October 2019

དགེ་རྒན་ཞིག་གི་མི་ཚེའི་བརྒྱུད་རིམ།
འོད་གསལ་མཐའ་ཡས།

རང་ཉིད་ནི་ཆུང་ལོ་ངོ་དྲུག་ནས་བཟུང་བྱམས་ལྡན་ཕ་ལོ་དང་ལྷན་དུ་སྐྱིད་སྡུག་འཚོ་བའི་གོམ་ཁ་བསྒྱུར་ནས་ནར་སོན་པའི་འབྲོག་ཕྲུག་ཅིག་ཡིན།ཆུང་དུས་ནས་ཨ་ཕས་ང་ལ་འབྲི་ཀློག་གི་ཡོན་ཏན་བསླབས། ངའི་མི་ཚེ་ཡི་རིན་ཐང་འཚོལ་ཕྱིར་ཨ་ཕའི་ལུས་ཀྱི་དཀའ་ལས་རི་ལྟར་ལྕི་ལ། སེམས་ཀྱི་ཁུར་བོ་འཚོ་ལྟར་ཟབ་ཀྱང་ངལ་བ་འབུམ་ཕྲག་གིས་བསྐྲུན་ཏེ་འདས་པའི་བགྲང་བྱ་ཉི་ཤུ་ལྷག་ལ་ཡོད་ཚད་ནས་ཡོད་ཚད་ངའི་ཕྱོགས་སུ་བཏང་ཡོད་པ་ནི། ནམ་ཡང་བརྗེད་དུ་མེད་པའི་དྲན་ཤིང་གི་རྡོ་རིང་ཞིག་ཏུ་ཆགས་ནས་ཡོད། ད་དུང་ཕ་ལོ་ལགས་ཀྱི་སྐུ་དྲིན་འོག་ངེས་མེད་ཀྱི་གྲྭ་ས་མང་པོ་ཞིག་ལ་འགྲིམ་པའི་གོ་སྐབས་ཐོབ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཞལ་མཇལ་ཆོས་ཀྱི་འབྲེལ་བ་ཐོབ། མཚན་ལྡན་དགེ་བའི་བཤེས་གཉེན་ཟླ་བརྒྱུད་མ་ཧཱ་པནྟྲི་ཏ་མཁན་ཆེན་པད་མ་ཚེ་དབང་གི་སྐུ་མདུན་ནས། ལོ་གཅིག་ལྷག་སྤྱི་དོན་འོད་གསལ་སྙིང་པོ་སོགས་དམ་པའི་ཆོས་ཀྱི་འབྲེལ་བ་ཐོབ། མགོན་བླ་པདྨའི་སྐུ་མདུན་ནས་ཆོས་སྐྱོང་སྡེ་དགུའི་སྲོག་དབང་ཐོབ། དེ་ཡི་རྗེས་སུ་རྫ་ཀ་ཐོག་དགོན་གྱི་མཁན་སྨུག་ལྡོག་གི་མདུན་ནས་དམ་པའི་ཆོས་ཀྱི་འབྲེལ་བ་ཐོབ། གནས་དེ་ན་དབྱར་གནས་ཟླ་གཅིག་དང་ཟླ་ཕྱེད་དུ་གནས། དེའི་ཕྱིས་སུ་རང་དགོན་གྱི་༧མཁན་ཆེན་བླ་མ་རིན་པོ་ཆེ་དང་། ༧མཁན་བཤད་སྒྲུབ་རྒྱ་མཚོ། ༧མཁན་པོ་འཇམ་དབྱངས་བློ་གྲོས་༧མཆོག་སྤྲུལ་ཀུན་བཟང་རིག་རྩལ་གྱི་མདུན་ནས་ཟབ་མོའི་ཆོས་ཀྱི་གདམས་ངག་དུ་མ་ཐོབ། རང་དགོན་དུ་བགྲང་བྱ་གསུམ་ལྷག་ལ་དབྱར་གནས་དང་རིག་གཞུང་གི་ཕྱོགས་སུ་བརྩོན། དེའི་ཕྱིས་སུ་རང་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པའི་སྒྲོན་མེ་༧ཨ་འཛོམ་འབྲུག་སྤྲུལ་རྡོ་རྗེ་འཆང་གི་སྐུ་མདུན་ནས་ལོ་གསུམ་གྱི་རིང་ཁྲིད་ཡིག་ཡེ་ཤེས་བླ་མ་དང་།ཁྲིད་ཡིག་ཐར་ལམ་གསལ་སྒྲོན། ཀུན་བཟང་བླ་མའི་ཞལ་ལུང་། སྙིང་ཐིག་ཡབ་བཞིའི་དབང་ལུང་། བཀའ་མ་དབང་ལུང་ཆ་ཚང་སོགས་ཟབ་མོ་ཆོས་ཀྱི་བགོ་སྐལ་ཐོབ་པའི་སྐལ་ལྡན་དུ་གྱུར། ད་དུང་མཁན་ཆེན་ཟླ་བའི་དབང་པོའི་སྐུ་མདུན་ནས། གཞུང་ཆེན་ཀ་པོད་ལྔའི་ནང་ཚན་དབུ་འདུལ་གཉིས་སོགས་བགྲང་བྱ་གསུམ་གྱི་རིང་དུ་ཐོས་བསམ་བྱས། དེའི་ཕྱིས་སུ་རྫ་རྒྱུད་ལྕང་མ་རི་ཁྲོད་དུ་བགྲང་བྱ་གཅིག་ལྷག་གི་རིང་།གསེར་རྟའི་མཁན་ཆེན་ཞོ་རོགས་ཡེ་ཤེས་ལགས་ཀྱི་སྐུ་མདུན་ནས། གཞུང་ཆེན་དག་གི་སློབ་ཁྲིད་ལ་ཐོས་བསམ་བྱས། དེའི་ཕྱིས་སུ་སྔ་འགྱུར་རྒྱལ་བ་ཞེ་ཆེན་དགོན་ནས། ངེས་པའི་རྣལ་འབྱོར་བ་མཁན་ཆེན་པདྨ་རྡོ་རྗེའི་སྐུ་མདུན་ནས་ལོ་འཁོར་གསུམ་གྱི་རིང་དུ། རིག་པའི་གནས་ཆེན་གནས་ཆུང་དག་ལ་ཐོས་བསམ་ལྷོད་མེད་དུ་བྱས། དེ་ཡི་ཕྱིས་སུ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས། བགྲང་བྱ་ལྔའི་རིང་དུ་གཙོ་བོ་མཁས་པའི་ཁྱུ་མཆོག་༧མཁན་ཆོས་ཐོ། ༧མཁན་རིག་ལྔ། ༧མཁན་བརྩོན་འགྲུས་མཐར་ཕྱིན། ༧མཁན་བསོད་དབང་། མཁན་གང་བསམ་ལྷུན་འགྲུབ། ༧བླ་མ་གུ་རུ་སོགས་ཀྱི་མདུན་ནས་མདོ་རྒྱུད་ཀྱི་གདམས་ངག་དུ་མ་ལ་ཐོས་བསམ་སློབ་གཉེར་བྱས་པའི་དྲིན་གྱིས། བློ་བླ་མ་དཀོན་མཆོག་གསུམ་ལ་གཏད། ལས་རྒྱུ་འབྲས་ལ་བརྩི་སྲུང་ཡག་པོ་ཤེས། རང་མགོ་ཉི་མ་ཆོས་ཀྱིས་ཐོན་པའི་སློབ་གསོ་འཕྲོད་ནས་ཡོད་པའི་ལས་ཅན་ཞིག་ཏུ་གྱུར།
དེ་དག་ནི་ཕྲན་གྱི་ཚེ་སྟོད་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ།།
བར་སྐབས་ཀྱི་ཚིག་བཅད།
ལང་ཚོའི་ལྟེ་ཁྲག་བསིལ་ལྡན་ལྗོངས་སུ་འཕོས། །
ལས་ཀྱི་མེ་ཏོག་སྔ་འགྱུར་བསྟན་དང་མཇལ།།
སངས་རྒྱས་དངོས་འདྲའི་བསྟན་འཛིན་སྐྱེས་ཆེན་འཕྲད།།
ང་འདྲའི་བསོད་ནམས་ཅན་དེ་རེ་ཟུང་ཙམ།།

དེ་ཡི་ཕྱིས་སུ་༢༠༡༠ལོར་ཕ་གཅིག་བླ་མ་རིན་པོ་ཆེ་མཁན་ཆེན་བླ་མའི་བཀའ་གསུང་ནང་བཞིན། རང་ཡུལ་གྱི་ཕྱོགས་སུ་བོད་རང་གི་རིག་གཞུང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ནི་ཉིན་རེ་ནས་ཉིན་རེ་བཞིན་ཉམས་ཇེ་དམའ་ཉག་ཇེ་ཕྲ་ཡིན་པ་སྨོས་མ་དགོས་པའི་ལོ་རྒྱུས་འབུར་དོད་ཞིག་ཏུ་ཆགས་ནས་ཡོད། རྒྱུ་མཚན་དེས་ན་བླ་མས་ང་ལ། ད་སྔོན་ཁྱོད་ཀྱིས་ཐོས་བསམ་གྱི་ཕྱོགས་སུ་ལོ་མང་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་ནི། རབ་ན་མི་མེད་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་ཚུགས། འབྲིང་ན་ཐུན་མིན་བོད་ཀྱི་རིག་གཞུང་དར་སྤེལ་གཏོང་བའི་ཆེད་དུ་སྤྱི་ཚོགས་ཀྱི་ཁྲོད་ནས་ན་གཞོན་དུ་མ་རེ་ལ་གསོ་བ་རིག་པ་དང་ཡིག་རྨོངས་སེལ་བ། ད་སྔོན་ཁྱོད་ཀྱིས་རིག་གཞུང་ལ་ཧུར་བརྩོན་བྱས་པའི་ཡོན་ཏན་དེ་གཞན་ལ་སྤེལ་དགོས་པ་རེད་མ་གཏོགས། རང་གར་དཀོར་ཟས་དཀོར་ཆུ་ལ་རོལ་ཏེ་མི་ཚེའི་ཉི་མ་འཕུལ་ཐབས་བྱས་ན། མི་ལེགས་པའི་བྱ་བ་ཡིན་ཞེས་གསུངས། རང་ངོས་ནས་ནམ་རྒྱུན་བླ་རུང་ན་ཡོད་པའི་སྐབས་སུ་བརྩེ་བའི་མཆེད་པོ་དམ་པ། གསེར་བཟའི་ཀརྨ་འཕྲིན་ལས་དང་ལྷན་དུ་ཐུན་མིན་བོད་ཀྱི་རིག་གཞུང་དར་སྤེལ་དགོས་ཚུལ་གྱི་ཕྱོགས་རེ་བའི་རྨི་ལམ་གྱི་སྐད་ཆ་འགྲོ་ཞོར་འདུག་ཞོར་དུ་ལབ་ཀི་ཡོད། ནུབ་གཅིག་མཁན་ཆེན་བླ་མ་རིན་པོ་ཆེའི་ཞལ་པར་གནང་བྱུང་། དེ་ནས་བཟུང་རེ་བའི་རྨི་ལམ་མངོན་དུ་གྱུར་བའི་མགོ་རྩོམ། རང་ཡུལ་གྱི་ཕྱོགས་སུ་བོད་ལུགས་གསོ་བ་རིག་པ་དང་ཡིག་རྨོངས་སེལ་སའི་སློབ་གླིང་ཆུང་ཆུང་ཞིག་འཛུགས་རྒྱུ་ཐག་ཆོད་པར་བྱུང་ནས་༢༠༡༠ཟླ་བ་༡༢་ཚེས༡༥ཉིན་བླ་མའི་སློབ་མ་ཆོས་ལྡན་རྒྱ་མི་བསོད་ནམས་དཔལ་སྒྲོན་ལགས་ཀྱི་དམངས་སྒོར་ཁྲི༡༡དང་༨༠༠༠སྟེར་ནས་ཁྲི་འདུ་རྫ་སྟོད་གྲོང་བརྡལ་དུ་སློབ་གླིང་ཁང་ས་ཞིང་དང་བཅས་པ་སྨི་གྲུ་བཞི་མ་༧༨༠ཅན་ཞིག་ཉོས། ༢༠༡༡ལོའི་ཟླ༧ཚེས་༡ཉིན་དངོས་སུ་སློབ་མགོ་ཚུགས། གསོ་རིག་དགེ་རྒན་བླ་མ་རོང་ལེ། ལས་གྲོགས་ནད་མེད་ཚེ་རིང་གཙོ་བོ་ངེད་གསུམ་པོ་མཉམ་འབྲེལ་བྱས་ནས། རིན་མེད་ངང་ང་ཚོས་ནུས་ཚོད་དང་བསྟུན་ནས་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུ་གྲོས་མ་བྱས་བསམ་པ་གཅིག་མཐུན་ངང་བྱས་པ་ཡིན། ལོ་འཁོར་མོ་གསུམ་གྱི་རིང་དུ་སྨན་རྫས་དང་སློབ་གྲྭའི་ཡོ་བྱད། སློབ་མའི་ཟས་གྲོན་ཚང་མ་ཕ་གཅིག་བླ་མ་རིན་པོ་ཆེས་དམངས་སྒོར་ཁྲི་༢༠ལྷག་གྲོན་སོང་གཏོང་ཡོད་པ་ཡིན། དེའི་ཕྱིས་སུ་སྨན་ཁང་ལ་ཡིག་ཆ་མེད། ལས་གྲོགས་ཚོའི་བསམ་བློ་གཅིག་མཐུན་དུ་མ་བྱུང་བར་རེ་ཞིག་བྱ་བ་དེ་འཚམས་འཇོག་བྱེད་དགོས་བྱུང་སོང་།བླ་མ་རོང་ལེ་ཁོང་གིས་ཀྱང་སློབ་གྲྭའི་མདུན་གྱི་ས་མི་ཆུང་བ་ཞིག་བདག་བཟུང་བྱས། སྨན་རྫས་སོགས་དངོས་པོའི་ཡོ་བྱད་ཇ་ནོམས་པ་ཞིག་ཐོབ་ཏེ་སེམས་བདེ་བོ་བྱས་ཏེ་ད་ལྟ་ཡང་སློབ་གླིང་གི་མདུན་ན་འཚོ་ཞིང་བཞུགས་བཞིན་པའོ།། དེ་དག་ནི་བསྔོའོ་འབུལ་ལོ་མཆོད་དོ་ལས་གཞན་མ་མཆིས་སོ།། ཡིན་ནའང་ཡིད་དགའ་འོས་པ་ཞིག་ལ་ད་ལྟ་གསོ་བ་རིག་པའི་རང་མགོ་ཐོན་པའི་རྒྱས་ཆེན་ཚུལ་ཁྲིམས་སྨོན་ལམ། དར་དམར་བརྩོན་འགྲུས་མཚོ་མོ། ད་དུང་རིག་གནས་ཕུལ་དུ་བྱུང་བའི་རྣམ་རྒྱལ་ཚེ་རིང་སོགས་སློབ་བུ་དུ་མ་ཞིག་རང་མགོ་རང་ཐོན་གྱི་འབྲས་བུ་སྨིན། བོད་རིགས་ན་ཆུང་བྱིས་པ་༣༠ལྷག་གི་ཡིག་རྨོངས་སེལ་ཏེ་རྒྱལ་ཁབ་སློབ་གྲྭ་རུ་བསྐྱོད་ཐུབ་པ་བྱུང་། དེ་དག་ནི་༢༠༡༡ལོ་ནས་བཟུང་༢༠༡༣ལོ་མཇུག་བར་གྱི་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན།
བར་སྐབས་ཀྱི་ཚིག་བཅད།
རྣམ་དག་རིག་པའི་གཞུང་ལ་ཐོས་བསམ་བྱས་ཏེ།།
མི་ཚེའི་དོན་སྙིང་ལྷ་ཆོས་ཁོ་ནར་བཅོལ་ཡོད།།
མི་རུ་ལན་གཅིག་སྐྱེས་པའི་དོན་སྙིང་སེམས་ཏེ།།
ཡོད་ཚད་འགྲོ་ལ་ཕུལ་བའི་སེམས་བསྐྱེད་མ་ཉམས།།


༢༠༡༤ལོ་ནས་བཟུང་རང་གིས་ཡང་བསྐྱར་ས་གནས་དེ་ཡི་ན་གཞོན་ཚོའི་མི་ཚེའི་ཉི་མ་སྟོང་ཟད་དུ་མི་འགྲོ་བའི་ཐབས་དང་བོད་རང་གི་སྲོལ་རྒྱུན་རིག་གནས་ཆེ་བ་ལྔའི་ནང་ཚན་བཟོ་རིག་པའི་བསྟན་པ།དེ་ཡི་ནང་མཚན་ལྷ་རིས་རི་མོའི་སྲོལ་རྒྱུན་མི་ཆད་པའི་ཕྱིར་དུ། ངེད་རང་དགོན་གྱི་ཨ་སྐྱ་བླ་མའི་འཚམས་སྦྱོར་བྱས་ཏེ། སྒ་ཁྲི་འདུ་འཛོམ་ཉག་གི་ལྷ་རིས་པ་དགེ་རྒན་ཀུན་དགའ་ཆོས་འཕེལ་གདན་འདྲེན་བྱས་ཁོང་ལ་ཟླ་རེར་དམངས་སྒོར་༥༠༠༠གླ་ཕོགས་སྤྲད་རྒྱུ་བྱས་ཏེ། ༢༠༡༧ཟླ་༧ཚེས་༡ཉིན་དངོས་སུ་ཨེ་ཝཾ་ལས་རིགས་ལག་རྩལ་སློབ་གླིང་དབུ་ཚུགས། ད་དུང་དེ་ཡི་དུས་སུ་ད་ལྟའི་སློབ་ཁང་ཆེ་བའི་མདུན་ན་ཡོད་པའི་སློབ་ཁང་རྙིང་བ་སྨྲི་གྲུ་བཞི་མ་༢༤༠ཅན་དེ་ལ་དམངས་སྒོར་ཁྲི་༡༠ཡི་གྲོན་སོང་གཏོང་། དེ་ཡང་ད་སྔོན་སྦྱིན་པའི་བདག་མོ་བསོད་ནམས་དཔལ་སྒྲོན་རེད། དེ་ནས་བཟུང་ལོ་འཁོར་མོ་གསུམ་གྱི་རིང་ལ་དགེ་རྒན་གྱིས་སློབ་ཁྲིད་དཔེ་ཡག་པོ་བྱུང་སོང་། སློབ་མ་ཚོ་ལ་ཡང་འབྲས་བུ་ཕུན་སུམ་ཚོགས་པོ་ཞིག་ཐོབ། ལྷ་རིས་བ་ཡིན་ཤག་ཤག་ད་ལྟ་སློབ་མ་༢༠ལྷག་སྐྱེད་སྲིང་བྱས་པའི་འབྲས་བུ་མིག་མཐོང་ལག་ཟིན་དུ་ཡོད་པ་ཡིན་ནོ། ། དེ་ཡི་ལོ་གསུམ་གྱི་དགེ་རྒན་གྱི་ཟླ་ཕོག་ཇ་མའི་ཟླ་ཕོག་སློབ་མའི་ཟས་གྲོན་ཚང་མ་དམངས་སྒོར་ཁྲི་༣༠ལྷག་སོང་ཡོད་པ་རེད། དེ་ཡི་སྦྱིན་བདག་མཁན་ཆེན་བླ་མའི་སློབ་བུ་སོག་བླ་བསྟན་འཛིན་རྡོ་རྗེ་དང་ཁོང་གི་སློབ་བུ་ཚོ་རེད། ཁོ་ཚོ་ནི་ངེད་སློབ་གླིང་ལ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན། རང་ངོས་ནས་ཁོང་ལ་ཡང་ཉིན་མཚན་ལྟོས་མེད་ངང་དུས་ཚོད་༢༤རིང་གཉིད་ཐུན་གཅིག་ཙམ་ཡང་མ་བྱས་པར་༢༠༡༣ལོར་རླངས་འཁོར་བསྐོར་ཏེ་མདོ་སྨད་ཕྱོགས་སུ་གནས་མཇལ་དུ་ཞབས་ཞུ་བྱས་པ་ཡིན། དེ་འདྲ་ལོ་རྟག་པར་བྱེད་དོན་ཡང་མི་རིགས་འདིའི་ཆེད་དུ་ཡིན་པ་ལས་རང་ཁ་མ་སོས་པར་ཉི་མ་འཕུལ་བྱེད་ཙམ་ཞིག་གཏན་ནས་མིན།
དེ་ཡི་བར་ཞིག་ནས་ཨེ་འགོག་རང་མདུན་པ་ཞིག་ངོ་ཤེས་སོང་།དེ་ཡིས་ཉག་རོང་གི་བླ་མ་ཞིག་ཁྲིད་བྱུང་བླ་མ་དེས་ཁོ་ལ་ངོ་སྤྲོད་ཡི་གེ་ཕྲིས་དང་རོགས་སྐྱོར་བྱེད་ཟེར། ང་ནི་རྒྱ་བླ་མིན་ལ་འབྲོག་བླ་ནི་དེ་བས་ཀྱང་མིན་པའི་སྟོབས་ཀྱིས། ཡང་རེ་བ་ཆེན་པོ་ཞིག་བྱས་ཏེ་ཁོ་ལ་ངོ་སྤྲོད་ཡི་གེ་བྲིས་པ་ཡིན། ཁོས་ཀྱང་སློབ་གྲྭའི་གནས་ཚུལ་ཚང་མ་པོད་འཕྲིན་ཟེར་བའི་དྲྭ་ཚིགས་ཀྱི་སྟེང་དུ་བཀོད་འདུག་ཡིན་ནའང་རོགས་སྐྱོར་གང་ཡང་ཐོབ་མ་བྱུང་།
དེ་ལྟར་༢༠༡༦ལོའི་ལོ་མཇུག་བར་དུ་རྒྱུན་འཁྱོངས་བྱས་པ་ཡིན།
བར་སྐབས་ཀྱི་ངལ་གསོའི་ཚིག་བཅད།
མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ལ།།
ཁ་བཤད་སླ་ལ་ལག་ལེན་དཀའ་མོ་ཡིན།།
སེམས་ཀྱི་གོ་ཆ་བརྟན་པོ་མེད་གྱུར་ན།།
བྱ་བའི་རྒྱུན་འཁྱོངས་བྱེད་པར་དགོད་རེ་བྲོ།།


ད་ནི་༢༠༡༦ལོའི་སྤྱི་ཟླ་བརྒྱད་པ་ནས་བཟུང་། ད་ལྟའི་སློབ་ཁང་འདི་ཡི་ལོ་རྒྱུས་ཞིབ་ཏུ་སྨྲས་ན། ད་སྔོན་ཁང་པ་དེ་དག་ཚད་དང་ལྡན་པའི་རྨང་གཞི་སྲ་མོ་ཞིག་མེད་པ་དང་། སློབ་མ་ཚོ་ལ་ཡང་སློབ་ཁང་ཡག་པོ་ཞིག་འཛོམ་སོང་ན་འདི་ནི་མི་རབས་ནས་མི་རབས་བར་དུ་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་ཡུལ་ཡིན་པས། ཤེས་ལྡན་དང་བསམ་བཟང་དག་གིས་ཀྱང་རྒྱབ་སྐྱོར་བྱེད་ངེས། རྒྱུ་མཚན་ནམ་རྒྱུན་ངའི་རིགས་མཐུན་དག་གིས་དྲྭ་བའི་སྟེང་དུ་མི་རིགས་ལ་ཤ་ཞེན་ཡོད་ཚུལ། རྡོག་རྩ་གཅིག་སྒྲིལ། གདུང་སེམས་གཉམ་སྐྱེད། གྲུབ་མཐའ་རིས་མེད་སོགས། རིག་གནས་ཀྱི་ཆེད་དུ་སྲོག་ཀྱང་འབུལ་ཐུབ་རབས་ཀྱི་ལོ་རྒྱུས། བན་སྐྱ་སེར་དང་། ན་ཚོད་ལ་རྒན་གཞོན་མེད་པར་ཀུན་གྱིས་ཁ་ནས་མ་ཎི་བཞིན་འུར་གྱིན་ཡོད། ངས་ཀྱང་སྤྱི་ལ་བསམས་ཏེ་བྱ་བ་ཆེན་པོའི་མགོ་རྩོམ་པ་མ་གཏོགས། རང་ཉིད་འདུག་སའི་གནས་ཁང་ཞིག་ཏུ་གཏན་ནས་བསམ་བློ་འཁོར་མྱོང་མེད། ཁང་བའི་རྨང་གཞི་འཇོག་ཉིན་ནས་བཟུང་། སློབ་མའི་ཉལ་ཁང་། སློབ་མའི་གསོལ་སྟོན་ཁང་། སློབ་ཁྲིད་ཐོག་ཁང་སོགས་རེ་རེ་བཞིན་ཁྲི་འདུའི་ཨོ་ཡོ་ཚེ་རིང་། དགེ་རྒན་ཀུན་དགའ་ཆོས་འཕེལ་སོགས་ལ་བློ་འདྲི་བྱས་ཏེ་བྱ་བ་དེ་ཡི་མགོ་རྩོམ་པ་ཡིན།
དེའི་དུས་ང་ལ་དཔའ་གདེང་ཆེ་ཤོས་དེ་རྒྱ་ནག་ཧྲང་ཧེ་ཕྱོགས་ཀྱི་ངོ་ཤེས་རྒྱ་མི་ཡེ་ཤེས་རྡོ་རྗེ། ཨོ་རྒྱན་རྒྱལ་མཚན། སོག་བླ་བསྟན་འཛིན་རྡོ་རྗེ་ཁོང་གསུམ་པོ་ཡིན། ཁོ་ཚོས་ང་ལ་བཤད་རྒྱུར་ད་ལྟའི་སློབ་ཁང་དེ་ཚོ་ཆ་རྐྱེན་ཡག་པོ་ཞིག་མི་འདུག་པས། ཡང་བསྐྱར་སློབ་ཁང་གསར་བ་ཞིག་བཞེངས་ན་ང་ཚོ་ཚང་མས་རོགས་བྱེད་ཅེས་ལབ་བྱུང་། དེའི་དུས་ང་དང་ཧ་ཅང་འབྲེལ་འདྲེས་ཆེ་ཤོས་དེ་རྣམ་རྒྱལ་ཚེ་རིང་ཡིན། དེ་ཉིན་ང་ཚོ་ལྷན་དུ་ཡོད། གཏམ་བཟང་དེ་དག་ཐོས་མ་ཐག་ཏུ་རང་གི་རེ་བའི་དམིགས་འབེན་ད་ནི་མངོན་དུ་འགྱུར་ལ་ཉེ་བྱུང་བསམས་ཏེ། རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་དགའ་སྤྲོ་བརྗོད་མེད་ཞིག་སྐྱེས་བྱུང་། དེ་ནས་བཟུང་སློབ་ཁང་གསར་བ་ལས་མགོ་རྩོམ་པ་ཡིན། དེ་ཡི་དུས་སྤྱི་ཟླ་བརྒྱད་པ་རེད་ཚར། འོན་ཀྱང་དགོད་བྲོ་བ་ཞིག་ལ་རང་གི་ལག་ཏུ་མ་དངུལ་དམངས་སྒོར་སྟོང་ཕྲག་ལྔ་ལས་མེད། ཡིན་ནའང་ཁོ་ཚོ་ནི་འབྱོར་ལྡན་ཤ་སྟག་རེད་འདུག རོགས་སྐྱོར་བྱེད་ཟེར་ཏེ་ཁས་བླངས་ཚར་བའི་རྗེས་སུ་བྱ་བའི་མགོ་རྩོམ་བཞག་ན་ཁོ་ཚོས་ཀྱང་རྒྱབ་སྐྱོར་བྱེད་ངེས་བསམས་བྱུང་། ད་སྔོན་སློབ་ཁང་རྙིང་པ་བཤིགས་ཏེ་སློབ་ཁང་གསར་བ་ལས་མགོ་རྩོམ་ས་དྲྭ་སྟེང་དུ་སྤེལ་བ་ཡིན། གྲོགས་པོ་ཡེ་ཤེས་རྡོ་རྗེ་ཁོ་ཚོས་ཀྱང་དྲྭ་བའི་སྟེང་དུ་སློབ་གླིང་ལ་རོགས་བྱེད་མགོ་བརྩམས་ཏེ་ལོ་རྒྱུས་མཐའ་དག་སྤེལ་གྱིན་འདུག ཐོག་མའི་སློབ་ཁང་གི་རྨང་གཞི་བཞག་པའི་དུས་རོགས་སྐྱོར་བྱེད་མཁན་ཧྲང་ཧེ་པདྨ་མཁའ་འགྲོ་ཟེར་བའི་ཆོས་ལྡན་རྒྱ་མི་དེ་ཡིན་སོང་། མོ་རང་གིས་ཐོག་མར་དམངས་སྒོར་ཁྲི་བརྒྱད་སྟེར་བྱུང་། དེ་ཡིས་རྣོ་ལྕགས་དང་ཨར་འདམ་ཟོང་འདྲུད་རླངས་འཁོར་ཆེས་ཆེ་ཤོས་གང་འདྲུད་པ་ཡིན། ཟོང་འཁོར་དེ་ནི་ང་ཡི་གྲོགས་པོ་ཞེའུ་ཟླ་དགའ་ལ་ཡོད་རེད། ངས་ཁོ་རང་གི་ལག་ཏུ་དམངས་སྒོར་ཁྲི་བརྒྱད་པོ་བཞགས་ནས་འདྲུད་གླ་དང་བཅས་ཅ་ལག་ཏུན་༨༠འདྲུད་དུ་བཅུག་པ་ཡིན། དེ་ནས་རིམ་པ་བཞིན་ཡེ་ཤེས་རྡོ་རྗེའི་ཐབས་ལམ་འོག་དམངས་སྒོར་ཁྲི་ལྔ་བསྐུར་བྱུང་། དེ་ནི་ཕ་ཡུལ་ཁྲི་འདུ་ནས་ལས་བཟོ་བ་ཆེས་ཆེ་ཤོས་སི་ཁྲོན་རྒྱ་མི་༼ ཡང་ཆེན་ཆེན ༽ ཟེར་བ་དེ་གྲོགས་ཨོ་ཡོ་ཚེ་རིང་གིས་ངོ་སྤྲོད་བྱས་སོང་། རྒྱ་མི་དེས་ད་སྔོན་ཡུལ་ཤུལ་གནམ་ཐང་གིས་ལས་བཟོ་བ་བྱས་མྱོང་བ་དང་། དེ་མ་ཡིན་པའི་ཁྲི་འདུའི་ཕྱོགས་ནས་ལས་ཁང་དུ་མ་དང་སློབ་ཁང་དུ་མ་ཞིག་གི་བཟོ་སྐྲུན་བྱེད་མཁན་རེད་ཁོ་རང་ཧ་ཅང་གི་ལས་བཟོ་བ་སྐད་གྲགས་ཆེ་ཤོས་ཅན་དེ་ཡིན། དེ་ཉིན་ཁོ་རང་ལ་སློབ་ཁང་བཞེང་རྒྱུའི་ལས་ཀ་སྤྲད་པ་ཡིན། ཐོག་མའི་གཏའ་མ་ལ་དམངས་སྒོར་ཁྲི་༥སྟེར་དགོས་འདུག དེ་ཉིན་ཡེ་ཤེས་རྡོ་རྗེའི་དམངས་སྒོར་ཁྲི་ལྔ་དེ་ཁོ་ལ་སྤྲད་པ་ཡིན། ཁོ་དང་ང་ཚོའི་བར་གྱི་སྐད་ཆ་སློབ་ཁང་བརྩེགས་དང་པོ་འཛོམ་ཚར་མ་ཐག་དམངས་སྒོར་ཁྲི་༢༠ བརྩེགས་གཉིས་པ་འཛོམ་མ་ཐག་དམངས་སྒོར་ཁྲི་༢༠བརྩེགས་གསུམ་པ་འཛོམ་མ་ཐག་དམངས་སྒོར་ཁྲི་༢༠ ལས་ཀ་ཚང་མ་མཇུག་དྲིལ་མ་ཐག་དམངས་སྒོར་ལྷག་མ་ཁྲི་༢༡སྤྲད་རྒྱུ་བྱས་པའི་བདེན་དཔང་ད་ལྟ་ངེད་གཉིས་ཀའི་བར་དུ་འདུག་མཁན་ཁྲི་འདུའི་ཨོ་ཡོ་ཚེ་རིང་། ད་དུང་རྒྱ་མི་ཁོ་རང་གི་ལས་གྲོགས་ཆེ་ཤོས་རྒྱ་མི་ཀྲང་སིན། དེ་མ་ཡིན་པའི་དགེ་རྒན་ཀུན་དགའ་ཆོས་འཕེལ་རྣམ་རྒྱལ་ཚེ་རིང་དང་སློབ་ཕྲུག་ཚང་མའི་དེའི་དོན་དག་དེ་ཧ་གོ་བ་རེད། སློབ་ཁང་བརྩེགས་གསུམ་པོ་ལ་སྨི་གྲུ་བཞི་མ། ༡༣༦༠ཡོད་རེད། ལས་བཟོ་བའི་ལས་གླ་ལ་སྨི་གྲུ་བཞི་མ་རེར་དམངས་སྒོར་༦༠༠རེ་སྟེར་རྒྱུ་བྱས་པ་ཡིན། ལས་བཟོ་བ་ཡག་ཤོས་ཡིན་ལ་རིན་གོང་ཡང་ཆེ་ཤོས་རེད། དེ་མིན་ཚད་ལྡན་མིན་པའི་ལས་བཟོ་བ་སྨི་གྲུ་བཞི་མ་རེར་ལས་གླ་དམངས་སྒོར་༥༠༠ཅན་ཡང་ཡོད་འདུག ཡིན་ནའང་འདི་ནི་མི་རབས་ཕྱི་མའི་རྒྱུད་འཛིན་པ་བོད་ཕྲུག་ན་གཞོན་དག་གི་ཚེ་སྲོག་དང་འབྲེལ་བའི་སློབ་གླིང་ཞིག་ཡིན་པས་ཚད་དང་ལྡན་པའི་ཁང་བ་ཞིག་བཟོ་སྐྲུན་བྱེད་དགོས་སྙམ་པ་དེ་ནི་ངའི་སེམས་ཀྱི་ཐོག་མའི་དམ་བཅའ་དེ་ཡིན།


