒྱས་པ་དང་། །བདག་ཅག་དཔོན་སློབ་ཡོན་ཆོད་ཀྱི། ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛོད། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །ཨོཾ་པྲྀ་ཐཱི་དྷཱེ་ཝི་སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ། ཏིཥྛ་ལྷན། ས་མ་ཡ་སཏྭཾ། ས་མ་ཡ་ཧོ། ཞེས་སྤྱན་དྲངས་ཤིང་བསྟིམ། མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དང་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་མམ་བདུན་གྱིས་སྤེལ་ཏེ། ཧོ། ཟག་མེད་བདེ་བ་སྐྱེད་པའི་རྫས། །ཐུགས་ལ་བཞེད་རྒུར་འཆར་བ་ཡི། །མཆོད་གཏོར་ལོངས་སྤྱོད་འདི་བཞེས་ལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། །ས་བཅུད་འཕེལ་བའི་དངོས་གྲུབ་སྩོལ། །ཨོཾ་པྲྀ་ཐཱི་དྷ་ེ་ཝི་སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ཞེས་དང་། ཨོཾ་པྲྀ་ཐཱི་དྷ་ེ་ཝི་སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་ནམ་བདུན་གྱིས་ཕུལ་ལ། ས་བརྒྱད་ལ་གནས་སེམས་མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་ཅིང་འདོད་དོན་གསོལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཚུད་ཆད་ཀྱི་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་བསལ། དཔལ་དང་གཟི་བྱིན་བསྐྱེད། བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་ས་བཅུད་དང་དགེ་མཚན་ཐམས་ཅད་འཕེལ་བའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས། ཨོཾ་པྲྀ་ཐཱི་དྷེ་ཝི་སརྦ་སིདྡྷི་སྭཱ་ཧཱ། ཞེས་གཙོ་བོར་བཟླ་ཞིང་། སྤྲོ་ན། ཨོཾ་ཙི་རི་ཙི་རི་སོགས་གོང་གི་བརྟན་མའི་རིག་པ་དང་། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཞེས་ཉེས་སེལ་གྱི་སྔགས་ཀྱང་ཅི་རིགས་པ་བཟླས་མཐར། སྔརབཞིན་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་གསོལ། །ཞེས་ནོངས་པ་བཤགས། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐོགས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདི་རུ་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པ་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱ། དེ་ལྟ་བུའི་སྒྲུབ་པ་ཞག་བདུན་ནི་དུས་ཀྱི་ཚད་ཡིན་ལ། རྟག་ནི་བུད་མེད་མཛེས་མ་རྒྱན་ཅན་གྱིས་ཟས་ནོར་ལ་སོགས་སྟེར་བ་དང་། གཏམ་བཟང་པོ་སྨྲ་བ་སོགས་དགེ་བའི་ལྟས་སྤྱི་དང་མཐུན་པར་འབྱུང་བ་སྟེ། གང་ལྟར་ཡང་སྒྲུབ་པ་ཐེམ་ནས་ཡུལ་གྱི་དབུས་སམ། མཁར་གྱི་རྩེའམ། ཞིང་ས་བཟང་པོའི་དཀྱིལ་སོགས་གང་དུ་སྦ་བའི་སར་རླན་གྱི་མི་འཇིག་པའི་ཆས་དང་བཅས་ལག་ཚག་དམ་པར་བྱས་ལ་གཞུག་ཅིང་། ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ ས་ཡི་ལྷ་མོ་མཁའ་ཕྱེས་ཤིག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྒྲུབ་པ་ལས་ཀྱི་གཏེར་སྦའོ༔ རིན་ཆེན་བུམ་པའི་གཏེར་སྦའོ༔ སྙིང་པོ་ལྔ་ཡི་གཏེར་སྦའོ༔ དར་སྣ་ལྔ་ཡི་གཏེར་སྦའོ༔ སྨན་སྣ་ལྔ་ཡི་གཏེར་སྦའོ༔ འབྲུ་སྣ་ལྔ་ཡི་གཏེར་སྦའོ༔ རིན་ཆེན་ལྔ་ཡི་གཏེར་སྦའོ༔ ཆུ་བོ་བཞི་ཡི་གཏེར་སྦའོ༔ རི་རྒྱལ་ལྷུན་པོའི་གཏེར་སྦའོ༔ ཧཱུྃ༔ ཡིད་བཞིན་གཏེར་ཆེན་འདི་སྦས་པས༔ རྣལ་འབྱོར་བདག་ཅག་འཁོས་བཅས་དང་༔ ཡུལ་རིས་ས་ཕྱོགས་འདི་དག་ཏུ༔ གཏེར་མཆོག་ཁྱེད་ཀྱི་བྱིན་རླབས་ཀྱིས༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག༔ སྙིང་པོ་ལྔ་ཡི་གཏེར་སྦས་པས༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ དར་སྣ་ལྔ་ཡི་གཏེར་སྦས་པས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ སྨན་སྣ་ལྔ་ཡི་གཏེར་སྦས་པས༔ ནད་ཀྱི་བསྐལ་་པ་ཞི་བར་ཤོག༔ འབྲུ་སྣ་ལྔ་ཡི་གཏེར་སྦས་པས༔ མུ་གེའི་བསྐལ་པ་ཞི་བར་ཤོག༔ རིན་ཆེན་ལྔ་ཡི་གཏེར་སྦས་པས༔ རིན་ཆེན་གཏེར་ལ་ལོངས་སྤྱོད་ཤོག༔ ལྕགས་སོགས་མཚོན་གྱི་གཏེར་སྦས་པས༔ མཚོན་གྱི་བསྐལ་པ་ཞི་བར་ཤོག༔ དམ་རྫས་གཏོར་མའི་གཏེར་སྦས་པས༔ མི་ཟད་ཟས་ནོར་འཕེལ་བར་ཤོག༔ ཆུ་བོ་བཞི་ཡི་གཏེར་སྦས་པས༔ ཆར་ཆུ་དུས་སུ་འབབས་པ་དང་༔ ལོ་ཕྱོགས་རྟག་ཏུ་འཕེལ་བར་ཤོག༔ རི་རྒྱལ་ལྷུན་པོའི་གཏེར་སྦས་པས༔ ཡིད་བཞིན་རེ་བ་སྐོང་བ་དང་༔ བསམ་པ་ཐམས་ཅད་འགྲུབ་གྱུར་ཅིག༔ རྡོ་རྗེ་རིན་ཆེན་པདྨ་ལས༔ ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ༔ སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་བོ༔ ཚེ་དབང་ཕུན་སུམ་ཚོགས་པར་ཤོག༔ བསོད་ནམས་དམ་པ་ཐོབ་པར་ཤོག༔ བཛྲ་ཨཱ་ཡུ་སིདྡྷི་བྷྲཱུྃ༔ སྭསྟི་བྷྲཱུྃ་མངྒ་ལཾ༔ ཞེས་བརྗོད་ཅིང་༔ རྡོ་ལེབ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་སྟེང་ནས་བཀབ་སྟེ་བརྟན་ཅིང་འཐས་པར་བྱ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཆར་དབབ་ལ་བཀྲ་ཤིས་རྒྱས་པར་སྤེལ། དེས་ནི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཞི་ཞིང་། ས་བཅུད་དཔལ་གཡང་འབྱོར་པ་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ།། །།

