May 2020

ས་སྙིང་འཁོར་ལོ་བཅུ་པའི་མདོར་བྱུང་བའི་ཚུལ་ཁྲིམས་འཆལ་བའི་གང་ཟག་ཡིན་ཡང་ངུར་སྨྲིག་གྱོན་རུང་བའི་སྐོར།

ས་སྙིང་འཁོར་ལོ་བཅུ་པའི་མདོར་བྱུང་བའི་ཚུལ་ཁྲིམས་འཆལ་བའི་གང་ཟག་ཡིན་ཡང་ངུར་སྨྲིག་གྱོན་རུང་བའི་སྐོར།

ན་མོ་བུདྡྷ་ཡེ། དེང་དུས་འདུལ་བ་འཛིན་པ་ཆེན་པོར་གྲགས་པ་འགས་ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ངུར་སྨྲིག་གི་གོས་བགོ་མི་རུང་བ་ཞིབ་མོ་རྣམ་འཐག་གི་སྒོ་ནས་བཤད་ཅིང་། དེ་ལ་སྒྲུབ་བྱེད་ཀྱི་ལུང་ཚིག་མང་དུ་བཀོད་ནས་བསྟན་པ་སྤྱིའི་གནས་བབ་དང་རབ་བྱུང་སྤྱིའི་སྤྱོད་ལམ་ལ་ཐུགས་ལས་ཚད་མེད་མཛད་ཀྱིན་ཡོད་མོད། དེ་ལྟ་ནའང་ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ངུར་སྨྲིག་བགོ་རུང་མིན་ནི་ལྷག་བསམ་དཀར་བ་ཙམ་གྱིས་དེའི་ཞལ་བརྩིས་ཏེ་སྡོད་དགོས་པ་ཞིག་མིན་པར་སངས་རྒྱས་ཀྱི་བཀའ་ཉིད་དཔང་པོར་བཞག་ནས་དོན་གྱི་བདེན་པར་འཇུས་ཏེ་ཐག་གཅོད་དགོས་སྟབས་མིང་གྲགས་ཆེ་ཆུང་དང་ཁ་སྟབས་མཐོ་དམན་གྱི་དབང་དུ་མི་འགྲོ་བ་གལ་ཆེ་ལ། རང་ཅག་ཐོས་པ་འཚོལ་བའི་གང་ཟག་ཏུ་ཁས་འཆེ་བ་དག་གིས་ཀྱང་འདི་ལ་ཡིན་མིན་གྱི་བརྡར་ཤ་གཅོད་དགོས་པས་ཁོ་བོའང་དེའི་གྲལ་དུ་འཚངས་ཏེ་བདེན་པ་དོན་དུ་གཉེར་བའི་ལས་སུ་ཞུགས་ཁུལ་བགྱིས་པ་ལ་དཔྱོད་ལྡན་དག་མི་ཁྲེལ་བར་ཞུ་ཞེས་པ་ནི་གླེང་གཞི་དང་འབྲེལ་ཏེ་ཐོག་མའི་སེམས་བསྐྱེད་དོ།།

དེ་ཡང་མདོ་ཡི་སྒྲས་ཟིན་ཚོད་ལ་ཚུལ་ཁྲིམས་འཆལ་བཞིན་དུ་ངུར་སྨྲིག་བགོ་རུང་བ་དང་མི་རུང་བ་གཉིས་ཀ་གསུངས་ཤིང་། དེ་འདྲ་བ་བྱུང་ཚེ་དེ་གཉིས་ལས་གཅིག་སྒྲ་ཇི་བཞིན་དུ་ཁས་བླངས་ཏེ་ཅིག་ཤོས་ལ་དགོངས་པ་བཙལ་དགོས་ལ། དེ་ནི་མདོ་འཆད་ཚུལ་མ་ནོར་བ་ཞིག་ཀྱང་ཡིན་ནོ།། དེ་ཡང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། དེ་ནས་ཚངས་པ་ཆེན་པོ་ལྷའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དག་གལ་ཏེ་རྒྱལ་རིགས་སམ། བློན་པོ་ཆེན་པོའམ། དབང་པོས་ལྕག་དང་དབྱུག་པ་ལ་སོགས་པས་གཞུས་སམ། བརྡེགས་སམ།གལ་ཏེ་བཙོན་རར་བཅུག་གམ། སྤྱོས་སམ། བརྒྱད་དམ། ཡན་ལག་གཏུབས་སམ། སྲོག་དང་ཕྲལ་ཏེ་བཀུམ་ན་དེ་ཅི་རིགས་པ་ལགས་སམ། འོན་ཏེ་རིགས་པར་མ་ལགས།བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལྷའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་སེམས་ཅན་གང་ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན་ན་ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་སམ།ཚུལ་ཁྲིམས་མེད་ཀྱང་རུང་སྟེ། དེ་ལ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཁྱིམ་པའི་ཆོས་ཉིད་དང་སྦྱར་དུ་ཡང་མི་གནང་ན། དེ་ལ་ལྕག་དང་དབྱིག་པ་ལ་སོགས་པས་ལུས་ལ་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་བ་དང་། སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ཆོས་མ་ཡིན་པ་དང་སྦྱོར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་སྲུང་ཞིང་མང་དུ་ཐོས་པ་དང་ལྡན་པ་ལྟ་ཞོག་ལ།ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བའི་ཆོས་སྤྱོད་པས་ནང་རུལ་ཅིང་མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ།ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་རྣམ་པ་སྣ་ཚོགས་ལས་ཕམ་པ། ཞིག་པ། ཁས་བུབ་པ་དེ་ལྟ་བུའི་ཚུལ་ཁྲིམས་ཉམས་པའི་དགེ་སློང་ངན་པ་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པ་དང་འདྲེན་པར་འགྱུར་ཏེ། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པའི་གཏེར་དུ་འགྱུར་རོ།། ཞེས་ཚུལ་འཆལ་མི་དགེ་ལ་སྤྱོད་པ་ནང་རུལ་བ་དག་ཀྱང་ཡོན་ཏན་དཔག་ཏུ་མེད་པའི་གཏེར་ཡིན་པར་གསུངས་སོ།།

ཡང་དེ་ལས། གཞན་ཡང་རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་བཅུ་སྐྱེ་བས་ན་ཡོན་ཏན་རིན་པོ་ཆེའི་ཕུང་པོ་དཔག་ཏུ་མེད་པ་བཅུ་འཐོབ་པར་འགྱུར་རོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་མོད་ཀྱི། སེམས་ཅན་དག་གིས་མཐོང་བར་གྱུར་ན་སངས་རྒྱས་རྗེས་སུ་དྲན་པས་བཀུར་སྟི་དང་བཅས་པས་དད་ཅིང་གུས་པའི་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་མུ་སྟེགས་ཅན་གྱི་སྟོན་པ་དང་། དེའི་གཙུག་ལག་དང་། དེའི་འཁོར་ལ་ནམ་དུའང་མི་ཕྱོགས་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་འཕགས་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་སྲོག་གཅོད་པ་ཡོངས་སུ་སྤོང་བ་དང་། མ་བྱིན་པར་ལེན་པ་ཡོངས་སུ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤོང་བ་དང་། བརྫུན་དུ་སྨྲ་བ་ཡོངས་སུ་སྤོང་བ་དང་། བག་མེད་པའི་གནས་སྨྱོ་བའི་ཁུ་བ་ཆང་ལ་སོགས་པ་འཐུང་བ་ཡོངས་སུ་སྤོང་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་སྦྱིན་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཡང་དག་པ་དང་ཡང་དག་པའི་སྤྱོད་པ་ཅན་ལ་མཆོད་པ་དང་། བསྙེན་བཀུར་བྱེད་པ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ངང་དེས་པའི་བཟོད་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ཕྲ་མ་ཡོངས་སུ་སྤོང་བ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། ཞེ་སྡང་ཡོངས་སུ་སྤོང་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་རབ་ཏུ་འབྱུང་ཞིང་བརྩོན་འགྲུས་ལ་ནན་ཏན་བྱ་བར་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱིམ་རབ་ཏུ་སྤོང་ཞིང་ཁྱིམ་མ་ཡིན་པའི་ཆོས་ལེན་ཏེ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སྤྱོད་པའི་མཆོག་ནན་ཏན་བྱེད་པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་འཁྲུག་པའི་སེམས་ཡོངས་སུ་སྤོང་ཞིང་བསམ་གཏན་ལ་མཉམ་པར་གཞོག་པ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།། དེའི་རྒྱུ་དེའི་རྐྱེན་གྱིས་རི་དང་། ཚལ་དང་། བས་མཐའ་དགོན་པ་ལ་མོས་ཤིང་ཉིན་མཚན་དུ་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་འགྲུས་རྩོམ་པ་ནས་འཇིགས་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ཤེས་རབ་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེའོ།།དེའི་རྒྱུ་དེའི་རྐྱེན་གྱིས་དམ་པའི་ཆོས་ཉན་པ་དང་། ཀློག་པ་དང་། འདོན་པ་ལ་དགའ་ཞིང་སྤྲོ་བ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ལ་ལས་མཐོང་ནས་ཡང་དག་པར་འབྱུང་བ་དགེ་བའི་རྩ་བ་སྔོན་བསྐྱེད་པར་རྗེས་སུ་དྲན་པ་ལ་ལྷག་པའི་བསམ་པ་སྐྱེ་བ་ནས་འཛུམ་བཞིན་དུ་སྨྲ་བ་དང་། སྤྲོ་བཞིན་དུ་གཏམ་ཟེར་བ་དང་། རྐང་པ་ལ་ཕྱག་འཚལ་བའི་བར་དུ་བྱེད་པར་འགྱུར་རོ།། དེའི་རྒྱུ་དེའི་རྐྱེན་གྱིས་རིགས་ཆེ་ཞིང་མཐོ་བ་དང་། བཙུན་པའི་རིགས་སུ་སྐྱེ་ཞིང་སེམས་ཅན་ཚད་མེད་པ་ཀུན་གྱིས་མཐོང་ན་དགའ་བ་ནས་འཇིགས་པ་དང་བྲལ་བ་ཡོངས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་བར་དུ་འགྱུར་རོ།། ཞེས་གཞན་དག་དགེ་སློང་དེ་འདྲ་བ་མཐོང་ཚེ་དེ་དག་མུ་སྟེགས་སུ་མི་ཞུགས་པ་སོགས་ཀྱི་ཡོན་ཏན་དེ་ལྟ་བུ་སྐྱེ་བར་གསུངས་ལ། དེ་ཡང་སྔར་ཚུལ་ཁྲིམས་བླངས་མྱོང་བ་སོགས་ཀྱི་མཐུས་མིན་གྱི་ཆ་ལུགས་འབའ་ཞིག་གིས་ཡིན་ཏེ། དེ་དག་གི་གཟུགས་མཐོང་བ་ན་དེ་ལྟར་སྐྱེ་བར་གསུངས་པའི་ཕྱིར་དང་། མདོ་དེའི་འཕྲོ་དེ་མ་ཐག་ཏུའང་། རིགས་ཀྱི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་དང་ཆ་ལུགས་མཐོང་བ་ཙམ་གྱིས་ལྷག་པའི་བསམ་པ་རྣམ་པ་འདི་བཅུ་སྐྱེ་སྟེ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཚད་མེད་པ་ཐོབ་པར་འགྱུར་རོ། ། དེ་བས་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དབང་པོ་ལ་སོགས་པས་དེ་ལ་ལྕག་དང་། དབྱིག་པ་ལ་སོགས་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