October 2019

རིག་འཛིན་འཇིགས་མེད་གླིང་པ་ངོ་སྤྲོད་མདོར་བསྡུས།

རིག་འཛིན་འཇིགས་མེད་གླིང་པ་ནི་ཡུལ་ལྷོ་ཁ་ཡར་ལུང་གི་རྒྱུད་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་ཆོ་འབྲང་གཅིག་པའི་ཆོས་རྗེ་སྨོན་ལམ་བཟང་པོ་དང་།ཡུམ་མདོ་སྲིབ་སྟེང་ཁང་པའི་རིགས་ཀྱི་མེ་ཏོག་ཡན་ལག་མཆོག་དང་ལྡན་མ་གཉིས་གྱི་སྲས་སུ་སྤྱི་ལོ༡༧༢༩ལོར་སྐུ་འཁྲུངས།
དགུང་ལོ་དྲུག་པར་དཔལ་གྱི་རི་འོད་གསལ་ཐེག་པ་ཆེན་པོའི་གླིང་དུ་སྤྲུལ་བའི་སྐུ་ངག་དབང་བློ་བཟང་པདྨ་ལས་རབ་ཏུ་བྱུང་ཞིང་མཚན་ལ་པདྨ་མཁྱེན་བརྩེ་འོད་ཟེར་ཞེས་གསོལ། དགུང་ལོ་བཅུར་སོན་སྐབས་སློབ་དཔོན་བོན་བཙན་པ་ལས་སྒྲ་དང་། རྩི ས། གསོ་རིག་བཅས་གསན་པས་ཚེགས་མེད་དུ་མཁྱེན། དྲུང་དམ་ཆོས་བློ་གསལ་དབང་པོ་ལས་སྙན་ངག་མེ་ལོང་མའི་བཤད་ཁྲོད་ཞུས་པས་ལྗགས་རྩོམ་གནང་བ་ལ་སྙན་འགྱུར་ཕུན་སུམ་ཚོགས་པའི་དཔལ་ཐོབ །གནས་བརྟན་ཀུན་བཟང་འོད་ཟེར་ལས་གྲོལ་ཏིག་དང་བླ་མ་དགོངས་འདུས་སོགས་ཀྱི་དབང་ལུང་གསན། དགུང་ལོ་བཅུ་གསུམ་པར་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་མཇལ་ཞིང་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་གྱི་རྩ་དབང་དང་བསམ་པ་ལྷུན་གྲུབ་སོགས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་གསན། དགུང་ལོ་བཅོ་ལྔ་པར་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། གཞན་ཡང་སྔ་ཕྱིར་གཏེར་ཆེན་དྲི་མེད་གླིང་པ། ཞང་སྟོད་ངྷརྨ་ཀིརྟི། སྨིན་གླིང་གྲུབ་དབང་ཤཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། འབྲོག་ཐང་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ལས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་བཀའ་གཏེར་དང་། གསར་མའི་རྒྱུད་སྡེ་ཡང་ཅི་རིགས་པ་གསན་བཞེས་མཛད།