༼༣༠༽༈ གཉིས་པ་ཀླུ་ནོར་རྒྱས་ལ་བརྟེན་ནས་སྣོད་བཅུད་དཔལ་འབྱོར་བསྐྱེད་པའི་གཏེར་བུམ་སྒྲུབ་ཚུལ་ནི། རབ་བཞིའི་ཡར་ངོ་གཟའ་སྐར་ཤིས་ཤིང་ཁྱད་པར་ཀླུ་ཐེབས་ཡོད་ཅིང་ཀླུ་ལྡོག་མེད་པའི་དུས་སུ། རིན་པོ་ཆེའམ་བཀྲ་ཤིས་པའི་ས་ལས་བྱས་པའི་རྫ་བུམ་སོ་བཏང་བ་ཡུལ་ཀྱི་བྲེ་གང་ཤོང་བ་ཡན་ཆད་ལས་མི་ཆུང་བ་རྩི་དཀར་པོ་མདུན་རྟགས་པདྨ་ནོར་བུ་སོགས་ཀྱིས་མཚན་པའི་ནང་དུ། རིན་ཆེན་ཀླུ་སྨན་དཀར་མངར་ཆུ་སྣ་རྣམས་བསྲེས་པའི་སྤྲ་ཚིལ་ལམ་ཁམས་ལས་ཀླུ་ནོར་རྒྱས་སོར་བརྒྱད་པ་སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་བ་ཕྱག་གཡས་རིན་པོ་ཆེ་དང་གཡོན་ཨུཏྤལ་བསྣམས་པ། སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ། ཡུམ་སོར་བདུན་པ་ཐལ་སྦྱར་ནོར་བུ་བསྣམས་པ་སྦྲུལ་མགོའི་གདེངས་ཀ་ལྔ་ལྡན་མི་ལུས་སྦྲུལ་མཇུག །གཉིས་ཀ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐུ་མདོག་སེར་པོ་བྱ། ཡབ་ལ་གི་ཝཾ་དང་སྦྲ་ཚིལ་མ་འཛོམ་ན་གཉིས་ཀ་ལ་སྦྲང་རྩི་བྱུགས། གྲོ་གའམ་ཆུ་ཤོག་ལ་རྒྱ་སྣག་གཙང་མས། ཨོཾ་ཝ་རུ་ཎ་ཡེ་ཧཱུྃ་སྭཱ་ཧཱ༔ ཕུཿཨོཾ་བ་སུ་ཀི་མཾ་སྭཱ་ཧཱ༔ ཨོཾ་ཝ་རུ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ནཱ་ག་རཱ་ཛ་བ་སུ་པུཥྚིཾ་སརྦ་མངྒ་ལཾ་སིདྡྷི་སྭཱ་ཧཱ༔ ཞེས་བྲིས་པ་ཡབ་དང་། ཨོཾ་ནཱ་གི་མ་ཎི་མུ་ཀུ་ཊཾ་སརྦ་མངྒ་ལཾ་སྭཱ་ཧཱ༔ ཕུཿཞེས་བྲིས་པ་ཡུམ་གྱི་ནང་དུ་གཞུག །གཉིས་ཀའང་མཇུག་ནས་དྲིལ་ཏེ་དར་སེར་པོས་དྲིལ་ནས་མགོ་གཞུག་མ་ལོག་པར་བཅུག །ཡབ་ཡུམ་གཉིས་ཞལ་སྦྱར་གྱི་ཚུལ་དུ་བུམ་པའི་དབུས་སུ་བཞག །འབུར་སྐུ་མ་འགྲུབ་ན་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ལོག་པ་གཉིས་ལ་ཚད་སོགས་སྔ་མ་དང་འདྲ་བའི་ཀླུ་ཡབ་ཡུམ་བྲིས་ཏེ་གི་ཝཾ་དང་སྦྲང་རྩིས་བྱུགས། ཞལ་སྦྱར་དུ་བསྡམས་ལ་དར་སེར་པོས་དྲིལ་ཏེ་བཞག །སྐུ་གཟུགས་ཚད་ལྡན་མི་འགྲུབ་ན་དཀྱུས་སུ་གཟུངས་དྲིལ་ཁོ་ན་གཞུག་པ་ཉིད་ལག་ལེན་བདེ་ཞིང་དོན་ལ་གནས་ཕྱིར་ལེགས་པས། རྒྱ་ཤོག་ལ་གསེར་རམ་མཚལ་སྣག་གཙང་བས། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛཿ ནཱ་ག་རཱ་ཛ་བུདྡྷ་བྷ་ག་ཝཱན་ནཱ་ག་རཱ་ཙ་སརྦ་ཧེ་ལོ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་ར་ཛ་སརྦ་ཨཱ་ཡུཿརཏྣ་སིདྡྷི་ཧཱུྃ༔ རཏྣ་དྷེ་ཝ་ཨཱ་ཡུཿརཏྣ་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿ ཡུལ་ཁམས་གནས་ཁང་འདི་རུ་མི་ནད་ཕྱུགས་ནད་རིམས་ནད་གོད་ཡམས་གོད་ཁ་སད་སེར་བཙའ་འབུ་མུ་གེ་མཚོན་འཁྲུག་དམག་ཇག་དགྲ་ཀུན་མི་ཁ་སོགས་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་ཁ་རྗེ་དབང་ཐང་མི་ཕྱུགས་ཡུལ་ཁམས་འབྲུ་ནོར་ལོངས་སྤྱོད་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ལེགས་ཚོགས་བཀྲ་ཤིས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དབུ་ཅན་ཚེགས་མེད་དུ་བྲིས་ལ། གསེར་ལིང་མའམ་ཆུ་རྒྱུན་འབབ་བཟང་པོའི་རྡེའུ་ལ་གསེར་གྱི་ཕུཿབྲི་ཞིང་། ཕུཿཡིག་དང་ཨོཾ་ཞལ་སྦྱར་ཏེ་གཡས་བསྐོར་དུ་དཀྲིས་པ་གོང་གི་སྐུ་རྒྱུའི་རྫས་རྣམས་སྤྲ་རྩིའི་ཚལ་མར་དང་སྦྱར་ཏེ་ནོར་བུའི་དབྱིབས་སུ་བཅོས་པའི་ནང་དུ་བཞུགས་པ་ཉིད་བཀྲ་ཤིས་པའི་ཚིགས་བཅད་ཀྱིས་དྲིལ་བ་མདུན་རྒྱབ་མ་ནོར་བར་བུམ་པར་གཞུག །སྐུ་དང་གཟུངས་བསྒྲིལ་གང་བྱེད་ཀྱང་བུམ་པའི་ནང་དུ་ལུང་པ་གསུམ་ལྔ་བདུན་དགུ་གཅིག་མན་ཆད་ཀྱི་བཙན་ཕྱུགས་འཕན་པོ་གནས་ཆེན་དགོན་སྡེ་བཀྲ་ཤིས་པའི་ས་དང་འབྲུ་སྣ་བླངས་ལ། སྲན་མ་ཡུངས་དཀར་ནག་བྲ་བོ་སོགས་མ་འདྲེས་པ། སྨན་སྣ་ཚོགས་པ་ལ་དུག་རིགས་གླ་རྩི་ཁྱུང་སྡེར་ཚ་བ་གསུམ་སོགས་མ་འདྲེས་ལ། རིན་ཆེན་སྣ་ལྔ་ལ་ལྕགས་ར་གན་ཞ་ཉེ་སོགས་མ་འདྲེས་ལ། ཤ་ཆང་སྒོག་བཙོང་མ་འདྲེས་པའི་ཟས་སྣ་དང་། ཤིང་ཏོག་གི་རིགས་གང་འཛོམ། དར་སྣ་གོས་སྣ་དང་ཀླུ་སྨན་གང་མང་། ཚྭ་དང་མངར་གསུམ་དཀར་གསུམ་རྣམས་དང་། བ་དཀར་ར་དཀར་འོ་མ་མོ་གསར་རིགས་བཟང་གི་ནུ་ཞོ་རྣམས་རིལ་བུར་བྱས་པས་བུམ་པ་ཁེངས་པར་བཀང་ལ་དར་དཀར་པོས་ཁ་བཅད་དེ་མགྲིན་པ་དམ་པར་བཅིང་། ཐིའུ་སོགས་ཀྱི་རྟགས་གདབ། སྦྱོང་ཁྲུས་སྤྱི་མཐུན་ཡིད་ཆེས་པར་བྱས་ལ། གཙང་མའི་སྟེགས་བུར་རས་དཀར་དྲི་མ་མེད་པའི་ཁེབས་ལྡན་གྱི་ཁར་འབྲས་ཀྱི་ཚོམ་བུ་དགུ་བཀོད་པའི་དབུས་སུ་འགོད། མདུན་དུ་གཏོར་མ་དཀར་མངར་ཀླུ་སྨན་གྱིས་བྲན་པ་དང་། ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་གཙང་ཞིང་མཛེས་པར་བཤམ། སྒྲུབ་པ་པོ་ཤ་ཆང་སྤངས་ཏེ་གཙང་སྒྲ་དང་ལྡན་པའི་ངང་ནས་བདག་གི་རྣལ་འབྱོར་ལ་གནས་པས། བུམ་རྫས་བྱིན་བརླབ་པ་ནི། སྭ་བྷཱ་ཝ་ལན་གསུམ་གྱིས་སྦྱང་། སྟོང་པའི་ངང་ལས་གཏེར་ཆེན་པོའི་བུམ་པ་བཟང་པོ་མགྲོན་ནམས་དགྱེས་རྒུར་རོལ་པའི་གནས་ཡུལ། འཛད་པ་མེད་པའི་ལོངས་སྤྱོད། ན་བ་གསོ་བའི་སྨན། ཤི་བ་སློང་བའི་བདུད་རྩི། འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན་ཕུང་། སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ་འཁོར་བ་ཇི་སྲིད་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར་བསམ་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་བདུན་གྱིས་བརླབ། མདུན་རྟེན་བསྐྱེད་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་ཕུན་སུམ་ཚོགས་པའི་ཞིང་གི་བཀོད་པ་དང་ཟད་མི་ཤེས་པའི་མཐུན་རྫས་སྣ་ཚོགས་ཀྱིས་གང་བ། རིན་པོ་ཆེའི་གླིང་ཀླུའི་ཕོ་བྲང་ཉམས་དགའ་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཕུཿལས་ཀླུ་རྒྱལ་ནོར་རྒྱས་སྐུ་མདོག་སེར་པོ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཅིང་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་ཨུཏྤལ་བསྣམས་པ། དེའི་མདུན་དུ་ཡུམ་ཀླུ་མོ་ནོར་བུའི་ཅོད་པན་ཅན་སྐུ་མདོག་སེར་པོ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་ཅིང་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། ཡབ་ཡུམ་གཉིས་ཀ་དགྱེས་ཤིང་འཛུམ་པའི་སྐུར་གསལ་བའི་མཐར་ཀླུ་ཆེན་བརྒྱད་དང་། ཡུལ་ཕྱོགས་འདིར་གནས་ཀྱི་ཀླུ་གཉན་ས་བདག་དང་བཅས་པ་རྣམས་རང་རང་གི་ཡུམ་སྲས་བློན་འབངས་འཁོར་ཚོགས་གྲངས་མེད་ལོངས་སྤྱོད་དང་བཅས་པ་བསམ་གྱིས་མི་ཁྱབ་པར་གྱུར། རང་ཉིད་ཡི་དམ་གྱི་ཐུགས་སྲོག་ས་བོན་དང་མདུན་གྱི་ཀླུ་ཐུགས་ཀར་ཕུཿཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་སྲས་བློན་འབངས་འཁོར་ཕོ་བྲང་ལོངས་སྤྱོད་དང་བཅས་པ་རྣམས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་བུམ་ནང་དུ་ཐིམ་པར་གྱུར་པར་བསམ་ལ། སྤོས་དཀར་འཐུལ་ཞིང་ལྕགས་ཀྱུའི་རྒྱ་དང་བཅས་ཏེ། མཐའ་ཡི་རྒྱ་མཚོ་ཆེན་པོ་དང་༔ གཤེར་དང་འབྱུང་བར་རྟེན་བཅས་པའི༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ འཁོར་དང་བཅས་པ་སྤྱན་འདྲེན་ནོ༔ པདྨ་དཀར་པོའི་གདན་ལ་བཞུགས༔ ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ས་མཱ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བཀུག་སྟེ་བུམ་ནང་དུ་བསྟིམ། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་བྱ། ཨོཾ་ལས་ཀླུ་རྣམས་དགྱེས་སྐྱེད་པའི། །མཆོད་སྦྱིན་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། དྭངས་བསིལ་རྙོགས་མེད་ཡོན་ཆབ་དང་། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །ཙནྡན་ནགས་ཀྱི་སྤོས་དཀར་དྲི། །དགེ་ཞིང་མུན་འཇོམས་ནོར་བུའི་འོད། །སྤོས་དང་སྨན་སྦྱར་ཆུ་གཙང་དང་། །དཀར་གསུམ་མངར་གསུམ་གཙང་མའི་ཟས། །སིལ་སྙན་རོལ་མོའི་བསྟོད་པའི་དབྱངས། །རིན་ཆེན་སྣ་བདུན་གཏེར་དང་བརྒྱད། ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི། །བཙུན་མོ་སྲས་དང་བཅས་ལ་འབུལ། །གནས་འདིར་ཀླུ་ནད་མི་འབྱུང་ཞིང་། །བཀྲ་ཤིས་ལོངས་སྤྱོད་རྒྱས་པར་མཛོད། །ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་མཾ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། སྨན་དང་དར་ཟབ་འབྲས་བུའི་ཚོགས། །ཀླུ་རྒྱལ་འཁོར་བཅས་དགྱེས་བྱེད་ཅིང་། །ཀླུ་ཡི་ནད་ཀུན་ཞི་བའི་སྨན། །ཆོས་དང་གང་འདོད་ཆར་པ་བཞིན། །ཀླུ་ཡིས་འབད་མེད་ལྷུན་གྲུབ་ཤོག །ཨོཾ་ནཱ་ག་རཱ་ཛ་བུདྡྷེ་བྷ་ག་ཝཱན། ན་མོ་རཏྣ་ཏྲ་ཡ་ཡཱ་ཧ་ཧ་ཧུ་ཧུ། ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་གསུམ་གྱི་གཏོར་མ་བྱིན་བརླབ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། ཀླུ་རྒྱལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་སྩོལ་ཞིང་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛོད་དུ་གསོལ། ཞེས་འདོད་དོན་གསོལ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མཐའ་དག་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཀླུ་རྒྱལ་འཁོར་བཅས་ཀྱི་ཐུགས་ཀར་ཟླ་་ལ་གནས་པའི་ཕུཿཡིག་སེར་པོ་སྔགས་ཀྱིས་གཡས་སུ་བསྐོར་བ། རང་གི་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་འཕྲོས། མདུན་བསྐྱེད་འཁོར་དང་བཅས་པ་ལ་ཕོག་པས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྟན་གཡོའི་དྭངས་བཅུད་མ་ལུས་པ་བསྡུས་ནས་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛཿ ཞེས་གཙོ་བོར་བཟླ་ཞིང་། སྐབས་སུ་ནཱ་ག་རཱ་ཛ་བུདྡྷ་བྷ་ག་ཝན་སོགས་གོང་གི་ལས་སྔགས་བཏགས་པའང་བཟླ། ཐུན་མཐར་སྤྲོ་ན། ཏདྱ་ཐཱ། དྷ་ར་ཎི་དྷཱ་ར་ཎི་ཨུདྡྷ་ར་ཎི། སཾ་པྲ་ཏིཥྛ་ཏེ་བི་ཛ་ཡ་བརྞ་སཏྱ་པྲ་ཏི་ཛྙཱ་ས་ཧ་ར། ཛྙཱ་ན་པ་ཏི། ཨུད་པ་ད་ནི་བི་ནཱ་མ་ནི། ཨི་བྷི་ཥིཉྩ་ནི། ཨ་བྷི་བྱ། ཧཱ་ར་ཤུ་བྷཱ་བ་ཏི། ཨ་ཛི་མ། ཨེ་ཧི་ཀུ་མ་པཱ་ལ། བཱ་ཧ་ཧ་ར་ཀླེ་ཤཱ་ན། དྷཱ་ན་པཱ་པཾ། ཤོ་དྷ་ཡ་མཱརྒཱ་ནཱ། ནི་ར་ཧི་ཀ་དྷརྨ་ཏ་ཤུདྡྷ་ལོ་ཀ་བི་ཏི་མ་རི་རཱ་ཛ་ས་དུ་ཁ། ཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷི་ཥྛི་ཏེ་པྲ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་སྔགས་ཀྱང་ཅི་ནུས་བཟླས་ལ། དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ཁ་བསྐང་། སྔར་བཞིན་མཆོད་ཅིང་བསྟོད་ལ། ཨེ་མཿ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐང་ཕྱིར་འདོད་ཡོན་འབུལ༔ ནད་སེལ་སྨན་གྱི་རིགས་རྣམས་འབུལ༔ ཀླུ་རྒྱལ་འདོད་པ་ཚིམས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ འཇིག་རྟེན་ཁམས་འདིར་ཆར་འབེབས་ཤིང་༔ འབྲུ་དང་མི་ནོར་འཕེལ་བར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འདོད་ཡོན་འབྱོར་པ་འཕེལ་བ་དང་༔ ཆེ་བཙུན་བཟང་རྒུ་དབང་སྡུས་ཤིག༔ གྲགས་པའི་དཔལ་འབྱོར་ཐོབ་པ་དང་༔ སྙན་པས་འཇིག་རྟེན་ཁྱབ་པར་མཛོད༔ འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཡི༔ ལུས་སེམས་ཀླུ་ཡི་མཐུས་བསྐྱེད་པས༔ གཞན་སེམས་རང་དབང་མེད་པར་ཆོམ༔ མཆོད་ཅིང་སྒྲུབ་པའི་འདོད་དོན་སྩོལ༔ ཕྲིན་ལས་མྱུར་དུ་མ་བསྒྲུབ་ན༔ ཡེ་ཤེས་ལྷ་ཡི་ཐུགས་དང་འགལ༔ ཀླུ་རྒྱལ་དམ་ཚིག་ཉམས་ཏ་རེ༔ དེ་བས་གང་བཅོལ་ཕྲིན་ལས་རྣམས༔ མྱུར་དུ་སྒྲུབས་ཤིག་ས་མ་ཡ༔ ཞེས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་སྙིང་བཟླས་པའི་མེ་ཏོག་ཐོགས་ལ། ན་མོ། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྲུང་མ་ལྷག་བསམ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཀླུ་རྒྱལ་པོ་ཆེན་པོ་ནོར་རྒྱས་ཡབ་ཡུམ་སོགས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་རཏྣའི་ཕོ་བྲང་ལོངས་སྤྱོད་འཛད་པ་མེད་པའི་རྟེན་འདི་ལ་དགྱེས་པར་བཞུགས་ཏེ་སའི་ཕྱོགས་འདིར་འདོད་པའི་དངོས་གྲུབ་མཐའ་དག་སྩོལ་བ་དང་། ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ། ཞེས་པས་མགྲོན་ཐབས་ཀྱི་ཀླུ་གཤེགས་འོས་རྣམས་རང་གནས་སུ་གཏང་། ཨོཾ་ག་རུ་ཎ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་པས་ནག་ཕྱོགས་པའི་ཀླུ་རྣམས་བསྐྲད། གཞན་ཡང་ཐུན་བར་རྣམས་སུ་ཀླུ་གཏོར་སོགས་ལ་འབད་ཅིང་ཇི་ཙམ་ནུས་པར་བསྒྲུབ་བོ། །སྒྲུབ་པ་ཐེམ་ནས་ལས་ལ་སྦྱོར་བ་ནི། སྤྱིར་ས་གནད་གྲགས་ཆེན་བཀྲ་ཤིས་ཤིང་གཏན་ས་ཀུན་དང་། གཙུག་ལག་ཁང་། མཆོད་རྟེན་སོགས་ལ་སྦས་ན་བཀྲ་ཤིས་ཤིང་བསམ་དོན་མཐའ་དག་འགྲུབ། མངའ་ཐང་ལོངས་སྤྱོད་རྒྱས་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་ཞིང་། བྱེ་བྲག་རང་གི་ཁྱིམ་རྒྱས་པར་འདོད་ན་མཛོད་ཕུག །གྲོང་ཁྱེར་རྒྱས་པར་འདོད་ན་གྲོང་ཁྱེར་དབུས། སད་སེར་བསྲུང་བ་ས་མདོ་གཉན་ས་ཆར་པ་འབེབ་པར་འདོད་ན་ཆུ་མིག་རྣམས་སུ་སྦས་པས་དོན་འགྲུབ། གནས་དགོན་གདན་ས། གྲོང་ཁྱེར། སྡེ་དཔོན། ཁྱིམ་གཞིས་སོགས་ཉམས་རྒུད་གསོ་བར་འདོད་ན་གནས་དེའི་ཕྱོགས་བཞི་དབུས་དང་ལྔ་ལ་སྦས་ན་ཉམས་པ་སོར་ཆུད་ཅིང་སྔར་བས་ཀྱང་བསོད་ནམས་ལོངས་སྤྱོད་རྒྱས་པར་འགྱུར། གནས་དགོན་གྲོང་ཁྱེར་སོགས་ཀྱི་ཆུ་མིག་ཁ་ཤར་ལྟ་ཡོད་ན་རིན་ཆེན་ཕྱེ་མ་བསྲེས་པའི་རྫ་བུམ་ནང་ཀླུ་ཆེན་ཡབ་ཡུམ་གཟུགས་ཀྱི་སྙིང་གར་ཕུཿདང་སྙིང་པོ་འདོད་གསོལ་བྲིས་པ་གཞུག །ཀླུ་སྨན་གཙོས་བུམ་པའི་རྫས་རྣམས་དང་བྱད་ཚྭ་དཀར་པོ་བསླད་མེད་ཀྱིས་བཀང་། སྒྲུབ་པ་ཚུལ་བཞིན་བྱས་པ་དེ་ཆུ་མིག་ཀླུའི་ཕོ་བྲང་དུ་གསལ་ནས་སྦས་ན་ཅི་འདོད་པའི་དངོས་གྲུབ་གྱུར། ཆུ་མིག་ལྐུགས་པ་ལ་སྦས་ན་ཆུ་རྒྱས། ཆུ་སྐམ་པ་དང་ཉམས་པ་རྣམས་ཀྱང་འདི་བཞིན་བྱས་ན་ཆུ་རྒྱས་ཤིང་ལེགས་ཚོགས་འཕེལ་བར་གསུངས་པས་སོ་སོའི་སྐབས་ཐོབ་བཞིན་ཤེས་པར་བྱས་ནས། གཙག་ལག་ཁང་དང་ཕོ་བྲང་། ཁང་ཁྱིམ་སོགས་ལ་ཤ་ཆང་གི་དྲི་མ་མེད་པར་ཁྲུ་གང་ཡན་ཆད་ཀྱི་རྩིག་པའི་གསེབ་ཏུ་བླུགས་ཏེ་མདུན་ཤར་དུ་བསྟན་