་ཕྲལ་བ་ལ་སོགས་པ་བྱ་བར་མི་རིགས་སོ།། ཞེས་བསྟན་པ་ལ་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཀྱང་སེམས་ཅན་དག་གཟུགས་དང་ཆ་ལུགས་མཐོང་བ་ཙམ་གྱིས་དེ་ལྟ་བུའི་ཡོན་ཏན་འབྱུང་བར་གསུངས་པས་ཆ་ལུགས་ལ་དགེ་བ་མེད་ཅིང་བསྟན་པར་རྨ་འབྱིན་ཏེ་སུན་བྱུང་བ་ཡིན་ན་སངས་རྒྱས་ཀྱིས་དེ་ལྟར་ག་ལ་གསུངས། དེས་ན་ཆ་ལུགས་དོར་བས་ཡོན་ཏན་དེ་དག་ཀྱང་མི་སྐྱེ་བར་ངེས་པས་ཚུལ་ཁྲིམས་འཆལ་བས་ངུར་སྨྲིག་བགོ་རུང་བར་མ་ཟད་བགོ་དགོས་པ་ཞིག་ཏུ་མཐོང་ལ། སྐྱེ་བོ་ཕལ་བ་ཁྱིམ་པ་དག་གི་ནང་དུའང་ཁྱོད་ཀྱི་སྡོམ་པ་ཉམས་ཀྱང་གྲྭ་གོས་མ་ཕུད་ཅེས་ཞུ་བ་ཕུལ་བ་དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་ལགས་སོ།།

ཡང་མདོ་དེ་ལས། གཞན་ཡང་ཚངས་པ་ཆེན་པོ་ང་ལ་སྐྱབས་སུ་སོང་སྟེ། རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བའི་ཆོས་སྤྱོད་པ་ནང་རུལ་ཅིང་མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་རྣམ་པ་མང་པོ་ལས་ཕམ་པ། རུལ་བ། ཁས་བུབ་པ་ལྟ་བུའི་དགེ་སློང་ཚུལ་ཁྲིམས་ཉམས་ཏེ་མི་དགེ་བ་སྤྱོད་མོད་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོན་པ་དང་། འདྲེན་པའི་དགེ་བའི་བཤེས་གཉེན་བྱེད་ཅིང་ཡོན་ཏན་དཔག་ཏུ་མེད་པའི་གཏེར་དུ་འགྱུར་རོ།། དེ་ལྟར་དགེ་སློང་དེ་ཆོས་ཀྱི་སྣོད་མ་ཡིན་མོད་ཀྱི། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས་ཆ་ལུགས་དང་སྤྱོད་ལམ་འཕགས་པ་རྣམས་དང་མཐུན་ཏེ། དེ་མཐོང་བ་ཙམ་གྱིས་སེམས་ཅན་ཚད་མེད་པ་རྣམས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་འཕེལ་ཞིང་སྐྱེ་བར་འགྱུར་རོ།། ཞེས་ཚུལ་འཆལ་ཁོ་རང་ཆོས་ཀྱི་སྣོད་མ་ཡིན་ཀྱང་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས་ཆ་ལུགས་དང་སྤྱོད་ལམ་འཕགས་པ་རྣམས་དང་མཐུན་པ་ཡིན་པས་གཞན་གྱི་སྟོན་པ་དང་འདྲེན་པར་གསུངས་པས་ཆ་ལུགས་དོར་ཏེ་ཁྱིམ་པ་དང་མཐུན་པར་བྱས་པས་དེ་འདྲའི་ཡོན་ཏན་འབྱུང་བའི་གནས་མེད་དོ།། འོ་ན་འོད་སྲུང་གི་ལེའུ་སོགས་ལས་དགེ་སློང་ཚུལ་ཁྲིམས་འཆལ་བ་དག་མིའི་རོ་དང་འདྲ་བར་གསུངས་པའི་དོན་གང་ཡིན་ཞེ་ན་བཤད་པར་བྱ་སྟེ། དེ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན། མི་རོའི་མགོ་ལ་གསེར་གྱི་ཕྲེང་བ་བཏགས་པ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ངུར་སྨྲིག་གྱོན་པར་བལྟ་བར་བྱའོ།། ཞེས་དགེ་སློང་ནི་མིའི་རོ་དང་ངུར་སྨྲིག་ནི་གསེར་གྱི་ཕྲེང་བའི་དཔེས་གསུངས་ལ།དེས་ནི་དགེ་སློང་ཚུལ་འཆལ་སྨད་པ་ལས་ངུར་སྨྲིག་གྱོན་མ་སྨད་ལ། དེའི་སྐོར་ཡང་ས་སྙིང་འཁོར་ལོ་བཅུ་པའི་མདོར་འབྱུང་སྟེ། ཇི་སྐད་དུ། ཚངས་པ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་དེ་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་གསུངས་མོད་ཀྱི་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་དང་། ཡོན་ཏན་ལྷག་མའི་མཐུ་ཡོད་དོ། ། དཔེར་ན་ཁྱུ་མཆོག་གམ། གླ་བ་ལྟ་བུ་ཤི་སྟེ་རྣམ་པར་ཤེས་པ་དང་བྲལ་ནས་བྱོལ་སོང་གི་ནང་ན་རོ་ཡིན་མོད་ཀྱི། ཁྱུ་མཆོག་ལ་གིའུ་ཝང་ཡོད་པ་དང་། གླ་བ་ལ་གླ་རྩི་ཡོད་པས་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་ཕན་པ་དང་བདེ་བའི་དོན་ཆེན་པོར་འགྱུར་བ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་དེ་ཡང་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་བྱ་མོད་ཀྱི། རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་དང་། ཡོན་ཏན་ལྷག་མའི་མཐུས་ཀྱང་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ལ་ཕན་པ་དང་བདེ་བའི་དོན་ཆེན་པོར་འགྱུར་རོ།། ཚངས་པ་ཆེན་པོ་འདི་ལྟ་སྟེ། ཚོང་པ་དག་ཀྱང་རྒྱ་མཚོ་ཆེན་པོར་ཞུགས་ནས་རིགས་གཅིག་པའི་སེམས་ཅན་ཚད་མེད་པ་དག་བསད་དེ་མིག་ཕྱུང་ནས་མིག་གི་འབྲས་བུ་དེ་དང་། བརྟན་ཞེས་བྱ་བའི་འབྲས་བུ་དང་ལྷན་ཅིག་སྦྱར་ན་མིག་སྨན་རིན་པོ་ཆེར་འགྱུར་རོ།། སེམས་ཅན་གང་ལོང་བ་མིག་མེད་པ་མངལ་ནས་ཕྱུང་ནས་དམུས་ལོང་དུ་གྱུར་པ་དག་གི་མིག་ཏུ་རིན་པོ་ཆེའི་མིག་སྨན་དེས་བྱུགས་ན་མིག་ནད་ཐམས་ཅད་དང་བྲལ་ཏེ། མིག་རྣོ་ཞིང་གསལ་བར་འགྱུར་རོ།། དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་ཡང་ངས་བསྟན་པའི་འདུལ་བ་ལས་མི་རོ་ལྟ་བུའོ་ཞེས་བྱ་མོད་ཀྱི་རབ་ཏུ་བྱུང་བའི་སྤྱོད་ལམ་དང་། ཆ་ལུགས་ཡོད་པས་སེམས་ཅན་ཚད་མེད་པ་དག་གིས་སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང་རྣམ་པར་དག་པའི་ཤེས་རབ་ཀྱི་མིག་ཐོབ་པར་འགྱུར་ན་ཕ་རོལ་པོ་གཞན་ལ་དམ་པའི་ཆོས་སྟོན་ནུས་པ་ལྟ་ཅི་སྨོས། ཚངས་པ་ཆེན་པོ་འདི་ལྟ་སྟེ།བདུག་སྤོས་བསྲེགས་ན་སྤོས་ཉིད་ཚིག་སྟེ་མེད་པར་སོང་ཡང་དྲི་བསུང་གིས་གཞན་ལ་བྲོ་བར་བྱེད་དོ།།

དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་དེ་ཡང་ཚུལ་ཁྲིམས་ཉམས་པས་བསོད་ནམས་ཀྱི་ཞིང་གཤིན་པ་མ་ཡིན་ཏེ། ཉིན་མཚན་དུ་དད་པས་བྱིན་པས་བསྲེགས་ཏེ་ཚེ་འཕོས་ནས་ངན་སོང་གསུམ་དུ་ལྷུང་མོད་ཀྱི་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་ཕན་པ་དང་བདེ་བའི་དོན་དུ་འགྱུར་ཏེ། མཐོ་རིས་ཀྱི་ལྷར་སྐྱེ་བ་དང་མྱ་ངན་ལས་འདའ་བའི་བསུང་ཚོར་བར་བྱེད་དོ།། དེ་བས་ན་ཚངས་པ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་སྡིག་པ་སྤྱོད་པའི་དགེ་སློང་ལ་ཁྱིམ་པ་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པ་དང་། རིམ་གྲོ་བྱའི་རབ་ཏུ་བྱུང་བ་དེ་ལ་ལྕག་དང་དབྱུག་པས་གཞུ་ཞིང་འཚོག་པ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབ་པ་དང་། འཚོ་བའི་དབང་པོ་དང་དབྲལ་དུ་ངས་མ་གནང་ངོ་། ། ཞེས་གླ་བ་ཤི་བ་ལ་གླ་རྩི་དང་། ཁྱི་མཆོག་ཤི་བ་ལ་གིའུ་ཝང་ཡོད་པས་དེ་དག་གིས་སེམས་ཅན་ལ་ཕན་པ་ལྟར་ཚུལ་འཆལ་ལ་ཡོན་ཏན་ལྷག་མ་ཡོད་པས་གཞན་ལ་ཕན་པ་དང་། མིག་སྨན་རིན་པོ་ཆེས་གཞན་གྱི་མིག་ནད་བསལ་ཏེ་གཟུགས་མཐོང་དུ་འཇུག་པ་ལྟར་ཚུལ་འཆལ་རབ་ཏུ་བྱུང་བའི་སྤྱོད་ལམ་དང་། ཆ་ལུགས་ཡོད་པ་ཙམ་གྱིས་ཀྱང་གཞན་ལ་རྣམ་པར་དག་པའི་མིག་སྟེར་ན་ཆོས་སྟོན་ནུས་པའི་ཚུལ་འཆལ་རྣམས་སྨོས་མ་དགོས་ཞེས་སོགས་དང་། བདུག་སྤོས་བསྲེགས་ཀྱང་དྲི་བསུང་ཤུལ་དུ་ལྷག་པ་ལྟར་ཚུལ་འཆལ་རྣམས་ཚུལ་ཁྲིམས་ཉམས་པས་བསོད་ནམས་ཀྱི་ཞིང་གཤིན་པོ་མ་ཡིན་ལ། དད་ཟས་ལ་སྤྱད་པས་ངན་སོང་དུ་ལྟུང་ཡང་སེམས་ཅན་གཞན་ལ་ཕན་པར་གསུངས་པས་གཞན་ཕན་ལ་སྨོན་པའི་གང་ཟག་རྣམས་ཀྱིས་རང་གི་ཚུལ་ཁྲིམས་འཆལ་ཡང་ངུར་སྨྲིག་བགོས་འོས་སོ།། ཡིན་ནའང་། ཚུལ་ཁྲིམས་འཆལ་བ་དག་གིས་ངུར་སྨྲིག་བགོ་དགོས་མོད་ཀྱི། དགེ་འདུན་དང་འཚོ་བ་གཅིག་པ་བྱེད་པ་དང་། དད་ཟས་ལ་ལོངས་སྤྱད་པ་སོགས་ནི་མི་རུང་བ་འདྲ་སྟེ། གོང་དུའང་དད་ཟས་ལ་སྤྱད་པས་ངན་སོང་དུ་ལྟུང་བར་གསུངས་པ་དང་། ལུང་དེའི་མཇུག་ཏུའང་། དེ་དག་ཡོངས་སུ་དག་པའི་དགེ་འདུན་གྱི་ནང་དུ་གསོ་སྦྱིན་བྱ་བ་དང་། ཚུལ་དུ་འཇུག་པ་དང་། ཚུལ་ནས་བྱུང་བའི་ཚེ་བསྐྲད་པ་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་དང་། ལོངས་སྤྱོད་དང་། བཟའ་བ་དང་། བཏུང་བ་དང་། འཚོ་བའི་ཡོ་བྱད་ལ་སོགས་པ་ཐམས་ཅད་ལ་སྤྱོད་དུ་མི་དབང་སྟེ་དགེ་སྦྱོང་གིས་འདུལ་བའི་ལས་བྱེད་པ་ཐམས་ཅད་ཀྱི་ནང་དུ་འོང་དུ་མི་གནང་བར་ཟད་ཀྱི་དེ་ལ་གཞུ་བ་དང་། འཚོག་པ་དང་། འཆིང་བ་དང་། སྲོག་གི་དབང་པོ་ལ་སོགས་པ་དང་དབྲལ་བར་ངས་མ་གནང་ངོ་།། ཞེས་དང་། གང་ཟག་དེ་དགེ་འདུན་དང་ཞག་ཏུ་ལྷན་ཅིག་ཏུ་གནས་ཤིང་ལོངས་སྤྱོད་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ལ་སྤྱོད་དུ་མི་གནང་ངོ་། ། ཞེས་གསལ་བར་གསུངས་པའི་ཕྱིར།