དེ་ནས་རིམ་པ་བཞིན་དུ་ཡང་བསྐྱར་ཡེ་ཤེས་རྡོ་རྗེ་སོགས་རྒྱ་མི་རེ་ཟུང་གིས་དམངས་སྒོར་ཁྲི་ལྔ་ལྷག་རེ་རོགས་སྐྱོར་གནང་སོང་། དེ་དག་ནི་རིམ་པ་བཞིན་དུ་སློབ་ཁང་གི་བྱེ་མ་དང་ཡོ་བྱད་ཉོ་སའི་ཕྱོགས་སུ་གཏོང་བ་ཡིན། ཟླ་དགུ་བའི་ཚེས་མགོར་སློབ་ཁང་བརྩེགས་དང་པོ་ལེགས་འགྲུབ་བྱུང་སོང་། ལས་བཟོ་བ་ལ་དམངས་སྒོར་ཁྲི་༢༠འཛོམ་དགོས་འདུག་ད་ནི་དམངས་སྒོར་གྱིས་དཀའ་ཁག་འཕྲད་བྱུང་ཅི་དགོས་ཞེས་རང་གི་ཚ་བུ་ཀརྨ་ཆོས་སྤྱོད་དང་རྣམ་རྒྱལ་ཚེ་རིང་ངེད་ཚོས་སྔ་མོ་ཞོགས་ཇའི་དུས་དཔལ་ཧོར་ཚང་གི་ཁྱིམ་ནས་གྲོས་གཞི་འདོན་པ་ཡིན། ད་ནི་དམངས་སྒོར་ཞིག་དངུལ་བུན་ཤོར་རུང་གཞན་ནས་གཡར་དགོས་འདུག་ཅེས་གླེང་མོལ་བྱས།དེའི་ཉིན་ནི་ལས་བཟོ་བས་ངེས་པར་དུ་དམངས་སྒོར་ཁྲི་༢༠ཡོད་དགོས་མེད་ན་ལས་ཀ་འཚམ་འཇོག་བྱེད་དགོས་ཟེར། ད་ནི་ཅི་བྱ་གཏོལ་མེད་དུ་གྱུར་ནས་བློ་འཐོར་བའི་སྐབས་སུ་ངའི་ཁ་པར་ལ་འཕྲིན་ཐུང་ཞིག་འབྱོར་བྱུང་། གཅིག་ལྟས་པས་དམངས་སྒོར་ཁྲི་༢༠སླེབས་འདུག སྦྱིན་པའི་བདག་པོ་སུ་ཡིན་འདི་ཡིན་ཙམ་ཡང་ཤེས་མ་སོང་། ད་ནི་དགའ་དྲགས་པས་ཚ་བུ་ཀརྨ་ཆོས་སྤྱོད་ངེད་གཉིས་ཁྲི་འདུ་རུ་སྒོར་མོ་ལེན་སར་སོང་བ་ཡིན། ལས་བཟོ་བའི་ལས་དཔོན་ཡང་ཁྲི་འདུ་ན་ཡོད་འདུག དམངས་སྒོར་ཁྲི་༢༠ལེན་ཚར་མ་ཐག་ལས་བཟོ་བའི་ལག་ཏུ་སྤྲད་པ་ཡིན། ལས་བཟོ་བ་ངེད་གཉིས་ཀ་ལྷན་དུ་འདྲ་པར་བླངས་ནས་དྲྭ་རྒྱབ་ཏུ་འཇོག་པ་ཡིན། ད་དུང་སྦྱིན་བདག་དངོས་མ་དེ་སུ་ཡིན་ཤེས་མེད། དེ་ཉིན་མ་ཕྱི་དྲོའི་དུས་ཚོད་ལྔ་ལྷག་གི་སྟེང་དུ་སོག་བླའི་སློབ་མ་རྒྱ་ནག་གི་ཆོས་ལྡན་རྒྱ་མི་༼ ༽ཟེར་བ་དེ་རེད་འདུག མོ་རང་གིས་བཤད་རྒྱུར་འདི་ནི་སློབ་གླིང་ལ་བསམ་པ་རྣམ་དག་གི་ལེགས་སྐྱེས་ཤིག་ཡིན་པས་བཀའ་དྲིན་ཆེ་དགོས་མ་རེད་ཟེར་ལབ་ཀི་འདུག ཐེངས་དང་པོའི་དཀའ་ངལ་གྱི་འགག་ཕྲེང་དེ་ནས་སེལ།
དེ་ནས་བཟུང་ང་ལ་དཔའ་གདེང་ཆེན་པོ་ཐོན་བྱུང་། ད་ནི་མུ་མཐུད་དུ་བླ་མ་དཀོན་མཆོག་གསུམ་པོའི་སྐུ་དྲིན་འོག སློབ་གླིང་དེ་ཡང་དཔེ་ཡག་པོ་ལམ་དུ་འགྲོ་ས་རེད་སྙམ་བྱུང་། དེ་ནས་ཡང་རིམ་པ་བཞིན་དུ་ལས་ཀའི་ཕྱོགས་སུ་འབད་པ་ཡིན། ཡང་བསྐྱར་དུ་ཨར་འདམ་དང་རྣོ་ལྕགས་ཐེངས་གཉིས་པའི་རླངས་འཁོར་གང་འཛོམ་དགོས་བྱུང་། ཡང་ཟླ་དགའ་ལ་འབྲེལ་བ་བྱས་ཏེ་ཟོང་འཁོར་ཆེ་བ་གཅིག་འདྲུད་པ་ཡིན་དེ་ལ་འདྲུད་གླ་དང་བཅས་དམངས་སྒོར་ཁྲི་ལྔ་ལྷག་ཐོབ་བྱུང་། དེ་ཡང་ཕལ་ཆེར་ཆོས་ལྡན་རྒྱ་མི་༼ ༽ ཁོས་གྲོགས་པོ་ཚོས་རོགས་སྐྱོར་གྱིས་ལེགས་འགྲུབ་བྱུང་སོང་། དེ་ནས་ཡང་བརྩེགས་གཉིས་པ་ལེགས་འགྲུབ་ལ་ཉེ་འདུག ལས་བཟོ་བས་ང་ལ་ད་ཁྱོད་ཀྱིས་དམངས་སྒོར་ཁྲི་༢༠གྲ་སྒྲིག་བྱོས་ཟེར། ད་ནི་དངོས་གནས་དངུལ་བུན་ལེན་རྒྱུ་མ་གཏོགས་ཐབས་བཀོད་མེད་པ་འདྲ། ངེད་ཚང་གི་ལྷ་རིས་དགེ་རྒན་ཀུན་དགའ་ཆོས་འཕེལ་གྱི་ཆུང་མའི་ཨ་ཅེ་ཚང་དཔེ་འབྱོར་བ་ཆེན་པོ་ཅན་རེད། མོ་རང་གི་མིང་ལ་ཡེ་ཤེས་མཚོ་མོ་ཟེར། ངས་དགེ་རྒན་ལ་རེེ་བཅོལ་བྱས་པ་ཡིན། དགེ་རྒན་གྱིས་དམངས་སྒོར་ཁྲི་༣༠གཡར་རྒྱུ་ལོན་འདུག་དངུལ་བུན་རྒྱ་ཆ་༢༣རེད་ལོ་ཕྱེད་གཅིག་གི་རིང་ལ་སྐྱེད་ཀ་ཁྲི་བདུན་ཐོབ་འདུག དངུལ་གཡར་རོགས་བྱེད་གླ་ལ་དམངས་སྒོར་ཁྲི་གཅིག་དགོས་ཟེར་ཁྱོན་སྡོམ་པས་དམངས་སྒོར་ཁྲི་༣༨རེད་འདུག་ཟེར། ད་ནི་དེ་མ་གཏོགས་ཐབས་བཀོད་གཞན་མི་འདུག རྣམ་རྒྱལ་ཚེ་རིང་ངེད་གཉིས་ཀ་ཡུལ་ཤུལ་ལ་དངུལ་གཡར་སར་སོང་བ་ཡིན། ང་ཚོས་གན་རྒྱ་ཡི་གེ་བྲིས། དངུལ་གཡར་ཏེ་ཕྱིར་སློབ་གླིང་ལ་ཐོན་མ་ཐག་ལས་བཟོ་བ་ལ་དམངས་སྒོར་ཁྲི་༢༠སྤྲད་པ་ཡིན།