སྐབས་དེ་དག་ཏུ་ཐུགས་ལ་ངེས་འབྱུང་དང་སྐྱོ་ཤས་ཚད་མེད་འཁྲུངས་ནས་ཤྭི་པ་རྦ་ཏའི་གླིང་དང་། བསམ་ཡས་མཆིམས་ཕུའི་གེའུ་འོག་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་ཏུ་གྲགས་པ་སོགས་སུ་ལོ་འཁོར་བསྟུན་མར་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ་བར་མཛད། རང་དགོན་དཔལ་རི་པདྨ་འོད་གླིང་དུ་ལོ་གསུམ་གྱི་རིང་ལ་སྐུ་མཚམས་བཅད་རྒྱ་གནང་ནས་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་བསྐྱེད་རྫོགས་ལ་གཞོལ་བས་དྲོད་རྟགས་ཁྱད་པར་ཐོབ། ཁྱད་པར་དུ་བསམ་ཡས་འཆིམ་ཕུའི་གསང་ཆེན་མེ་ཏོག་ཕུག་ཏུ་ལོ་གསུམ་གྱི་རིང་ལ་སྙིང་པོའི་དོན་གྱི་སྒྲུབ་པ་ལ་གཞོལ་བའི་སྐབས་སུ་ཉམས་ལེན་གྱི་རྟོགས་པ་ཁྱད་པར་ཅན་མང་པོ་འཁྲུངས། དག་པའི་གཟིགས་སྣང་མཐའ་ཡས་པ་བྱུང་ཞིང་། ལྷག་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུའི་ཞལ་ལན་གསུམ་ དུ་མཇལ། སྐུ་གསུམ་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུམ་གི་གནང་བ་ཆེན་པོ་ཐོབ་པ་ལ་བརྟེན་ནས་འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང། ཟབ་གཏེར་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པས་རྣམ་སྨིན་རིག་འཛིན་གྱི་གདེངས་ཚད་མངོན་དུ་གྱུར།རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་གནད་དུ་བསྣུན་པས་མགྲིན་པ་ལོངས་སྤྱིད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ཏེ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་མངའ་དབང་འབྱོར་བས་ཟབ་མོའི་གཏེར་ཁ་ཀློང་དུ་བརྡོལ། ཕྱིས་ཀྱང་སྐུ་ཚེ་ཧྲིལ་པོར་དགོན་གནས་དབེན་པ་ཁོ་ནར་ཐུགས་དམ་གྱི་མཐིལ་མཛད།

འཕྱོང་རྒྱས་སྲོང་བཙན་བང་སོའི་འདབས་འབྲེལ་གྱི་གནས་ཁྱད་པར་ཅན་དུ་དཔལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ། ༼ཚེ་རིང་ལྗོངས་ནི་བོད་ཀྱི་དགོན་སྡེ་སྤྱི་མཚུངས་བཞིན་རིག་གནས་གསར་བརྗེའི་སྐབས་སུ་རྩ་གཏོར་བྱས་ཀྱང་རྗེས་སུ་བསྐྱར་བཞེངས་གྲུབ་ནས་བཙུན་མ་ལྔ་བཅུ་ཡས་མས་བཞུགས་ཤིང་། སྐུ་གསུང་ཐུགས་རྟེན་སྤུས་ལེགས་དང་། སྙིང་ཐིག་རང་རྐང་གི་ཆོག་འགྲིགས་དང་ཉམས་ལེན་གཞི་རྐང་ཚུགས་པ་བྱུང་ཡོད།༽

བསམ་ཡས་བར་ཁང་གཡུ་ཞལ་འབར་བའི་གཞི་སྟེང་དུ་རྒྱ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེ་སྣ་ ཚོགས་ཀྱི་ཕྲ་རྒྱན་གྱིས་བརྒྱན་པ་བཞེངས།བསམ་ཡང་ཆོས་འཁོར་ཆེན་པོ་ལ་གསེར་སྲང་བརྒྱ་ལས་གྲུབ་པའི་འཁོར་ལོ་ཕུལ་ཅིང་།དངུལ་གྱི་རྒྱལ་བ་མི་ཕམ་པའི་སྣང་བསྙན་ཆེན་པོ་བཞེངས། སྲོང་བཙན་བང་སོ། བསམ་ཡས་མཆིམས་ཕུ། འཕྱོངས་རྒྱས་དཔལ་རི་སོགས་ སུ་ཨོ་རྒྱན་མདྨ་འབྱུང་གནས་དང་།ལོ་པཎ་རྣམས་ཀྱི་སྐུ་བརྙན་མང་པོ་གསར་བཞེངས་ དང་།ཁྱད་པར་རྒྱལ་བའི་འཕྲིན་ལས་ཆུད་མི་འཛའ་བའི་ཆེད་དུ་རྒྱུད་འབུམ་རིན་པོ་ཆེ་ཆ་ཚང་དང་། རྣམ་ཐར་ཤེས་བྲག་མ་སོགས་ཀྱི་བྲིས་ཐང་དྲུག་ཅུ་སྐོར་གསར་བཞེངས་གནང་། དེ་བཞིན་བསྟན་པའི་རྩ་བ་མདོ་སྒྱུ་སེམས་གསུམ་དང་དེ་དག་གི་གཞུང་དོན་མ་ནོར་བ་ནུབ་ལ་ཉེ་བས་ཤཱི་པརྦ་ཏའི་གླིང་དུ་སྒྲུབ་མཆོད་ཀྱི་རྒྱུན་གསར་འཛུགས་སོགས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སླར་གསོའི་ཕྱག་རྗེས་བླ་ན་མེད་པ་བཞག

རྗེ་འདིའི་སློབ་མའི་གྲས་ནི་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། འཇིག་མེད་རྒྱལ་བའི་མྱུ་གུ། མོན་བླ་འཇིགས་མེད་ཀུན་གྲོལ་རྣམ་རྒྱལ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་བཅས་འཇིགས་མེད་རྣམ་བཞི་དང་། འབྲི་གུང་རིན་པོ་ཆེ་ཉིན་བྱེད་འོད་ཟེར། ས་སྐྱའི་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད།དགའ་ལྡན་བྱང་ཤར་རྣམ་གཉིས། འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ། ལྩགས་ཟམ་སྤྲུལ་སྐུ། ཀོང་པོ་རྒོད་ཚང་སྤྲུལ་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན། ལྷོ་བྲག་ཐུགས་སྲས། སྡེ་ དགེ་རྒྱལ་པོ་དང་བཙུན་མོ་ངང་ཚུལ་མ་སོགས་ཐུགས་རྒྱུད་ཟིན་པའི་སློབ་མ་མང་པོ་བྱུང་།

རྗེ་འདི་པའི་བརྩམས་ཆོས་ལ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་དང་། རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་གི་ཁྲིད་ཡིག་ཡེ་ཤེས་བླ་མ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན། དགོངས་འདུས་ཆོ་གའི་བསྟན་བཅོས་ལུང་གི་གཏེར་མཛོད།བཀའ་ཡི་བསྡུ་བ་གསར་དུ་མཛད་པའི་ཕུར་པ་རྒྱུད་གཞུང་།ཐུགས་གཏེར་ཀློང་ཆེན་ཐིག་གཞུང་རྩ་བ་གསལ་བྱེད་དང་བཅས་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ།བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང་། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། འདབ་ཆགས་ཀྱི་གཏམ་རིག་པ་རང་ཤར། ནགས་ཚལ་གྱི་གཏམ་ཨུ་དུམ་ཝཱ་རའི་ཆུན་པོ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན། རྒྱལ་པོ་དང་དམངས་ལ་སྤྲིངས་པའི་གཏམ་འཇིག་རྟེན་གསོ་བའི་སྨན། དམངས་ལ་སྤྲིངས་པའི་གཏམ་དཔེ་དོན་འབྲེལ་བ་སོགས་གསུང་འབུམ་པོད་དགུའི་པར་ཤིང་ཆ་ཚང་སྡེ་དགེ་དཔར་ཁང་དུ་བཞུགས། དགུང་ལོ་བདུན་ཅུར་སོན་པ་སྤྱི་ལོ༡༧༩༨ལོར་སྐུ་གཤེགས། རྣམ་ཐར་རྒྱས་པ་ནི་རང་རྣམ་­རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་རྣམ་ཐར་ཉུང་བསྡུས། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་ཀྱི་རྣམ་ཐར་དོ་ཧའི་རྒྱན། ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ། པདྨ་དབང་ཆེན་རོལ་པ་རྩལ་གྱིས་མཛད་པའི་རྣམ་ཐར་གྱི་མཇུག་མཐུད་སོགས་ཁུངས་བཙན་པ་དང་ཚིག་དོན་སྙན་ཞིང་ཟབ་པས་དེར་གཟིགས་པར་འཚལ༎