ལ་སྦ། ཆུ་མིག་ཞིང་དཀྱིལ་སོགས་སུ་ཀླུ་རྟེན་ལྟ་བུ་བརྩིགས་པའི་དབུས་སུ་རྡོ་སྒྲོམ་གྱི་ནང་ཆུ་རྡེལ་གཙང་མས་བཀང་བའི་དབུས་སུ་མདུན་ཤར་དུ་བསྟན་ཏེ་སྦ། གང་གི་ཚེ་ནའང་ཁྲུས་བྱ་ཞིང་གོས་གསར་པ་གྱོན། དུང་འབུལ་ལ། ཨོཾ། བུམ་པ་ཀླུ་ཡི་གཞལ་ཡས་ཁང་། །རྒྱ་མཚོ་ཆེན་པོའི་གཏིང་རུམ་འདིར། །ཀླུ་རྒྱལ་འཁོར་དང་བཅས་པ་རྣམས། །རྟག་ཏུ་བརྟན་པར་བཞུགས་ནས་ཀྱང་། །ཀླུ་གཡང་དངོས་གྲུབ་སྩལ་དུ་གསོལ། །ཀླུ་ཡི་འཕན་གཡང་ཕྱུག་གཡང་དང་། །ཀླུ་ཡི་བཀྲག་དང་གཟི་མདངས་གཡང་། །ཀླུ་ཡི་ཆོས་སྲིད་བཀྲ་ཤིས་གཡང་། །བསོད་ནམས་ཕུན་ཚོགས་ཆུ་ཡི་གཡང་། །སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ། །ཀླུ་ཡི་དངོས་གྲུབ་དམ་པ་སྩོལ། །ཕྱུག་གཡང་དར་གཡང་སྐྱིད་གཡང་རྣམས། ཁུ་ཡེ་ཕྱྭ་དང་གཡང་དུ་བྱོན། །ཀླུ་ཡི་བཀྲ་ཤིས་བསམ་མི་ཁྱབ། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཀླུ་རྣམས་ཆུས་སྲིད་དབང་ཐང་ཆེ། །བཀྲ་ཤིས་དེས་ཀྱང་འདིར་འབྱུང་ཤོག །ཀླུ་ཆེན་ནོར་རྒྱས་དངོས་གྲུབ་མཚོ། །གནས་འདིར་འགྲུབ་པའི་བཀྲ་ཤིས་ཤོག །རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། །རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད། །ཐམས་ཅད་གནས་འདིར་འདུ་བར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ཨོཾ་སརྦ་ཤ་བ་རི་པུ་རུ་སིདྡྷི་ཧཱུྃ། ནཱ་ག་སིདྡྷི་ཕ་ལ་སྭསྟི་སྭསྟི། ཞེས་བརྗོད་ཅིང་། གཡམ་པས་ཐོག་བཀབ་བྱི་བ་སོགས་སྲོག་ཆགས་ཀྱི་གནོད་པ་དང་ཆུས་མི་འཇིག་པའི་ལག་ཚག་དམ་པར་བྱ། རྩིག་གསེབ་ལྟ་བུར་སྒོར་ཉི་ཟླ་མཆོད་རྟེན་སོགས་བཀྲ་ཤིས་པའི་མཚན་མ་བྲི། ཤིས་བརྗོད་རྒྱས་པར་སྤེལ། མཆོད་གཏོར་བྱ་ཁྱིས་མི་ཟ་བར་བྱ། ཀླུ་ཐེབས་སྐབས་སོགས་སུ་མཆོད་པ་ལ་བརྩོན་པར་བྱའོ། །དེ་ལྟར་བསྒྲུབ་པས་སྣོད་བཅུད་ཀྱི་རྒུད་པ་མ་ལུས་པ་ཞི་ཞིང་། དཔལ་འབྱོར་ལེགས་ཚོགས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གསོལ་བ་བཏབ་པ་ལྟར་འབད་མེད་ལྷུན་གྲུབ་ཏུ་འཇོ་བར་འགྱུར་པ་ཡིན་ནོ། །ཞེས་པའང་ཉེ་བར་འཁོ་བའི་ཡན་ལག་ཏུ་མཁན་ཆེན་འཇམ་དབྱངས་རྡོ་རྗེའི་བཞེད་པ་བཞིན་བྱིན་རླབས་ཀྱི་བབ་དང་ཁུངས་དག་པའི་སྐྱབས་རྗེ་འགྲོ་འདུལ་གླིང་པའི་ཡིག་ཆ་སོར་བཞག་སྟེ་འགྲོ་འདུལ་པད་རྒྱལ་པས་འབྲུག་སྤ་གྲོ་རིན་སྤུང་རྫོང་གི་གཙུག་ལག་ཁང་དུ་རབ་འབྱུང་བཅུ་བདུན་པས་འབྲུག་ཟླ་༨ཚེས་༢༦ཤིན་ཏུ་དགེ་བར་རང་གཏེར་མན་ངག་གིས་ཟུར་བརྒྱན་ཏེ་ལག་ལེན་འཇུག་པ་བདེ་བའི་ངག་ཁྲིད་སུ་བསྡེབས་པ་ཛ་ཡནྟུ།། །།

Leave a Reply

Your email address will not be published. Required fields are marked *