བག་ཡོད་ཀྱིས་རིམས་སེལ་དཀར་པོ་ཆིག་ཐུབ།།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཀ་པ་ལ་ཡི་ནང་ལ་ཀླད་རྩ་ཚང་ན།།
ཁ་བ་ཅན་གྱི་མི་རྣམས་གཞན་དང་མི་འདྲ།།
ག་ས་གང་དུ་མཆིས་ཀྱང་གུ་རུའི་བཀའ་དྲིན།།
ང་ཚོ་ཡོངས་ལ་ཡོད་པའི་སྐལ་བཟང་མ་བརྗེད།།
ཅ་ཅོའི་འུར་སྒྲོག་ཕྱོགས་ལ་བདེན་པར་མ་འཛིན།།
ཆ་ལུགས་ཆོས་དང་འགལ་བའི་རིམས་ནད་མ་སྐྱོང་།།
ཇ་ཆང་ཁོ་ནས་ཞེན་པའི་འདུ་འཛིར་མ་སྤེལ།།
ཉ་མོ་ཆུ་ལ་གནས་བཞིན་གཙང་སྦྲ་རེམ་རེམས།།
ཏ་ཐཱ་ག་ཏའི་བསྟན་རྩའི་སྙིང་པོ་མཁྱེན་ནས།།
ཐ་དག་འགྲོ་བ་ཡོངས་ལ་སྙིང་རྗེ་སྒོམ་ནས།།
ད་ལྟ་ཉིད་དུ་སྨིན་གྲོལ་ལམ་བཟང་འབད་ན།།
ན་རྒ་འཆི་བའི་གནས་ལ་སྐྲག་དགོས་མི་འདུག།
པ་ར་མི་ཏའི་སྟོང་ཉིད་གོ་མྱོང་རྟོགས་ན།།
ཕ་ཝང་བྱ་བྱའུའི་རིམས་ནད་འཇིགས་དགོས་མི་འདུག།
མ་ལུས་འགྲོ་ལ་དམིགས་པའི་བྱང་སེམས་ལྡན་ན།།
བ་རྒན་ཟུང་ཟད་བཞིན་དུ་ཉལ་དགོས་མི་འདུག།
ཙ་ར་མ་གཅོད་བག་མེད་སྤྱོད་ལམ་མ་མང་།།
ཚ་རིམས་ནད་ངན་ལུས་ལ་མ་ཁྱབ་མཛད་ནས།།
ཛ་དྲག་དྲན་ཤེས་བག་ཡོད་ར་མདའ་སྒྲོན་ནས།།
ཝ་ལེར་སྔགས་འཆང་རིག་འཛིན་རྟུལ་ཞུགས་མཛོད་ཅིག།
ཞ་བོ་མིན་ཡང་སྒོ་ཐེམ་ཡན་ལ་མ་བརྒལ།།
ཟ་མ་ཉུང་ཡང་འུག་ཧན་མགྱོགས་ཟས་མ་ཟ།།
འ་ཅག་ཕྱོགས་ལྷུང་མེད་པའི་ཚོད་གཅིག་ཟིན་ན།།
ཡ་རབས་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཟབ་བོ།།
ར་ལྟར་གྱོང་བའི་རྨོངས་ཞེན་ཁོ་ན་མ་བྱེད།།
ལ་རྒྱ་ཟེར་ནས་མི་འཇིགས་དཔའ་ངོམས་མ་གནང་།།
ཤ་ཁྲག་མི་ལུས་ཐོབ་པ་འདྲ་མཉམས་ཡིན་ཕྱིར།།
ས་ཆ་གང་ལ་ཕེབས་ཀྱང་ནད་རིམས་འཛེམ་རོགས།།
ཧ་ཅང་དཀའ་ངལ་འཕྲད་པའི་ནད་མུག་སྐབས་སུ།།
ཨ་མཚར་རྩེད་མོའི་རིགས་ལ་མགོ་བོ་མ་འཁོར།།
ཧ་ལའི་དུག་བཞིན་ཏོག་དབྱིབས་རིང་དུ་དོར་ནས།།
ཨ་ཞང་གནམ་རྒན་ཚང་ལ་ཡིད་ཆེས་མ་མཛད།།
ཨི་ལྡན་དབྱངས་གསལ་མཛེས་པའི་ཁ་ཏ་འདི་ཉིད།།
ཨུ་ཚུགས་མ་དགོས་གངས་ཅན་ཡོངས་ལ་ཕུལ་ན།།
ཨེ་མ་ཕན་བདེའི་མི་ཚེ་རབ་ཏུ་འཚོ་ཞིང་།།
ཨོ་རྒྱན་པདྨས་ཚེ་རབས་ཀུན་ཏུ་སྐྱོབས་ཤིག།
ཅེས་པར་རབ་གནས་ལྕགས་བྱིའི་རྒྱལ་ཟླའི་ཚེས་བཅུ་ལ་སེ་ཁྱུང་དབྲ་སྲས་རིག་འཛིན་དབྱངས་ཅན་ཡེ་ཤེས་རྡོ་རྗེ་སོགས་ན་གཞོན་བྱིས་པ་དུ་མའི་ངོར་ཤྲཱིཿསྨྱོན་ཨེ་མ་ཧོས་ཨེ་ཝཾ་མནྡ་ར་ཝའི་ཕོ་བྲང་ནས་བགྱིས་པར་དགེའོ།།