ཡང་བསྐྱར་ཐེངས་གསུམ་པའི་ཨར་འདམ་དང་ལྕགས་རིགས་འདྲུད་དགོས་བྱུང་དམངས་སྒོར་ཁྲི་བདུན་ལྷག་བབས་འདུག དེ་ཡང་འདྲུད་མཁན་ཟླ་དགའ་རེད། ད་དུང་བྱེ་མའི་རིན་པ་སོགས་གྲོན་སོང་དམངས་སྒོར་ཁྲི་བཞི་ལྷག་བབས་འདུག བྱེ་མ་འདྲུད་མཁན་ཡང་རིག་རྒྱམ་དང་སྐྱ་བ་པདྨ་ལྷུན་གྲུབ་གསུམ་རེད། ཁོ་ཚོ་ལ་རླངས་འཁོར་ཆེ་ཆུང་གཉིས་ཡོད། དེ་ཡི་དུས་བྱེ་མ་ཁ་གང་རེ་ལ་དམངས་སྒོར་༦༥་ནས་༧༠ བར་རེད། མདོར་ན་ཁང་བའི་ལས་ཀ་མཇུག་མ་དྲིལ་བར་སྔ་ཕྱི་ཚང་མ་ལ་བྱེ་མའི་རིན་པ་འདྲུད་གླ་དང་བཅས་དམངས་སྒོར་ཁྲི་༡༠ཡན་ཆོད་སོང་བ་རེད།
སྤྱིར་འབྱོར་ལྡན་ཞིག་མཚོན་ན་དམངས་སྒོར་ཁྲི་བརྒྱ་ལྷག་ཁོ་རང་ཚོས་རླངས་འཁོར་ཞིག་གི་རིན་པ་ཙམ་ཡང་མ་རེད་ལ། འབྱོར་མེད་ང་ལ་མཚོན་ན་རང་གི་ཚོད་ཀྱིས་ལུས་སེམས་གཉིས་ལ་དཀའ་ལས་རི་བོ་ལས་ཀྱང་ལྗིད་པའི་ཁུར་བོ་ཞིག་ལོ་དེ་ནས་བཟུང་མགོ་རྩོམ་པ་ཡིན། སྤྱིར་ང་ཚོ་བོད་པ་ཚང་གི་གཤིས་ཀ་དེ་མ་ཤེས་ཤེས་ཁུལ། མ་རིག་རིག་ཁུལ། རིགས་གཅིག་སྤུན་ཟླ་ནང་ཕན་ཚུན་ལ་ལ་ཕྲག་དོག་གི་མདའ་མོ་འཕེན། གསོན་དུས་འདྲེ་རུ་བཟུང་། ཤི་དུས་ལྷ་རུ་སྒོམ། དོན་དམ་པ་ལ་མཐུན་སྒྲིལ་ཁ་ནས་མ་གཏོགས་ལག་ལེན་ཤིག་ཙམ་ཡང་མེད་པའི་དུས་འདིར། འབྱོར་ལྡན་ཕལ་མོ་ཆེ་ཞིག་གིས་འབྱོར་མེད་དག་ལ་དངུལ་བུན་ཆེན་པོ་བསྐུར། འབྱོར་མེད་ཚོས་ཀྱང་དངུལ་བུན་མི་ལེན་རང་ལེན། འགའ་རེས་ནི་འདོ་མེད་བྱས་ཏེ་དམངས་སྒོར་འཕྲོག་རླག་ཏུ་གཏོང་། འགའ་རེས་ཁྱིམ་མི་ལ་ན་ཚ་ཤི་ཆད་བྱུང་ནས་དངོས་ཡོད་གནས་ཚུལ་གྱི་ངང་དཀའ་ལས་ཆེན་པོ་ཞིག་འཕྲད་ཀི་ཡོད། དེ་དག་ནི་འཁོར་བའི་སེམས་ཅན་གྱི་ལས་དབང་རེད། འཛམ་གླིང་ལས་ཀྱི་ས་བ་འདིར་མགོ་ནག་མི་ལ་ཁྲི་བསྐོར་གྱིས་རིན་ཐང་ཆེ་ཆུང་ཡོད་རེད། འདོ་རིགས་རྟ་ལ་དགུ་བསྐོར་གྱི་རིན་ཐང་ཆེ་ཆུང་ཡོད་རེད། མི་དང་མི་མི་འདྲ་བྱ་བ་ལ་རིན་ཐང་ཆེ་ཆུང་སྔར་བསགས་ཀྱི་བསོད་ནམས་ཆེ་ཆུང་། ལུས་ཀྱི་བོང་ཚད་ཆེ་ཆུང་། གདོང་གི་སྐྱེ་གཟུགས་ཡག་བཙོག་སོགས་དུ་མ་ཞིག་ཡོད་རེད། ཕྱུགས་དང་ཕྱུགས་མི་འདྲ་ལ་རྟ་ཕོ་ཡི་བང་རྩལ་བཟང་ངན། ཐུལ་དཀར་འབྲི་ཡི་འོ་མ་མང་ཉུང་སོགས་ཡོད་རེད། དེ་དག་བར་སྐབས་ཀྱི་བར་ངལ་གསོའི་ཚིག་བཅད་ཙམ་ཡིན།


༢༠༡༦ལོ་དེ་ལ་དམངས་སྒོར་ཁྲི་༣༨ཀྱི་བུ་ལོན་འོག་ཏུ་ཚུད་པ་ཡིན། དགུན་ལོ་དེར་ཉིན་༢༠ཙམ་རྒྱ་ནག་ཤས་ཨན་ཟེར་ས་དེ་ན་སོང་བ་ཡིན། སྤྱིར་ངའི་ཕ་ཡུལ་ནས་ང་ལ་རྒྱ་བླ་ཞེས་འབོད་ཀི་ཡོད། དེ་ནི་ཁོ་ཚོས་གང་བྱུང་དུ་སྨྲས་པའི་བབ་ཅོལ་ལས་དོན་དངོས་ང་ལ་རྒྱ་སློབ་མ་གཅིག་མ་གཏོགས་མེད། དེ་ནི་ཁོ་རང་ཉིད་ཀྱང་རང་མགོ་ཐོན་མཁན་ཞིག་མིན། སྔར་བསགས་ཀྱི་བསོད་ནམས་དམན་པའི་སྟོབས་ཀྱིས་མིའུ་ཆུང་དབང་པོ་སྐྱོན་ཅན་ཞིག་ཡིན། ཁོ་ནི་རྒྱ་བླ་སུ་ལ་ཡང་མ་མཁོ་བའི་སློབ་བུ་ལས་ངན་ཞིག་རེད། དེ་ལ་ངས་སྐྱབས་སྡོམ་སྦྱིན་ནས་ནང་བའི་ལམ་དུ་བཞག་པ་ཡིན། དེ་མིན་དག་ངོ་ཤེས་པ་ཙམ་མ་གཏོགས་ཁོ་ཚོ་ཚང་མ་བླ་མ་གཞན་དག་གི་སློབ་མ་རེད། དེ་དག་ནི་དངོས་ཡོད་གནས་ཚུལ་གྱི་ལོ་རྒྱུས་ཡིན། སློབ་གྲྭའི་ལོ་རྒྱུས་རེ་ངོ་ཤེས་ཚོ་ལ་ལབ་རུང་སུས་ཀྱང་རོགས་སྐྱོར་དངོས་སུ་བྱས་མ་བྱུང་། ད་ནི་༢༠༡༧ལོར་འབྱོར་ལྡན་ཡེ་ཤེས་མཚོ་མོ་ལ་དམངས་སྒོར་ཁྲི་༣༨སྤྲད་པའི་དུས་ལ་ཉེ་བྱུང་།དེ་སྤྲད་པའི་ཐབས་ལམ་དེ་ཡང་གཞན་ཞིག་ནས་དངུལ་བུན་ལེན་རྒྱུ་ལས་གང་ཡང་མི་འདུག ས་གནས་རྫ་སྟོད་ནས་འབྱོར་བ་ཆེ་ཤོས་ཟིལ་དཀར་དགོན་གྱི་དགེ་སློང་བསོད་ནམས་བསྟན་འཛིན་ཁོང་རེད། དེའི་དུས་ངས་གྲོགས་པོ་ཚེ་རིང་དཔལ་བཟང་གིས་བསོད་ནམས་བསྟན་འཛིན་ངེད་གཉིས་བར་དུ་མཚམས་སྦྱོར་བྱས་པ་ཡིན། དེ་ཡི་སྔོན་ནས་ཁོང་ངེད་གཉིས་ངོ་ཕྲན་བུ་ཞིག་ཤེས་དེ་ནས་རྫ་སྟོད་གྲོང་རྡལ་གྱི་ཉེན་རྟོག་པ་གངས་རྒྱལ་དང་ངེད་གཉིས་དེ་ན་སོང་སྟེ་དམངས་སྒོར་ཁྲི་༣༠ལོ་ཕྱེད་གཅིག་ལ་གཡར་བ་ཡིན། དངུལ་བུན་ལ་དམངས་སྒོར་ཁྲི་༧ཐོབ་འདུག དེ་ཡི་ཕྱི་ཉིན་མ་ནས་བཟུང་གནའ་མཁར་ཟི་ལིང་དུ་ཡེ་ཤེས་མཚོ་མོ་ཡོད་སར་སློབ་བུ་ཤེས་རབ་སེང་གེའི་མིག་ནད་སྟོན་ཞོར་དུ་ངེད་གཉིས་སོང་བ་ཡིན། ཟི་ལིང་དུ་འབྱོར་བའི་ཕྱི་ཉིན་མར་འབྱོར་ལྡན་མ་ཚང་གི་ལག་ཏུ་དམངས་སྒོར་ཁྲི་༣༠སྔོན་དུ་གཏད་པ་ཡིན། ད་དུང་ཁྲི་༨ཆད་ཤོར་སོང་། ཉིན་ཁ་ཤས་སུ་སྒུག་རོཊ་བྱེད་ཟེར། ཡང་བསྐྱར་ཉིན་ཁ་ཤས་སུ་ངོ་ཤེས་ས་དག་ལ་དམངས་སྒོར་ཉུང་ཉུང་རེ་གཡར་རྒྱུའི་འབྲེལ་བ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཧྲང་ཧེ་རྒྱ་མི་པདྨ་མཁའ་འགྲོ་ཡི་དམངས་སྒོར་ཁྲི་གཉིས་སྟེར་བྱུང་དེ་ནི་རོགས་སྐྱོར་རེད། དེ་ཡི་སྟེང་དུ་རང་དགོན་གྱི་དོ་དམ་མི་སྣ་ཨ་སྐྱ་བླ་མ་ཡོད་ས་ནས་དགོན་པའི་དམངས་སྒོར་ཁྲི༥དངུལ་བུན་ལེན་པ་ཡིན། ཁོང་གིས་ང་ལ་བསྐུར་བྱུང་། དེས་ཁྲི་བདུན་པོ་དེ་དེ་ཡང་ཡེ་ཤེས་མཚོ་མོ་ལ་སྤྲད་པ་ཡིན། ད་དུང་དེ་ཚང་ལ་དངུལ་གཡར་གླ་དམངས་སྒོར་ཁྲི་༡ཆད་སོང་། དེ་ནི་ཟླ་བ་རེ་ཟུང་ལ་སྔ་ཕྱི་མེད་ཟེར། དེ་ནས་སྤྱི་ཟླ་བཞི་བ་ལ་ཐོན་སོང་ཡང་བསྐྱར་ལས་ཀའི་མགོ་བརྩམས་སོང་།
༢༠༡༧ལོ་ནི་དངོས་གནས་རོགས་སྐྱོར་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་འདྲ། ཡིན་ནའང་འདི་ནི་སྤྱིའི་ཆེད་དུ་རྟེན་བཞེངས་ཤིག་ཡིན་པས་སེམས་བཟང་པོ་ཁོག་ཏུ་ཡོད་ན་ལམ་བཟང་པོ་མདུན་དུ་ཡོད་ངེས་སྙམ་ཏེ། རང་གིས་རང་ལ་སྙིང་སྟོབས་སྟེར་བ་ཡིན། ད་དུང་མུ་མཐུད་དུ་ལས་ཀའི་རྒྱུན་འཁྱོངས་བྱས་ཨ་མདོའི་རྒྱལ་སྲས་དང་སོག་བླ་བསྟན་འཛིན་རྡོ་རྗེ་སོགས་ལ་ཡང་རེ་བཅོལ་རེ་བྱས་པ་ཡིན། ཁོ་ཚོས་ཀྱང་རོགས་སྐྱོར་བྱེད་སྐད་འདུག
དམངས་སྒོར་སྟོང་ཕྲག་ཁ་ཤས་ལས་མང་པོ་ཞིག་ལག་ཏུ་བབ་མ་བྱུང་། ད་ནི་སྡུག་མུ་གེའི་སྟེང་དུ་ཟླ་ལྷག་ཞེས་པའི་དཔེ་ནང་བཞིན། སློབ་གྲྭའི་སློབ་མའི་ཟས་རིན་དགེ་རྒན་གྱི་ཟླ་ཕོག ཇ་མའི་ཟླ་ཕོག་སོགས་ཀྱི་གནོན་ཤུགས་ཡང་ཡོད་པས་དེ་དག་ལ་ཡང་གྲོན་སོང་གཏོང་དགོས་འདུག མདོར་ན་ཉིན་རེ་ནས་ཉིན་རེ་བཞིན་དཀའ་ངལ་ཇེ་ཆེ་མ་གཏོགས་མེད་པའི་ས་འཚམས་ཤིག་ཏུ་སླེབ་བཞིན་འདུག འོན་ཀྱང་རང་གི་སེམས་སུ་ཤི་ཚར་བའི་རྗེས་ཚེ་སྲོག་ལ་མཐུད་དུ་མེད་ཀྱང་། གསོན་བཞིན་པའི་དུས་བྱ་བ་གང་ཞིག་མགོ་བརྩམས་ཚར་རྗེས།ངེས་པར་མཇུག་དྲིལ་ནི་ཞིག་བྱེད་དགོས་པས་ད་དུང་རེ་བཅོལ་བྱེད་ས་བླ་སྤྲུལ་འགའ་རེ་ཡོད་འདུག་ཐབས་ལམ་རེ་འཚོལ་ན་ཅུང་ཙམ་དྲག་རྒྱུ་རེད་སྙམ་སྟེ་རང་གིས་རང་ལ་སེམས་ཤུགས་སྟེར་བ་ཡིན། ལོ་དེ་ཡི་སྤྱི་ཟླ་དྲུག་པའི་ནང་བརྩེགས་གསུམ་པ་ལེགས་འགྲུབ་བྱུང་སོང་། ཡང་དམངས་སྒོར་ཁྲི་༢༠སྟེར་དགོས་འདུག་དེ་ཡི་དུས་ཡོངས་ཤར་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་ལ་རེ་བཅོལ་བྱས་པ་ཡིན། ཁོང་གིས་དམངས་སྒོར་ཁྲི་གཅིག་གནང་བྱུང་། དམངས་སྒོར་ཁྲི་བཅུ་དངུལ་བུན་མི་དགོས་པར་གཡར་ཐབས་བྱས་བྱུང་། ལས་བཟོ་བའི་ལག་ཏུ་ཁྲི་༡༡འཇོག་པ་ཡིན། ལྷག་མ་ཅུང་ཙམ་སྒུག་དགོས་འདུག་ཞེས་ལབ་པ་ཡིན།