དེ་བཞིན་དུ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང་། ཚུལ་ཁྲིམས་འཆལ་བས་དད་པས་བྱིན་པ་སྤྱད་པ་ནི་ལེགས་པ་མ་ཡིན་པའོ།། ཞེས་ཚུལ་དེ་དང་མཐུན་པར་གསུངས། དེའི་ཕྱིར་ཚུལ་འཆལ་ཚར་གཅོད་པའི་མདོ་དྲངས་ཏེ་ཚུལ་ཁྲིམས་འཆལ་བས་ངུར་སྨྲིག་བགོ་མི་རུང་བར་བསྒྲུབས་པ་ནི་གྱི་ན་སྟེ། མདོ་དེ་ལས། ཤཱ་རིའི་བུ་ངས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་གཙུག་ལག་ཁང་གི་གཞི་ལ་གོམ་པ་གཅིག་ཀྱང་འདོར་བར་རྗེས་སུ་མ་གནང་ན་ཆུའི་སྣོད་ལྟ་ཅི་སྨོས། ཁྲིའམ་ཁྲིའུ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པའི་ཕྱིར་རོ།། ཞེས་གཙུག་ཁང་སོགས་ལ་སྤྱད་མི་རུང་བར་གསུངས་པ་ལས་ངུར་སྨྲིག་བགོ་མི་རུང་བའི་ཚུལ་མེད་དོ།། དེ་མི་རུང་བའི་རྒྱུ་མཚན་ཡང་རང་རྒྱུད་ཀྱི་ཚུལ་ཁྲིམས་དེ་ཉམས་ཟིན་པས་ཡིན་གྱི་ངུར་སྨྲིག་བགོས་པ་སོགས་ཀྱིས་ནི་མ་ཡིན་ནོ།། དེ་བཞིན་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། གང་ཞིག་བསླབ་ལ་མི་གནས་ཤིང་།། བདེར་གཤེགས་རྒྱལ་མཚན་འཛིན་པ་བས། ། བསླབ་པ་མི་གནས་སྐད་ཅིག་ལ།། གཟུགས་པོར་ཁྱིམ་པར་གནས་པ་བཟང། ། ཞེས་གསུངས་པའང་བསླབ་པ་མེད་བཞིན་དུ་གཟུགས་ཙམ་རྒྱུ་མཚན་དུ་བྱས་ཏེ་ང་དགེ་སློང་ཡིན་ཞེས་རློམ་པའི་ངུར་སྨྲིག་གྱོན་པ་རྣམས་ལ་གསུངས་པ་འདྲ་སྟེ། ལུང་དེའི་སྔོན་དེ་མ་ཐག་ཏུ། བསླབ་པ་ལ་ནི་མི་གནས་ཤིང་།།བདེ་བར་གཤེགས་པའི་རྒྱལ་མཚན་འཛིན། ། གཟུགས་ཙམ་ལ་ནི་བརྟེན་ནས་སུ།། ང་ནི་དགེ་སློང་ཡིན་ཟེར་བ། ། གླང་སྨྱོན་སྣ་རལ་བཏགས་པའམ།། སྦྲུམ་མ་སྐྱུར་རྩི་འཐུངས་པ་ལྟར། ། མི་དེ་ཉི་མ་གཅིག་ལ་ཡང་།། སྡིག་པའི་ས་བོན་དཔག་མེད་དང་། ། རང་ལ་གནོད་པ་སྣ་ཚོགས་པ། ། བྱེད་པར་འགྱུར་བ་ཁོ་ན་ཡིན།། ཞེས་གསུངས་པའི་ཕྱིར། འོན་ཀྱང་འདི་ལྟར་ཁས་འཆེ་བ་རྣམས་ཀྱིས་གཞན་ལ་ཡོན་ཏན་བསྐྱེད་པ་ནི་སྔར་བཞིན་འདོད་མོད། རང་ལ་མི་དགེ་འབྱུང་བར་འདོད་དགོས་ཤིང་། དེ་འབྱུང་བའི་རྒྱུ་ཡང་ངུར་སྨྲིག་གྱོན་པས་མིན་པར་གཟུགས་ཙམ་ལ་བརྟེན་ནས་དགེ་སློང་དུ་རློམ་པས་ཡིན་པར་སེམས་སོ།། དེས་ན་དེ་འདྲ་བ་དེ་ཁྱིམ་པ་དང་དགེ་སློང་གཉིས་ཀ་མ་ཡིན་པར་ཁས་ལེན་དགོས་ཏེ། ཤཱ་རིའི་བུ་དཔེར་ན་མ་ནིང་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ།། ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཡང་ཁྱིམ་པ་ཡང་མ་ཡིན་དགེ་སྦྱོང་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཞེས་ས་སྙིང་འཁོར་ལོ་བཅུ་པར་གསུངས་པས་སོ། ། དེ་ལྟ་མོད་ཀྱི། ཙམ་པ་ཀ་ཡི་མེ་ཏོག་རྙིང་གྱུར་ཀྱང་། ། མེ་ཏོག་རྣམ་པ་གཞན་པས་ཤིན་ཏུ་ལྷག། དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། ། མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག། ཅེས་ས་སྙིང་འཁོར་ལོ་བཅུ་པའི་མདོར་གསལ་པོར་གསུངས་པས་ཚུལ་འཆལ་ཀུན་ཀྱང་ཚུལ་ཁྲིམས་ལེན་མ་མྱོང་བ་དང་གཏན་མི་འདྲའོ།། དེའི་ཕྱིར་ཀུན་མཁྱེན་མི་ཕམ་པས། ས་སྙིང་འཁོར་ལོ་བཅུ་པའི་མདོར།། ཚངས་ཆེན་ལྷ་ཡི་སྙིང་པོ་ལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། བསྟན་ལ་དད་པས་རབ་བྱུང་ནས། ། སྐྲ་དང་ཁ་སྤུ་བྲེགས་བྱས་ཏེ།། ངུར་སྨྲིག་ཚལ་བུ་གྱོན་པ་གང་། ། ཚུལ་ཁྲིམས་ལྡན་ནམ་འཆལ་ཡང་རུང་།། དེ་ལ་ལྷ་དང་མི་དང་ནི། ། ལྷ་མ་ཡིན་ལ་སོགས་པ་ཡི། ། ཁྱིམ་པའི་ཚུལ་དང་འདྲ་བར་ནི། ། དམན་པར་སྦྱར་དུའང་མི་གནང་ན།། དེ་ལ་ལྕག་གིས་གཞུད་པ་དང་། ། དབྱུག་པས་བརྡེག་ཅིང་བཙོན་དུ་འཆིང་།། གཤེ་དང་སྤྱོད་དང་ལུས་གཅོད་དང་། ། གསོད་པར་བྱེད་པ་ལྟ་ཅི་སྨྲོས།། ཚུལ་ལྡན་མང་ཐོས་ཅི་སྨྲོས་ཀྱི། ། རབ་ཏུ་བྱུང་བའི་ཚུལ་ཉམས་ཏེ།། མི་དགེ་སྤྱོད་པས་ཁོང་རུལ་བ། ། དགེ་སྦྱོང་མིན་ལ་དགེ་སྦྱོང་དུ།། ཁས་འཆེ་མ་རུངས་པ་དེ་ཡང་། ། ལྷ་དང་བཅས་པའི་འཇིག་རྟེན་གྱིས།། མཆོད་འོས་ཡོན་ཏན་གཏེར་དུ་འགྱུར། ། སྟོན་པའི་ཆ་ལུགས་འཆང་ཙམ་ཡང་།། མཐོང་བས་སྟོན་དང་ཚུལ་ཁྲིམས་སོགས། ། རྗེས་སུ་དྲན་པའི་ཡོན་ཏན་འབྱུང་། ། ཞེས་གསུངས་པ་ནི་མདོ་འདིའི་དོན་བསྡུས་ཏེ་བསྟན་པ་ཡིན་ལ། མདོར་ན་ཚུལ་ཁྲིམས་འཆལ་བ་རྣམས་ཀྱིས་ངུར་སྨྲིག་གྱོན་རུང་ལ།གྱོན་ཀྱང་དགོས་མོད་ཀྱི་དད་ཟས་དང་དགེ་འདུན་གྱི་རྫས་ལ་ལོངས་སྤྱོད་མི་རུང་ངོ་།། ཞེས་པའོ། །

མཇུག་ཏུ་ཞུ་དགོས་པ་ཞིག་ལ། འདིར་གང་བྲིས་པ་དེ་དག་རྩོམ་དང་བསྟན་བཅོས་སོགས་གང་ཡང་མ་ཡིན་པར་རང་གིས་མཐོང་ཐོས་དང་དྲན་ཚུལ་ཉི་ཚེ་བ་ཞིག་ཁ་པར་དུ་ཡི་གེར་བཀོད་པ་ཙམ་ཡིན་ཅིང་། བཀོད་དོན་ཡང་འགའ་ཞིག་གིས་ཁོ་བོའི་ཚུལ་ཁྲིམས་ཉམས་ཟིན་པས་ད་ལྟ་ཁྱིམ་པའི་སར་སོང་ཡོད་པས་ཁོ་བོ་བསྟན་པ་ལ་བཀའ་དྲིན་ཆེའོ་ཞེས་ང་རྒྱལ་ཆེ་ཙམ་ཡོད་པ་རྣམས་ཀྱི་ང་རྒྱལ་གཞོམ་སླད་དང་། ཡང་འགའ་ཞིག་གིས་ཚུལ་ཁྲིམས་ཉམས་ཟིན་པས་ངུར་སྨྲིག་དང་འབྲལ་དུ་ཕངས་མོད་ཀྱི་ཆེ་གེ་མོའི་ཟུར་ཟ་དང་ཚིག་ངན་སྣ་ཚོགས་སྨྲས་པས་སེམས་རབ་ཏུ་ཞུམ་སྟེ་ཡོད་པ་རྣམས་ལ་གཟེངས་ཅུང་ཟད་ཅིག་བསྟོད་པའི་སླད་དུ་ཡིན་པས་ཁྱེད་ཅག་གིས་ཀྱང་འབྲི་མཁན་གྱི་མིང་གི་གྲགས་པ་ཙམ་ལ་མི་ཞེན་པར་བློ་དྲང་མོའི་སྒོ་ནས་སོམས་ལ་བདེན་ཁ་གང་ཆེ་བལྟ་བར་མཛོད་ཅེས་པ་ནི་མཇུག་མཐའི་རེ་སྐུལ་ལོ།།

ཞེས་པ་འདི་ནི་ཁྲུམས་ཟླ་བའི་ཡར་ཚེས་གཅིག་ལ་གུས་ཕྲན་མེ་སེང་དུ་འབོད་པས་གསེར་ལྗོངས་ལི་མདོའི་ཆོས་གྲྭ་ནས་བྲིས།

Leave a Reply

Your email address will not be published.