འཇིགས་མེད་གླིང་པའི་ཞལ་གདམས་ཀ་ཁ་སུམ་བཅུ་མ་བཞུཊ་སོ།།

རྩོམ་པ་པོ། རིག་འཛིན་འཇིགས་མེད་གླིང་པ།

སྤྱིར་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ། །
སྒོས་སྤྲང་རྒན་བདག་གི་སྐྱབས་གནས་མཆོག །
རྗེ་སངས་རྒྱས་ཀུན་དངོས་ཨོ་རྒྱན་རྗེར། །
སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །
བུ་ཀ་དག་སྤྲོས་བྲལ་ཕྱོགས་ཡན་ལ། །
ཁ་དོག་བཟོ་དབྱིབས་མཚོན་པ་མེད། །
ག་བུར་དབྱིངས་སུ་ཡལ་བ་ལྟར། །
ང་བདག་རྩ་གདར་ཆོད་ལ་ཞོག །

བུ་ཅ་ཅོའི་ཚིག་ལ་མ་ཞེན་པར། །
ཆ་མེད་པ་ས་མཐའི་ནགས་ཁྲོད་དེར། །
ཇ་ཆང་འདོད་ཡོན་མ་བསམས་པར། །
ཉ་ལྟར་རིག་པ་གཅེར་བུར་ཞོག །

བུ་ཏ་ན་གྷ་ནའི་སྤྱོད་པ་འདི། །
ཐ་མལ་གྱི་ལམ་དུ་མི་ལྷངས་པས། །
དྭ་ཕྲུག་ས་མཐར་འཁྱར་བ་ལྟར། །
ན་དགའ་ཤི་སྐྱིད་ངང་དུ་ཞོག །

བུ་པ་སངས་ལྟ་བུའི་ལྷག་བསམ་གྱིས། །
ཕ་རོལ་ཀུན་ལ་དག་སྣང་སྦྱང་། །
བ་མོ་ཉི་མས་བཞུ་བ་བཞིན། །
མ་རིག་ཡུལ་ནས་ཐོན་ལ་ཞོག །

བུ་ཙ་རི་ཏྲ་སོགས་གནས་སྐོར་ལ། །
ཚ་གྲངས་དཀའ་སྤྱད་མི་དགོས་ཀྱི། །
ཛ་ཧུའི་རྒྱུན་ལྟར་ཏིང་ངེ་འཛིན། །
ཝ་ལྟར་རི་སུལ་འགྲིལ་ལ་སྒོམས། །

བུ་ཞྭ་གོས་འོད་ཟེར་དོན་གཉེར་དང་། །
ཟ་མའི་ཆེད་དུ་མ་རྒྱུག་པར། །
འ་ཅག་སྐྱེ་འཆིའི་དགྲ་བོ་ལ། །
ཡ་ང་མེད་པའི་སྒོམ་སྒྲུབ་རེམ། །

བུ་ར་གན་ལྟ་བུའི་བློ་རེངས་ཀྱི། །
ལ་ཀླུང་ཁྱི་བཞིན་ཉུལ་བ་དེ། །
ཤ་ཟ་འབྱུང་པོའི་གདོན་དང་འདྲ། །
ས་སྡེ་གཅིག་ཏུ་བསྒྲུབ་ཚུགས་བཟུང་། །

བུ་ཧ་ལ་ལྟ་བུའི་རྣམ་རྟོག་འདིས། །
ཨ་དོན་སྐྱེ་མེད་དོན་ལ་སྒྲིབ། །
རྨ་བྱ་ལྟ་བུའི་བརྟུལ་ཞུགས་ཀྱིས། །
དུག་ལྔ་ལམ་ཁྱེར་བཙན་ཐབས་སྦྱངས། །

དེ་སྐད་གེགས་སེལ་ཉམས་ཀྱི་གླུ། །
བློ་འདས་ཀུན་ཏུ་བཟང་པོ་ཡི། །
བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལ། །
འོག་མིན་རྡོ་རྗེའི་བྲག་ཕུག་ཏུ། །

མར་ངོའི་ཚེས་་་་བཅུའི་ཐོ་རེངས་ཁ། །
གསལ་རིག་རྗེན་པའི་ངང་ལ་རྩལ། །
ཉི་ཤར་ཡི་གེའི་ལམ་དུ་བཞག །
སེམས་ཅན་ཀུན་ལ་ཕན་ཐོགས་ཤོག །

Leave a Reply

Your email address will not be published.