ད་ནི་ཡང་བསྐྱར་དུ་ཅ་ལག་རླངས་འཁོར་གང་འདྲུད་དགོས་འདུག དེ་ནས་རྒྱ་མི་དག་གི་རོགས་སྐྱོར་ཁྲི་གཅིག་ལྷག་དང་སྟོང་ཕྲག་རེ་ཟུང་ལས་མང་པོ་ཞིག་ཡོང་གི་མི་འདུག ཡིན་ནའང་རང་གི་སེམས་སུ་ད་ཐེངས་ཐབས་ཅི་དྲག་ཞིག་དགོས་ནའང་ལས་ཀ་འདི་མཇུག་དྲིལ་བཞག དེ་ནས་བླ་སྤྲུལ་ཚོས་སྐུ་མདུན་དུ་སློང་མོ་བྱེད་ས་འགྲོ་དགོས་སྙམ་པའི་སེམས་ཐག་དེ་བཅད་པ་ཡིན། རྒྱུ་མཚན་འདི་ནི་ཡུལ་འདི་སྤྱི་ལ་ཕན་པའི་སློབ་གླིང་ཞིག་དང་། ཡང་བསྐྱར་རང་ལ་ཤ་ཚ་བའི་ནང་མི་དག་མ་ཨ་ཞང་ཆོས་ཀྱི་གྲགས་པ་དང་ནུ་བོ་བྱམས་པ་བསྟན་འཛིན་ཚང་ནས་དངུལ་བུན་མི་དགོས་པའི་དམངས་སྒོར་ཁྲི་ལྔ་གཡར་བ་ཡིན། གཞན་དྲིན་ཆེན་ཕ་ལོའི་རིང་དུ་སེམས་བརྩེ་བའི་དར་དཀའ་གྱི་མདུད་པ་ལྷོད་མ་མྱོང་བའི་ཨ་ཁུ་བློ་གྲོས་རབ་གསལ་ལམ་འཛི་ལྷ་ཡོད་ས་ནས་དངུལ་བུན་མི་དགོས་པའི་དམངས་སྒོར་ཁྲི་བཞི་གཡར། ད་དུང་སྐར་ཆེན་སེར་ཁོ་ཟེར་བའི་ཕྱུག་བདག་དེ་ཚང་ནས་དངུལ་བུན་དགོས་པའི་དམངས་སྒོར་ཁྲི་བཞི་གཡར། ད་དུང་རང་དགོན་གྱི་དཔལ་འབྱོར་ཆེ་ཤོས་དགེ་སློང་བསོད་ནམས་གྲགས་པའི་དྲུང་ནས་དངུལ་བུན་དགོས་པའི་དམངས་སྒོར་ཁྲི་༣གཡར། ད་དུང་ས་གནས་རྫ་སྟོད་ནས་ཁྱིམ་ཚང་གཉིས་ཡོད་ས་ནས་དངུལ་བུན་ཁྲི་དྲུག་གཡར། ད་དུང་སྡོམ་མདའ་ནས་ཕུན་སུམ་ཉི་མ་ཚང་གི་དངུལ་བུན་མི་དགོས་པའི་དངུལ་ཁྲི་གཅིག་གཡར། དེ་མིན་ཕུན་སུམ་གང་སྐྱབས་ཚང་ནས་དངུལ་བུན་དགོས་པའི་དངུལ་ཁྲི་གཉིས་གཡར། ད་དུང་གྲོགས་ཀྱི་དྭངས་མ་རྫ་ཀ་ཐོག་དགོན་པའི་དགེ་བསྐོས་ཐུབ་བསྟན་ཀུན་གྲོལ་ལགས་ཀྱིས་དངུལ་བུན་མི་དགོས་པའི་དངུལ་ཁྲི་གཉིས་གཡར། རང་གི་སེམས་བསམ་པའི་གཏིང་ནས་བརྩེ་བ་ཟབ་ས་ནུ་བོ་དོན་གྲུབ་ཡེ་ཤེས་ལགས་ཀྱིས་དངུལ་བུན་མི་དགོས་པའི་དངུལ་ཁྲི་གཉིས་གཡར། ད་དུང་ཡུལ་ཤུལ་གྲོང་ནས་ཡིན་པའི་ཚོང་དཔོན་འཇམ་དབྱངས་ལགས་ཀྱིས་དངུལ་བུན་མི་དགོས་པའི་དངུལ་ཁྲི་གཅིག་གཡར། གཞན་ལྕང་མ་རི་ཁྲོད་ཀྱི་མཁན་ཆེན་དམ་པ་གུ་རུ་ཚེ་རིང་ལགས་ཀྱིས་དམངས་སྒོར་ཁྲི་གཅིག་དངུལ་བུན་མི་དགོས་པར་གཡར། གཞན་སྦྲ་ཆེན་ཚང་གི་བླ་མ་དམ་པ་ཞིག་གིས་དངུལ་བུན་མི་དགོས་པའི་དངུལ་ཁྲི་གཅིག་གཡར། དངུལ་བུན་མི་དགོས་པར་དངུལ་གཡར་མཁན་དག་གི་བཀའ་དྲིན་ནི་ང་དང་ངའི་སློབ་ཕྲུག་ངེད་དགེ་སློབ་ཡོངས་ཀྱིས་ཁོང་རྣམས་པའི་སྐུ་དྲིན་ནམ་ཡང་བརྗེད་དུ་མེད་པའི་རྡོ་རིང་ཞིག་ཏུ་ཆགས་ནས་ཡོད། དེ་འདྲའི་དམངས་སྒོར་དེ་དག་ནི་ད་ནི་གང་དུ་བེད་སྤྱོད་ཡོད་ས་རེད་སྙམ་ན། སློབ་ཁང་དེ་ལ་ཁང་མིག་ཆེ་ཆུང་༢༧ཡོད་རེད། ཁང་པ་དེ་དག་གི་རྡོ་གདན་དང་ཤིང་གདན་སྒོ་རབ་གསལ་དང་བཅས་རྫ་སྟོད་གྲོང་བརྡལ་གྱི་ཚོང་དཔོན་འཇམ་དབྱངས་འོད་ཟེར་ཡོད་ས་ནས་ཉོས། དེ་དག་ལ་དམངས་སྒོར་
ཁྲི་༡༢༤༣༩༥སོང་ཡོད། ཁང་བའི་ངོས་ཀྱི་དཀར་རྩི་ལ་ཁུག་མ་༡༣༠༠སོང་དེ་རེ་རེར་དམངས་སྒོར༢༥རེད་ཁྱོན་སྡོམ་དམངས་སྒོར༣༢༥༠༠དང་ལས་བཟོ་བའི་རྒྱ་མི་ལ་ཡང་བསྐྱར་ཁྲི་༥སྤྲད། ཕྱུག་བདག་ཡེ་ཤེས་མཚོ་མོ་ལ་ལྷག་མའི་དམངས་སྒོར་ཁྲི་གཅིག་སྤྲད།
ད་དུང་ཟི་ལིང་ནས་ཉོས་པའི་རྣོ་ལྕགས་ཀྱིས་མ་འདངས་བར་
རྫ་སྟོད་ནས་འཇམ་འཕྲིན་ཚང་ནས་རྣོ་ལྕགས་དྲིལ་ཆུང་ཆུང་ཞིག་གི་གསུམ་ཉོས། དེ་ལ་དམངས་སྒོར་༨༠༠༠ད་དུང་འཇམ་དབྱངས་འོད་ཟེར་གྱིས་ཐབས་བྱས་ཏེ་རྣོ་ལྕགས་དྲིལ་མ་ཆེ་བ་གཅིག་ཉོས། དེ་ལ་དམངས་སྒོར་༩༠༠༠ གཞན་རྫ་སྟོད་ཉི་མའི་ལུང་ཁུག་ཕར་འགྲོ་ས་ནས་ད་སྔོན་ཆོས་ར་འཚོགས་ས་ཞིག་བཞེངས་ཡོད་འདུག་དེའི་ལྷག་མ་རྣོ་ལྕགས་དྲིལ་མ་རིན་གོང་སླ་མོ་བྱས་ཏེ་ཉོས་དེ་ལ་དམངས་སྒོར་༣༠༠༠བྱས། ད་དུང་སྟོང་ཕག་༢༠༠༠༠ལྷག་ཉོས་དེ་དག་འདྲུད་གླ་དང་བཅས་རེ་རེར་དམངས་སྒོར་ལྔ་རེ་རེད། ཁྱོན་སྡོམ་དམངས་སྒོར་ཁྲི་༡༠ སོང་། ད་དུང་གློག་སྐུད་དང་ཤེལ་ཏོག་འདྲ་མིན་དྲ་ཡོལ་སོགས་ལ་དམངས་སྒོར་ཁྲི༣ལྷག་སོང་། མདོར་ད་ལྟའི་ཁང་བ་འདི་མྱིག་རིག་ལག་མཐོང་བྱས་ན་ད་གཟོད་དམངས་སྒོར་ཁྲི་དུ་ཙམ་སོང་ཡོད་ལས་ཀ་ལ་ཉམས་མྱོང་ཡོད་མཁན་ཞིག་ཡིན་ཕྱིན་གསལ་བོར་ཤེས་ངེས། སློབ་ཁང་འདིའི་རྣོ་ལྕགས་དང་ཨར་འདམ་སོགས་ཀྱི་སྤོས་ཚད་རྫ་སྟོད་གླིང་ན་ད་སྔོན་འདི་འདྲ་ལོ་རྒྱུས་སྟེང་དུ་ཡོད་མྱོང་བ་མ་རེད། ཁང་བའི་རྨང་གཞི་འཇོག་པའི་སྐབས་ཀྱི་འདྲ་པར་དག་ད་ལྟ་ཡང་ཉར་ནས་ཡོད། ས་འགུལ་ཚད་རིམ་བརྒྱད་མན་ཆོད་ལ་འཇིགས་སྐྲག་མི་དགོས་པ་ཞིག་ཡིན།


དེ་ནས་བཟུང་སྤྱི་ཟླ་བརྒྱད་པ་ལ་ཉེ་བྱུང་། དེ་ཡི་དུས་ནུ་བོ་བྱམས་པ་བསྟན་འཛིན་གྱིས་ཕྲན་གྱི་ལས་ཀ་ལ་རོགས་སྐྱོར་བྱེད་བཞིན་ཡོད། ད་ནི་སློབ་ཁང་མཛད་སྒོ་སྤེལ་དགོས་འདུག་ཅེས་ལབ་སྟེ། ངེད་གཉིས་ཀའི་རྫོང་གི་ལས་ཁུངས་༢༠མན་ཆོད་ཅིག་ལ་སློབ་གླིང་གི་གདན་ཞུའི་ཡི་གེ་སྟེ་མགྲོན་ཤོག་བཞག་པ་ཡིན།ཁོ་ཚོ་གཅིག་ཀྱང་ཕེབས་མ་བྱུང་། ད་དུང་རང་གི་གྲོགས་པོ་དང་བླ་མ་དག་ལ་ཡང་གདན་ཞུ་བྱས་པ་ཡིན། སྤྱི་ཟླ་བརྒྱད་པའི་ཚེས་༣༡ཉིན་དངོས་སུ་མཛད་སྒོ་སྤེལ་བ་ཡིན། དེ་ཉིན་མགྲོན་པོ་གལ་ཆེན། ཡོངས་ཤར་དགོན་གྱི་མཆོག་སྤྲུལ་ཀརྨ་ཆོས་དར། ཁམས་མགྱོགས་དགོན་གྱི་སྤྲུལ་སྐུ རང་དགོན་གྱི་མཁན་པོ་ལོ་སྐྱབས་དང་དོ་དམ་མི་སྣ་དགེ་འདུན་པ་མི་ཉུང་བ་ཞིག རྫ་སྟོད་གྲོང་བརྡལ་གྱི་གྲོང་དཔོན་བཀྲ་ཤིས་དབང་འདུས་སོགས་ཡོད། དེའི་ཉིན་མོའི་ཡོང་འབབ་དམངས་སྒོར་ཁྲི་གསུམ་འདུག
ད་ནི་ཁྱོན་སྡོམ་ལས་བཟོ་བའི་ལས་གླ་དམངས་སྒོར་ཁྲི་༨༡ ཐོབ་འདུག དེའི་ནང་ནས་ཁྲི་༦༡ དག་ཟིན་ད་དུང་ལས་བཟོ་བ་ལ་དམངས་སྒོར་ཁྲི་༢༠ཐམ་པ་ཆད་ནས་ཡོད། ད་ནི་བུ་ལོན་གྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེ། རྒྱུ་བདག་གི་ཁ་པར་ཉིན་རེ་ནས་ཇེ་མང་དུ་ཕྱིན་པ་ཡིན། དུས་དེ་ནས་བཟུང་ཐབས་ལམ་གཅིག་དེ་སྲིད་གཞུང་ལ་རེ་བ་བྱས། སྲིད་གཞུང་ལ་འབྲེལ་འདྲེས་ཡག་པོ་ཤེས་ན་སྒེར་གྱི་ལས་ཁུངས་དག་ལ་ལོ་རེར་དམངས་སྒོར་མི་ཉུང་བ་རེ་སྟེར་བཞིན་འདུག་ཟེར་ལབ་ཀི་འདུག ནུ་བོ་བྱམས་པ་བསྟན་འཛིན་སྲིད་གཞུང་ལ་རེ་བཅོལ་ཞུ་རུ་མངགས། རང་གིས་བླ་ཆེན་དམ་པ་ཁ་བ་གངས་ཅན་ལྗོངས་ལ་བྱས་རྗེས་བླ་ན་མཐོ་བའི་ཀ་ཐོག་འབྲུག་གྲགས་སྤྲུལ་སྐུ་ལ་རེ་ཞུ་བྱས་པ་ཡིན། ཁོང་གིས་གསུང་རྒྱུར་ཁོང་ལ་སློབ་གླིང་དང་ལས་ཀ་མང་པོ་ཞིག་ཡོད་པས་རོགས་སྐྱོར་ཆེན་པོ་བྱེད་ཐུབ་རྒྱུ་མ་རེད། ཡིན་ནའང་ཁོང་གིས་ཐབས་ལམ་རེ་ཨེ་ཡོད་ལྟ་ཡོང་གསུངས་བྱུང་། དེའི་དུས་ང་རང་ཕ་ཡུལ་དུ་འདུག་ཐབས་ཆགས་ནས་ཡོད། རྒྱུ་མཚན་བུ་ལོན་མང་པོ་ཞིག་མ་འཕྲོད་པས་སོ།། དེའི་དུས་རྒྱ་ནག་རྒྱལ་ས་ན་ཡོད། ཉིན་གུང་ཞིག་ལ་འབྲུག་གྲགས་སྤྲུལ་སྐུའི་ཁོང་དོ་ནུབ་ཡུལ་ཤུལ་ན་འབྱོར་ནངས་ཀ་སྔ་མོར་ཁོང་ཕྱིར་ཕ་ཡུལ་དུ་ཆས་འགྲོ་གསུངས་བྱུང་དེ་མ་ཐག་ཏུ་ངས་གནམ་གྲུའི་འཛིན་བྱང་ཉོས་ཏེ་གནའ་མཁར་ཟི་ལིང་དུ་བསྐྱོད་པ་ཡིན། དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ཐོན་སོང་། དེའི་དུས་ཕྲན་གྱི་རླངས་འཁོར་ཟི་ལིང་ན་བཞག་ཡོད། དེ་མ་ཐག་སིལ་ཟས་ཉུང་ཉུང་ཞིག་ཉོས་ཏེ་ནུབ་གཅིག་ལ་གཉིད་བཅག་སྟེ་ཡུལ་ཤུལ་གྱི་ཕྱོགས་སུ་ལམ་སྤྱི་ལེ་བརྒྱད་བརྒྱ་ལ་ཉེ་བ་ཞིག་ཡོད་རེད། མུ་མཐུད་དུ་ལམ་དུ་ཆས་པ་ཡིན། ཕྱི་ཉིན་མའི་དུས་ཚོད་བརྒྱད་ཀྱི་སྟེང་སྤྲུལ་སྐུའི་སྐུ་མདུན་དུ་འབྱོར་སོང་། ཁོང་ཡང་ཕྱིར་ཕ་ཡུལ་དུ་ཕེབས་གྲབས་འདུག ཡིན་ནའང་ཁོང་གིས་ང་ལ་མཇལ་ཁ་གནང་སྟེ་ངས་ཁྱོད་ལ་སྤྲུལ་སྐུ་ཞིག་ངོ་སྤྲོད་བྱེད་གསུངས་བྱུང་། དེ་ནི་སྤྲུལ་བསོད་ནམས་དབང་པོ་རེད་འདུག དེ་ནས་བཟུང་ངས་སྤྲུལ་སྐུ་བསོད་ནམས་དབང་པོ་ལ་འབྲེལ་བ་བྱས་པ་ཡིན། ང་ནི་སློབ་གྲྭའི་ནང་འགྲོ་ཕོད་ཀྱིན་མེད་བུ་ལོན་དགོས་ས་མང་བས་སོ། །ཕྱིར་ཟི་ལིང་དུ་ལམ་ལ་ཆས་སོང་། སྤྲུལ་བསོད་ནམས་དབང་པོ་དང་འབྲེལ་བ་བྱས་པ་ཡིན། ཁོང་ཡང་སློབ་གྲྭ་གཟིགས་བསྐོར་དུ་ཕེབས་རྒྱུ་ཐག་བཅད། དེ་ཡི་དུས་རང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཨ་ཁུ་ཡེ་ཤེས་བཟང་པོ་ལ་ལས་བཅོལ་བྱས་པ་ཡིན་ད་དུང་ནུ་བོ་བྱམས་པ་བསྟན་འཛིན་ཡང་ཡོད། ཨ་ཁུ་ཡེ་ཤེས་བཟང་པོ་ལ་མཚོན་ན་ཕྲན་ཆུང་ལོ་ངོ་བདུན་ནས་བཟུང་ཁོང་དང་མཉམ་དུ་ཀ་ཁའི་འབྲི་ཀློག་གི་དབྱངས་རྟ་ལྷན་དུ་གྱེར་ཏེ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱས་ཏེ་འཚར་ལོངས་བྱུང་བའི་ནང་མི་ཡི་ནང་ནས་ནང་མི་དངོས་མ་དེ་ཡིན།
སྤྲུལ་སྐུ་བསོད་ནམས་དབང་པོས་ཀྱང་ཁོང་ཁོ་ནས་དམངས་སྒོར་ཁྲི་བརྒྱད་ཅུ་ལྷག་ལེགས་འགྲུབ་དཀའ་མོ་རེད་ཡིན་ནའང་རོགས་སྐྱོར་འཇོན་ཐང་ཞིག་ཨེ་ཐུབ་ལྟ་གསུངས་བྱུང་།

༡༠
དེ་ནས་བཟུང་སྤྱི་ཟླ་བཅུ་གཅིག་པར་ཉེ་བྱུང་། དགེ་སློང་བསོད་ནམས་བསྟན་འཛིན་གྱི་དངུལ་ཁྲི་༣༧སྤྱི་ཟླ་དགུ་བའི་ཟླ་མཇུག་ནས་སྤྲད་རྒྱུ་རེད། ཡིན་ནའང་དུས་ལྟར་མ་འཕྲོད་པར་ལྷག་སོང་ན་ཁོ་རང་གིས་བཤད་རྒྱུར་ཟླ་རེར་དམངས་སྒོར་ཁྲི་རེ་ངེས་པར་དུ་བསྣན་དགོས་ཟེར། གལ་སྲིད་ཡང་བསྐྱར་ཟླ་བ་གསུམ་གྱི་རྗེས་སུ་མ་འཕྲོད་ན་སློབ་གླིང་ཁོ་ལ་དབང་ངོ་ཟེར། དེ་མིན་དངུལ་བུན་དགོས་ས་རེ་ཟུང་གིས་ཀྱང་ད་ནི་མགྱོགས་པོ་གྱིས་ཞེས་ལབ་འདུག
དེ་ནས་ངས་བསམ་བློ་དུ་མ་བཏང་མཐར། འདི་ནི་བླ་མ་གཅིག་ཁོ་ནས་རོགས་སྐྱོར་བྱེད་རྒྱུ་མ་རེད། སྒོར་གྲངས་མང་དྲགས་པས་ད་ནི་ཨ་མདོའི་རྒྱལ་སྲས་ཀྱིས་ཀྱང་རོགས་བྱེད་གསུངས་མྱོང་། སྤྲུལ་བསོད་ནམས་དབང་པོ་ཡང་འདུག ད་དུང་མཁན་ཆེན་བླ་མ་རིན་པོ་ཆེ་ཁོང་རྣམ་པ་གསུམ་འགན་རེ་འཇོག་བཞག་ན་མི་མང་པོས་བཀྱག་ན་སྡོང་མ་ཡང་ཞེས་པ་བཞིན་དཀའ་ངལ་དེ་སེལ་ཐུབ་རྒྱུ་རེད་སྙམ་ཏེ། རང་གི་ཁུ་བོ་དམ་པ་ཡེ་ཤེས་བཟང་པོ། ཨ་སྐྱ་བླ་མ། མཁན་ཆེན་བླ་མ། ཨ་མདོའི་རྒྱལ་སྲས། བསོད་ནམས་དབང་པོ། ངེད་དྲུག་པོའི་འཕྲིན་ཕྲན་ཚོགས་པ་ཞིག་བཙུགས་ཏེ་བླ་མ་རྣམ་པ་གསུམ་ལ་དཀའ་ངལ་གྱི་ཐོག་མཐའ་བར་གསུམ་རེ་ཞུ་བྱས་པ་ཡིན། དེ་ནས་ཁོང་རྣམ་པ་གསུམ་པོས་གྲོས་གཞི་བྱས་ཏེ་མི་བླ་མ་རེ་རེ་ཡི་དམངས་སྒོར་ཁྲི༢༧རེ་བསྡུ་རུབ་བྱས་ཏེ་དམངས་སྒོར་ཁྲི་༨༡གི་དཀའ་ངལ་སེལ་རྒྱུའི་ཐག་བཅད། སྤྱི་ཟླ་༡༢ཚེ༢༠ནང་བུ་ལོན་ཚང་མ་གཞན་ལ་སྤྲད་རྒྱུའི་ཐག་བཅད། བུ་ལོན་དགོས་ས་དག་ལ་ཡང་ཁྱབ་བསྒྲག་བྱས་པ་ཡིན། དེ་ནས་བཟུང་ངས་སེམས་ཁམས་ལྷོད་དུ་བབས་ནས་ད་ནི་སློབ་གྲྭའི་དཀའ་ངལ་ཆེས་ཆེ་བ་དེ་སེལ་སོང་མུ་མཐུད་དུ་སློབ་གླིང་འདི་དར་ཞིང་རྒྱས་པར་ཤོག་སྙམ་པའི་རེ་སྨོན་ཡང་བྱས། དུས་ཚོད་ནི་ཧ་ཅང་མྱུར་བ་ཞིག་ཡིན་པས་
སྤྱི་ཟླ་བཅུ་གཉིས་པའི་ཚེས་༢༠དུས་ཚོད་སྟེང་སླེབས་སོང་། དེ་དུས་རང་གི་ཁུ་བོ་དམ་པ་ཡེ་ཤེས་བཟང་པོ་ཡང་སློབ་གླིང་དུ་ཕེབས། བུ་ལོན་ནངས་ཀ་སྤྲད་ཟེར་བའི་དུས་སྤྲུལ་བསོད་ནམས་དབང་པོ་ཕེབས་བྱུང་ཁོང་གིས་ཀྱང་དམངས་སྒོར་ཁྲི༢༧བཤད་པ་ནང་བཞིན་འཛོམས་བྱུང་། དེའི་སྔོན་དུ་དམངས་སྒོར་སྟོང་ཕྲག་ལྔ་གནང་མྱོང་། ཡིད་ཕམ་པ་ཞིག་ལ་ཨ་མདོའི་རྒྱལ་སྲས་ཀྱིས་ཁོང་སྐུ་ལུས་ལ་བདེ་ཐང་མེད་པ་རུ་ཆགས་སོང་བས་སློབ་གྲྭའི་ནང་དུ་ཡོང་ཐུབ་མ་བྱུང་ཟེར། དམངས་སྒོར་ཡང་བཤད་པ་ནང་བཞིན་གནང་མ་བྱུང། ལོ་དེའི་དབྱར་གྱི་སྐབས་ཁོང་ཕེབས་ནས་དམངས་སྒོར་སྟོང་ཕྲག་ལྔ་སློབ་གླིང་ལ་གནང་མྱོང་། དེ་མིན་པའི་དམངས་སྒོར་༤༠༠༠ཅན་ཞིག་ཀྱང་གནང་མྱོང་དེ་མིན་ང་ཚོས་བཤད་པ་ནང་བཞིན་དུ་རོགས་སྐྱོར་བྱས་མ་བྱུང་། དེ་ནི་ངེད་གཉིས་གྲོགས་པོ་ཡིན་པའི་སྟོབས་དང་ཕ་བཟང་བུ་ཡིས་སྐད་ཆ་བཤད་ཚར་བ་དེ་སྣང་མེད་དུ་བྱས་སོང་། མཁན་ཆེན་བླ་མའི་དམངས་སྒོར་དེ་སོག་པོའི་བླ་མ་བསྟན་འཛིན་རྡོ་རྗེ་ལ་འགན་བཞག་ཡོད་པ་རེད། སོག་བླ་ཁོང་གིས་བཤད་རྒྱུར་དམངས་སྒོར་ཁྲི་༣༠སྟེར་ཞེས་ང་དང་མཁན་ཆེན་བླ་མ་ལ་བཤད་མྱོང་དེ་ཡང་དེ་ཉིན་འབྱོར་མ་བྱུང་།
ད་ནི་དམངས་སྒོར་ཁྲི་༢༧ལས་མི་འདུག སྤྲུལ་སྐུ་བསོད་ནམས་དབང་པོ་ལ་ཡང་ཐེངས་གཉིས་གསུམ་ལ་ཕེབས་བསུ་གྲ་སྒྲིག་ངེད་སློབ་གྲྭའི་འབྱོར་ཚོད་དེ་བྱས་མྱོང་ཡོད། ཁོང་ལ་བཀའ་དྲིན་ཆེ།
དེ་ཡི་ནུབ་མོར་སློབ་གྲྭ་ཡང་དགུན་གནང་སྟེར་བའི་དུས་སུ་སླེབས་ནས་ཡོད། ཨ་ཁུ་ཡེ་ཤེས་བཟང་པོ་ངེད་གཉིས་ཀའི་ལོ་གཅིག་གི་ཇ་མའི་ཟླ་ཕོགས ༢༤༠༠༠དགེ་འདུན་བཀྲ་ཤིས་ཚང་སྤྲད། སློབ་གྲྭའི་ལྷ་རིས་འཛིན་གྲྭ་ཁག་བཞི་ལ་དགེ་རྒན་བཞིའི་ཟླ་ཕོགས་དམངས་སྒོར་མི་རེར་དམངས་སྒོར་ཁྲི་རེ། ཁྱོན་སྡོམ་ཁྲི་བཞི། གསོ་རིག་འཛིན་གྲྭའི་དགེ་རྒན་རྣམ་རྒྱལ་ཚེ་རིང་ལ་ཡང་དམངས་སྒོར་ཁྲི་གཅིག ལོ་གཅིག་ལྷག་སློབ་གླིང་གི་ཟས་གྲོན་ལ་དམངས་སྒོར་ཁྲི་བཞི་ལྷག་ཆད་དུ་བཅུག ལོ་དེར་སློབ་གྲྭའི་ཟས་གྲོན་དང་དགེ་རྒན་གྱི་ཟླ་ཕོགས་སོགས་ལ་རོགས་སྐྱོར་བྱེད་མཁན་ཡང་མི་འདུག ཡིན་ནའང་སློབ་མ་ཁོ་ཚོས་རིག་གནས་ལ་སློབ་སྦྱོང་འཐུས་ཤོར་དུ་མི་འགྲོ་བའི་ཕྱིར་ལོ་གཅིག་གི་སློབ་སྐབས་སྟོང་ཟད་དུ་ཤོར་མ་མྱོང་།
དེ་ཡི་ཕྱི་ཉིན་མ་དོམ་བདག་ཚང་མ་གཅིག་རྗེས་གཉིས་མཐུད་བྱས་ཏེ་སླེབས་སོང་། ད་ནི་བསོད་ནམས་དབང་པོས་གནང་བའི་དམངས་སྒོར་ཁྲི་༢༠མ་གཏོགས་ལྷག་མི་འདུག དེ་ཉིན་མ་དགེ་སློང་བསོད་ནམས་བསྟན་འཛིན་ཕེབས་མ་བྱུང་། ལས་བཟོ་བའི་བར་འདུག་ཨོ་ཡོ་ཚེ་རིང་དང་། ལས་ཀ་མཁན་རྒྱ་མི་ཀྲང་སིན་དང་ཁོང་གཉིས་སླེབས་བྱུང་། དམངས་སྒོར་ཁྲི་༢༠ཆད་ཡོད་པ་དེ་ངེས་པར་དུ་སྤྲད་དགོས་ཟེར་འདུག དེའི་དུས་རང་གི་ཁུ་བོ་དམ་པ་ཡེ་ཤེས་བཟང་པོས་དོམ་བདག་ཚང་མའི་མདུན་ནས་པུས་མོ་ས་ལ་བཙུགས་ཏེ་རེ་ཞུ་བྱས་སོང་འདི་ནི་མི་རིགས་ཤིག་གི་རིག་གཞུང་དར་སྤེལ་བྱེད་སའི་གླིང་ག་ཡིན་པས། ཁྱེད་ཚོས་གུ་ཡངས་ཐོངས་དང་ད་དུང་མུ་མཐུད་དུ་ངེད་ཚོས་ཐབས་བཀོད་འཐེན་ཏེ་སྔ་ཕྱི་མ་གཏོགས་ཁྱེད་ཚོ་ལ་བུ་ལོན་འཕྲོད་ངེས་བྱ་ཡོང་ཞེས་གསུངས་ཐལ། དེ་ཡི་དུས་རྫ་སྟོད་ནས་བུ་ལོན་དགོས་སའི་ཁྱིམ་ཁག་གཉིས་ཀའི་བུ་ལོན་ཁྲི་དྲུག་ལག་ཏུ་སྤྲད་པ་ཡིན། ཕུན་སུམ་གང་སྐྱབས་དམངས་སྒོར་དངུལ་བུན་དང་བཅས་༢༦༠༠༠དག རྫ་དམར་དྲུག་པའི་འཛི་ལྷ་བར་འདུག་བྱས་པ་དེ་ལ་དམངས་སྒོར་ཁྲི༣སྤྲད་པ་ཡིན། ད་དུང་ཨོ་ཡོ་ཚེ་རིང་ལ་ལས་བཟོ་བའི་དམངས་སྒོར་ཁྲི་༢༠རིན་དུ་རང་གི་ཉི་མའི་བུ་རྒྱུད་ནམ་མཁའ་ཡོད་ས་ནས་ཉོས་པའི་ཨང་རྟ་རྟགས་ཅན་རླངས་འཁོར་ཁྲི་༡༧དང་༥༠༠༠སར་སྤྲད། དེའི་སྟེང་དུ་དམངས་སྒོར་༢༥༠༠༠སྤྲད་དེ་ལམ་ལ་འཇོག་པ་ཡིན། གཞན་དག་དངུལ་བུན་མི་དགོས་པ་དག་གིས་ད་དུང་མུ་མཐུད་དུ་བསྒུག་རྒྱུ་བྱས་པ་ཡིན།

༡༡
དེ་ཡི་ནུབ་མོ་ལ་བསོད་ནམས་བསྟན་འཛིན་ཡོད་སར་ཁུ་བོ་དམ་པ་ངེད་གཉིས་ཀ་སོང་ནས་ཁྱེད་ལ་དགོས་པའི་དམངས་སྒོར་ཁྲི་༣༧ནང་ནས་དེ་རིང་བརྒྱད་མ་གཏོགས་འཛོམ་མ་སོང་། ལྷག་མ་ཁྲི་༢༩ཐབས་བརྒྱ་ཇུས་སྟོང་གི་ཅི་མགྱོགས་ངང་ཨེ་ལོན་ལྟ་ཡོང་ཞེས་སྨྲས་པ་ཡིན། ཁོས་བཤད་རྒྱུར་མདོར་ན་དམངས་སྒོར་ཡོངས་རྫོགས་མ་འཕྲོད་བར་དུ་ཟླ་རེར་དམངས་སྒོར་ཁྲི་རེ་ལྷག་མ་སྟེར་དགོས། དེ་མ་གཏོགས་གང་ཡང་བཤད་ས་མེད་ཟེར་ལབ་འདུག ངེད་གཉིས་ཀ་ཡང་ཐབས་མེད་པའི་རྒྱུ་མཚན་གྱིས་ལགས་སོ་ཞེས་སྨྲས་པ་ཡིན། བུ་ལོན་མི་དགོས་པའི་དངུལ་གཡར་མཁན་དག་གིས་སྔ་ཕྱི་མེད་མུ་མཐུད་དུ་བསྒུག་གསུངས་བྱུང་། ཁོང་རྣམ་པའི་བཀའ་དྲིན་ནི་ནམ་ཡང་བརྗེད་དུ་མེད་པའི་རྡོ་རིང་ཞིག རྒྱུ་མཚན་ཁོ་ཚོས་གནས་ལུགས་ལ་ལྟ་བའི་མིག་ཟུང་མ་ཉམས་པ་དང་། ལེགས་པའི་བྱ་བ་ལ་དགའ་ཞེན་ཡོད་པས་སོ།། བར་སྐབས་ཀྱི་ཚིག་བཅད།
མི་ཚེ་ཉི་མ་རླུང་གསེབ་མར་མེ་ཡིན་ཡང་།།
ཡུན་རིང་གསོན་ན་འདོད་པའི་བདག་འཛིན་ཇེ་ཆེ།།
ཁ་ནས་རིགས་མཐུན་ཆེད་དུ་ཤི་ན་ཆོག་ཟེར།།
ཁོག་ཏུ་སྒྱུ་མའི་ནོར་གྱིས་བཟི་བར་སེམས་ཚེ།།
འབྱོར་ལྡན་དེ་ཚོ་མི་ཡུལ་ཡི་དྭགས་ཡིན་འདྲ།།
དེ་ཡི་ཕྱི་ཉིན་ཕྲན་ཕྱིར་ཟི་ལིང་དུ་སོང་བ་ཡིན། ཉིན་ཁ་ཤས་རྗེས་སུ་འབྱོར་ལྡན་བསོད་ནམས་བསྟན་འཛིན་གྱིས་ཡང་བསྐྱར་ཕྲན་ལ་དམངས་སྒོར་གྲ་སྒྲིག་མ་བྱས་ན་སློབ་གླིང་བདག་དབང་བྱེད་ངེས་ཡིན་གསུངས་བྱུང་། དེ་ཡི་དུས་ངའི་ཆུང་མ་ལ་རེ་བཅོལ་བྱས་པ་ཡིན། ཆུང་མས་མོ་རང་གི་གྲོགས་པོ་དག་ལ་རེ་བཅོལ་བྱས་སོང་། ཁོ་ཚོས་དངུལ་བུན་མི་དགོས་པའི་དངུལ་དམངས་སྒོར་ཁྲི་༡༥འཛོམ་བྱུང་།དམངས་སྒོར་དེ་དག་ནི་དེ་མ་ཐག་ཏུ་རྫ་སྟོད་ནས་འབྱོར་བ་ཆེ་ཤོས་ཐོག་མར་བསོད་ནམས་བསྟན་འཛིན་ངེད་གཉིས་ཀའི་བར་མཚམས་སྦྱོར་བྱེད་མཁན་གྲོགས་པོ་ཚེ་རིང་དཔལ་བཟང་གི་ལག་ཏུ་སྤྲད་ནས་ཁོ་ལ་བསྐུར་བ་ཡིན། དེ་ནས་སྐར་ཆེན་སེེར་ཁོ་དང་། འགའ་རའི་དགེ་སློང་དག་གིས་ཀྱང་དངུལ་ཁུར་ཤོག་ཟེར་ལབ་ཀི་འདུག ཡིནའང་ཁོ་ཚོ་ལ་རེ་ཞིག་ལན་མ་སྟེར་བར་ལྷག་དུ་བཅུག་པ་ཡིན། ད་ནི་༢༠༡༨རེད་སོང་ཟླ་གསུམ་པའི་དུས་སློབ་སྐབས་གསར་བ་དབུ་འཛིན་པ་ཡིན། དེ་ནས་ཡར་མར་ཐབས་བཀོད་འཐེན་པ་ཡིན་གྲོགས་པོ་འཇམ་དབྱངས་འོད་ཟེར་གྱིས་བཤད་རྒྱུར་རྫ་སྟོད་མགོན་པོ་ལ་དམངས་སྒོར་གཡར་རྒྱུ་ཡོད་རེད་ཟེར་ལབ་ཀི དེ་ཡིན་ན་ཁྱོད་ཀྱིས་ང་ལ་མཚམས་སྦྱོར་གྱིས་དང་ཞེས་སྨྲས་པ་ཡིན། ཁོས་ཀྱང་མཚམས་སྦྱོར་བྱས་བྱུང་། དེའི་དུས་རང་གི་ཁུ་བོ་དམ་པ་ཡེ་ཤེས་བཟང་པོ་ཡང་ཡོད། ངེད་གསུམ་པོ་མགོན་པོ་ཡོད་ས་ན་སོང་བ་ཡིན།

༡༢
ཨ་ཁུ་ངེད་གཉིས་བཤད་རྒྱུར་དམངས་སྒོར་ཁྲི་༥༠གཡར་དགོས་ཞེས་མགོན་པོ་པ་ལབ་པ་ཡིན། ཁོས་སློབ་ཁང་གཟི་བརྗིད་ཆེ་བའི་སྟོབས་ཀྱིས་འཐད་པ་ཡོད་འདུག ལོ་ཧྲིལ་བོ་གཅིག་ལ་དངུལ་བུན་ཁྲི་༡༠ཐོབ་འདུག དེ་ལྟར་ཐག་བཅད་དེ་དངུལ་གཡར་བ་ཡིན། དེ་མ་ཐག་བསོད་ནམས་བསྟན་འཛིན་ཡོད་ས་ན་ཁུ་བོ་དམ་པ་ངེད་གཉིས་སོང་བ་ཡིན། སྤྱིར་ཡིན་ན་དམངས་སྒོར་ཁྲི༣༧རེད། ཁོང་གིས་ཟླ་བ་ཁ་ཤས་འགོར་སོང་བས་དམངས་སྒོར་ཁྲི་གསུམ་དང་སྟོང་ཕྲག་བཞི་ལྷག་མ་སྟེར་དགོས་ཟེར། དེ་ལྟར་ཁོ་ལ་སྤྲད་པ་དམངས་སྒོར་ཁྲི་༡༨དེ་ཉིན་མ་འཕྲོད་སོང་ཁྱོན་སྡོམ་པས་དམངས་སྒོར་ཁྲི་༤༠དང་༤༠༠༠རེད་སོང་།༤༠༠༠ཕྱིས་སུ་སྤྲད་པ་ཡིན། ཁྲི་༡༥རྒྱ་མི་དྲིན་ཅན་དག་ལ་སྤྲད་པ་ཡིན། ཁྲི༡༤ཉི་མའི་བུ་རྒྱུད་ནམ་མཁའི་རླངས་འཁོར་རིན་སྤྲད་པ་ཡིན། ལྷག་མ་ཁྲི་གསུམ་དེ་སློབ་སྐབས་གསར་བའི་གྲོན་སོང་གློག་གླ། སློབ་མའི་ཟས་རིན་སོགས་ལ་གཏོང་དགོས་འདུག དཔྱིད་ཀའི་ཟླ་གཉིས་ཀྱི་སློབ་སྐབས་དེ་ཙམ་གྱིས་མཇུག་དྲིལ་བ་ཡིན། དེའི་རྗེས་སློབ་སྐབས་གསར་བའི་དུས་ཁྲི་འདུའི་ཕྱོགས་ནས་ནུས་པ་ཆེ་ཤོས་འབུམ་ཐར་དང་ངེད་གཉིས་ཁ་པར་གྱི་ལམ་ནས་འབྲེལ་བ་ཡིན། ཉིན་ཁ་ཤས་རྗེས་སུ་དངོས་སུ་ངོས་ཐུག་སོང་། ཁོང་ལ་ལྷ་རིས་སློབ་མ་ལྔ་ཡོད་འདུག འོན་ཀྱང་ཁོང་ལ་སློབ་གྲྭ་འཛུགས་ཆོག་པའི་ཡིག་ཆ་ཡག་པོ་ཡོད་རེད། དཔེ་ལས་བྱེད་ཚོ་དང་འབྲེལ་བ་ཡག་པོ་ཡོད་རེད། ངས་ཁོ་དང་འབྲེལ་བའི་དམིགས་ཡུལ་བུ་ལོན་དག་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཡིན། ཁོང་གིས་སྲིད་གཞུང་ནས་རོགས་དངུལ་རྣམ་གྲངས་རེ་ཐབས་བཀོད་ཐུབ་ན་བསམ་པ་ཡིན། དངོས་སུ་ཁོ་ལ་ཡང་ལབ་པ་ཡིན་ད་ཐེངས་བུ་ལོན་དག་ཁྱེད་ཀྱིས་ང་ལ་རོགས་སྐྱོར་བྱེད་ཐུབ་སོང་ན་སློབ་གླིང་ཁང་ས་ཞིང་དང་བཅས་འུ་གཉིས་ཀའི་མིང་ཐོག་ཏུ་འཇོག་ཅེས་བཤད་པ་ཡིན། ནམ་དུ་ཡང་མཉམ་འབྲེལ་བྱེད་ཅེས་ཁོ་ལ་བཤད་པ་ཡིན།ཡིན་ནའང་ཁོང་གིས་ཐུབ་ས་མ་རེད་ཟེར་འདུག སློབ་གླིང་གནས་སྤར་བཞག་ན་གསུངས་འདུག དེ་ལ་ང་རང་ཡང་འཐད་ཡོད་མ་རེད། ཁོང་དང་ངེད་གཉིས་ཡུན་རིང་ཞིག་ལ་མཉམ་འབྲེལ་མ་རེད་ཟླ་གསུམ་ཙམ་ཞིག་རེད། དེ་ནས་ངེད་གཉིས་མཉམ་འབྲེལ་མིན་པར་བྱས། ང་ལ་བུ་ལོན་གྱི་ཐད་ནས་དམངས་སྒོར་སྟོང་ཕྲག་གཅིག་ཙམ་ཡང་ཁོང་གིས་རོགས་སྐྱོར་བྱེད་ཐུབ་ཡོད་མ་རེད། དེ་ནི་ད་ལྟ་ཡང་ང་རང་ཚོ་ངོས་ཐུག་བྱས་ན་དེ་འདྲ་ཡིན། དེ་འདྲ་ཞིག་གི་ངང་ལོ་ཟླ་ཟད་བཞིན་འདུག་ཡིནའང་ངའི་སེམས་ཀྱི་ཁུར་བོ་དེ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་མཁན་ཞིག་ཡིན་ན་དངོས་གནས་ཤ་ཚ་འོས་པ་ཞིག་ལོས་ཡིན། དཀའ་ངལ་དེ་དག་སེལ་བའི་ཐབས་སུ་མར་ཉལ་བའི་སེམས་སྟེང་དུ་ལེན་ན་དངོས་གནས་མཚན་ཕྱེད་དུས་ཚོད་གཉིས་པ་ནས་གསུམ་པའི་བར་རེད་འགྲོ་འདུག མཚམས་རེར་དུས་ཚོད་གསུམ་པའི་སྟེང་གཉིད་སད་སྐབས་དོན་དག་དེ་བློའི་ཡུལ་ན་དྲན་དུས་ཞོགས་པའི་ཉི་ཟེར་འཕྲོ་མ་ཡོང་བར་གཉིད་རྒྱུ་མི་འདུག རྒྱུ་མཚན་དེས་ན་དོན་དམ་པའི་སྟེང་ནས་ངའི་དཀའ་ངལ་སེལ་མཁན་མེད་པ་འདྲ། དེ་ཡིན་ན་སློབ་ཕྲུག་ཚོ་ནི་སློབ་མཐར་མ་ཕྱིན། སློབ་གླིང་འདི་ཡང་ཆོས་ལྡན་རྒྱ་མི་དང་བླ་མ་འགའ་རེས་དཔལ་འབྱོར་གྱི་གྲོན་སོང་མང་པོ་བཏང་། ད་ནི་ཧམ་སེམས་ཅན་ཞིག་གིས་སྒེར་སྤྱོད་བྱས་ཏེ་མགྲོན་ཁང་དང་ཟ་ཁང་ལྟ་བུ་ཞིག་ཏུ་ཆགས་སོང་ན། ཚེ་འདི་ཕྱི་གཉིས་ཀའི་དོན་འབྲས་དེ་རླུང་ལ་བསྐུར་བ་འདྲ། མུན་གླིང་འདིར་སྒེར་བཙུགས་ཀྱི་སློབ་གླིང་ནི་ཉིན་སྐར་བཞིན་ཡིན། དོན་དམ་པའི་ངང་རང་གི་རིག་གཞུང་ལ་ཤ་ཚ་མཁན་ནི་དངོས་གནས་ཉུང་ཉུང་ཞིག་ཏུ་ཆགས་འདུག ས་ཕྱོགས་དེ་ན་མི་རིགས་ཕྱི་མ་ལ་ཕན་ཐོགས་པའི་སློབ་གླིང་ཞིག་གི་ལས་དབང་མེད་པ་འདྲ་སྙམ་པའི་སེམས་ཀྱི་ཁུར་བོ་ནི་རི་ལས་ལྕི་བ་ཞིག་ཡོད་འདུག

༡༣
སྤྲུལ་བསོད་ནམས་དབང་པོས་རོགས་སྐྱོར་ལེགས་པོ་བྱས་བྱུང་ཁོང་གི་ཉེ་འབྲེལ་ནུས་པ་ཆེ་བའི་རྒྱ་བླ་དུ་མ་ཞིག་འདུག ད་ནི་སློབ་གླིང་དེ་ཁོང་གིས་གཟིགས་སོང་ན་ཡག་འདུག་སྙམ་སྟེ། འབྲུག་གྲགས་སྤྲུལ་སྐུ་རིན་པོ་ཆེ་དང་ཁོང་རྣམ་པ་གཉིས་ཀ་ལ་ཞུས་པ་ཡིན། དེའི་ནང་ནས་བསོད་ནམས་དབང་པོ་ལ་རབ་ན་བུ་ལོན་ཚང་མའི་དཀའ་ངལ་ཁྱེད་ཀྱིས་སེལ་རོགས། མིན་ན་སློབ་གླིང་འདི་སྤྱིར་ཡིན་ན་བུ་ལོན་གྱི་སྐྱེད་ཀ་མ་བརྩིས་པའི་ཁང་ས་ཞིང་དང་བཅས་ལ་ད་སྔོན་དམངས་སྒོར་ཁྲི༢༢༠ལྷག་སོང་ཡོད་འདུག ཡིན་ནའང་དམངས་སྒོར་ཁྲི༡༢༠བྱས་ཏེ་ཁྱེད་བུ་སྤུན་དག་གིས་ངོས་ལེན་བྱས་སོང་ཞེས་ཞུས་པ་ཡིན། ཡིན་ནའང་ཁོང་ལ་དེའི་ནུས་པ་ཡོད་མི་འདུག དེ་ནས་ངས་ཀྱང་ཐབས་ལམ་གཞན་ཞིག་མི་བཙལ་རང་བཙལ་རེད། རྒྱུ་མཚན་རང་ཡུལ་གྱི་འབྱོར་ལྡན་ཟ་འདོད་རི་སྤྱང་སྔོན་མོ་དག་གིས་འདི་སྤྱིའི་ཆེད་དུ་ཡིན་པ་ངོས་ལེན་བྱེད་ཀི་ཡོད་མ་རེད། རྒྱུ་མཚན་ཁོ་ཚོས་ཚེ་ཕྱི་མ་བརྗེད་དེ་དཔལ་འབྱོར་ནང་དུ་མགོ་བོ་འཁོར་ནས་ཡོད་པས་རང་ཅི་འདྲ་རོགས་ཀྱང་དེ་འདྲ་ལོས་ཡིན་སྙམ་སྟེ་ངན་ཆགས་མང་པོ་ཞིག་འཇོག་གི་ཡོད་རེད། ད་ནི་དེ་དག་གི་ཁ་ནས་ཐར་བའི་ཐབས་སུ་ཅི་ནས་ཀྱང་འབད་དགོས་སྙམ་སྟེ། རི་བོང་གླག་གིས་ཁུར་ན། འབོད་ས་ཨ་སྔོན་གནམ་ཞེས་པ་ནང་བཞིན། ཡང་མཁན་ཆེན་བླ་མ་རིན་པོ་ཆེ་ལ་རེ་ཞུ་བྱས་པ་ཡིན། ལོས་ཡིན་ད་ཐོག་མའི་སློབ་གླིང་གསར་དུ་འཛུགས་མཁན་ཁོང་ཡིན་པས། ཕྱིས་སུ་དཀའ་ངལ་སེལ་མཁན་ཡང་ཁོང་རེད་འདུག ཁོང་གིས་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མཁན་སྤྲུལ་ཞིག་ངོ་སྤྲོད་གནང་བྱུང་། དེ་ནི་རང་དགོན་གྱི་མ་དགོན་སྔ་འགྱུར་རྒྱལ་བ་ཞེ་ཆེན་དགོན་གྱི་བསྟན་འཛིན་སྐྱེས་བུ་༧མཁན་སྤྲུལ་ཐུབ་བསྟན་ཚུལ་ཁྲིམས་རེད། ཁོང་དང་ངེད་གཉིས་འཕྲིན་ཕྲན་གྱི་ལམ་ནས་འབྲེལ་བ་བྱས་པ་ཡིན། ངས་དམངས་སྒོར་ཁྲི་༡༢༠དཀའ་ངལ་ཡོད་རབས་ཞུ་མ་ཕོད། དམངས་སྒོར་ཁྲི་༨༠ནང་ཞིག་གི་དཀའ་ངལ་ཡོད་པས་དེས་ན་སློབ་གླིང་འདི་ཁྱེད་ཀྱིས་གཟིགས་འགྲོ་རོགས། དམངས་སྒོར་ཁྲི་༡༢༠དགོས་ཞེས་ཞུས་པ་ཡིན། དེ་ནས་བཟུང་ཁྱེད་ཀྱི་སློབ་གླིང་ཡིན་ཞེས་ཞུས་པ་ཡིན། རྒྱུ་མཚན་ནི་ཁོང་འདྲ་མཚོན་ན། ཚོགས་གཉིས་བསོད་ནམས་ཀྱིས་རྒྱུད་རབ་ཏུ་ཕྱུག་པའི་ཁ་བ་གངས་ཅན་པ་ཚང་ལ་མཚོན་ན་བྱས་རྗེས་བླ་ན་མཐོ་བའི་སྐྱེས་ཆེན་ཞིག་རེད། དམ་པ་ཁོང་གིས་གངས་ལྗོངས་ཤེས་རིག་མ་ཡུམ་སློབ་གླིང་དང་སྔ་འགྱུར་ཞེ་ཆེན་དགོན་དུ་ཟངས་མདོག་དཔལ་རིའི་ལྷ་ཁང་ཆེ་ཆུང་གསུམ་དང་། གྲ་ལེགས་དགོན་པའི་བཤད་གྲྭའི་དགེ་འདུན་པ་༣༠༠ལྷག་གི་འཚོ་བའི་ཞབས་ཞུ་བསྒྲུབས་ནས་ད་དུང་ས་གནས་ཆེ་མ་ཆུང་གསུམ་སྟེ་ཕྱོགས་སོ་སོ་ན་རྟེན་བཞེངས་དང་རོགས་སྐྱོར་མི་ཉུང་བ་ཞིག་མཛད་ནས་ཡོད་རེད། ངའི་སེམས་སུ་ཡང་དྲོད་ཁོལ་དང་ལྡན་པ་ཞིག་ཏུ་ཆགས་སོང་། དེ་ནས་ཁོང་གིས་ཀྱང་ང་ལ་དེ་ལྟར་དུ་སློབ་གྲྭ་གཟིགས་སྐྱོང་མཛད་རྒྱུ་དམངས་སྒོར་ཁྲི་༡༢༠སྟེར་རྒྱུ། ཐོག་མར་ཁྲི་༨༠གནང་རྒྱུ་བྱས་ཏེ་ངེད་དཔོན་གཡོག་གྲོས་མོལ་བླ་ན་མེད་པ་ཞིག་ཏུ་ཆགས་སོང་། ལས་དབང་གི་འཁོར་ཕྱོགས་ནི་སུས་ཀྱང་ལྡོག་ཏུ་མེད་པ་ཞིག་གསུངས་བ་ནང་བཞིན། ལོ་འཁོར་གསུམ་ལྷག་གི་རིང་རང་གིས་སེམས་ཀྱི་ཁུར་བོ་ཆེན་པོ་ཞིག་ཁུར་དགོས་པ་ནི། སྒྲིབ་སྦྱོང་ཞིག་ཡིན་པ་གོར་མ་ཆག་པ་ཞིག་རེད། རང་གི་སེམས་པ་ཡང་བདེ་ལ་འགོད་སོང་། རྒྱུ་མཚན་སློབ་གླིང་ནི་འདི་འདྲའི་བསོད་ནམས་ཅན་གྱི་མཁན་སྤྲུལ་ཞིག་གི་ཕྱག་ཏུ་འཕྲོད་སོང་། ད་སྔོན་རོགས་སྐྱོར་གནང་མཁན་ཚོས་དཔལ་འབྱོར་ཆུད་ཟོས་སུ་མ་ཤོར། མ་འོངས་པ་ན་ཡང་སློབ་ཕྲུག་ཚོར་འཚོ་བའི་དཀའ་ངལ་མི་དགོས། སློབ་གླིང་ནི་ཡར་ངོའི་ཟླ་ལྟར་འཕེལ་བའི་རྟེན་འབྲེལ་འགྲིག རང་ཉིད་འདྲ་མཚོན་ན་ཁྱིམ་ཚང་དེ་སློབ་གླིང་དང་ས་ཐག་ཧ་ཅང་རིང་། ནམ་རྒྱུན་ཡོང་ཐུབ་ས་མ་རེད། ད་ནི་གངས་ཅན་ཨ་མའི་བུ་རྒོད་ཅིག་གི་ཕྱག་ཏུ་འཕྲོད་པས་སེམས་བདེ་བོ་ཞིག་ཏུ་ཆགས་སོང་ངོ་། །
བར་སྐབས་ཀྱི་ཚིག་བཅད་ནི།
རྨད་བྱུང་ཚོགས་གཉིས་དཔལ་ལས་ལེགས་འཁྲུངས་པའི།།
མ་སྨད་ཐུབ་བསྟན་ལྗོན་པའི་དབང་པོ་ལ།།
ལེགས་བཤད་ཚུལ་ཁྲིམས་དྲི་བསུང་ཕྱོགས་ཀུན་ཁྱབ།།
ན་གཞོན་རྐང་དྲུག་ཁྲི་འབུམ་ཐར་ལམ་ཟིན།།
༡༤
དེ་ནས་བཟུང་རང་གི་ཁུ་བོ་དམ་པ་ཡེ་ཤེས་བཟང་པོ་ལགས་འོ་བརྒྱལ་བྱས་༢༠༡༨ལོའི་ལོ་མཇུག་སློབ་གླིང་ལ་ཕེབས་ཏེ་བུ་ལོན་དངུལ་བུན་མི་དགོས་པའི་དམངས་སྒོར་གཡར་མཁན་དག་ལ་ཁྲི༡༨ དག ད་དུང་ཁྲི་བདུན་ཆད། མགོན་པོ་ལ་དམངས་སྒོར་ཁྲི༤༢དག་ཟིན། ་ད་དུང་མགོན་པོ་ལ་དམངས་སྒོར་ཁྲི༢༠ཙམ་ཆད། དེ་ནི་དུས་ཐོག་ཏུ་སྤྲད་མ་ཐུབ་པས་ཁྲི་གཅིག་ལྷག་ཡང་བསྐྱར་དངུལ་བུན་སྤྲད་དགོས་འདུག སྤྲུལ་དཀོན་མཆོག་བསྟན་འཛིན་གྱི་སློབ་བུ་ལ་དམངས་སྒོར་ཁྲི༨དག དེ་ལ་ཡང་ཕྱིས་སུ་དངུལ་བུན་དམངས་སྒོར་ཁྲི་༢ཤོར། ད་དུང་ཁྲི༤ཆད། ཉི་མའི་བུ་རྒྱུད་གླུ་བ་ནམ་མཁའ་ལ་ཡང་བསྐྱར་དམངས་སྒོར་ཁྲི་༦དག་དེ་ནས་ཁོ་དང་ངེད་གཉིས་བར་གྱི་བུ་ལོན་ཁྲི༢༠མཇུག་དྲིལ། ཨ་སྐྱ་བླ་མ་ལ་དགོན་པའི་དམངས་སྒོར་ཁྲི་༦དག འཕྲིན་སྟེགས་ཀྱི་སྟེང་དུ་དེ་ཙམ་གྱིས་ཆོག་པར་བྱས། ལོ་རྒྱུས་འདི་རྒྱ་བོད་གཉིས་ཀྱི་ཡིག་རིགས་སྟེང་མི་འགྱང་བར་དཔེ་བསྐྲུན་བྱེད་རྒྱུ་ཡིན། ་བཀྲ་ཤིས་བདེ་ལེགས་ཞུ། འོད་གསལ་མཐའ་ཡས་ནས།

Leave a Reply

Your email address will not be published. Required fields are marked *