འཇམ་དཔལ་རྩ་རྒྱུད་ལས། ན་མཿསམྣ་བུདྡྷ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་ཏིཥྛ་ཏིཥྛ་ཕཊ་ཕཊཿསརྦ་དུརྣི་མི་ཏེ་དུར་སུབ་ཤིནྟིཾ་ཀུ་རུ་སྭཱ་ཧཱ།། ད་ནངས་ངས་རྨིས་པ་ཚང་མར་ཕྱིར་བཟློག་བྱས། མུན་ཀློང་ལས་འབུ་སྲིན་སྡིག་པ་ཞིག་གིས་གྲོགས་ལ་སྡིགས་པ་རྨིས།།ཀྱེ་མ་ཧོ།་་་་་ཤྲཱིས་སོ།
ངོས་ནི་ལོ་ངོ་བཅུ་བཞིའི་སྐབས་སུ་དགེ་ཚུལ་སློང་ཞུ་སའི་༧སྐྱབས་རྗེ་དགེ་མང་མཁན་ཆེན་དབང་དྷཱིའི་རིན་པོ་ཆེ་དང་གནས་བརྟན་ལས་གྲལ་བ་མཁན་ཆེན་བསོད་ནམས་རིན་པོ་ཆེ་ནི་ངའི་ལས་སློབ་དང་བླ་མ་ཡིན། ཁོང་ནི་ཡང་དག་དགེ་སློང་དང་། དམ་པའི་ཚུལ་དགུ་ལྡན་པ། ངོས་ལ་བྱམས་སྐྱོང་རྒྱུན་དུ་གནང་འཁན་ཞིག་ཡིན། དེ་རིང་དམིགས་བསལ་བཀའ་མོལ་བྱུང་བས་དགའ་སྤྲོ་བརྟས། ཨེ་མ་ཧོས
མི་ཞིག་ལ་སངས་རྒྱས་སུ་བལྟས་ཀྱང་མི་དེས་ཁྱོད་ལ་ཁྱི་རུ་བལྟ་སྲིད། དེས་ན་སངས་རྒྱས་ཞིག་ལ་མི་རུ་བཟུང་ན་བྱིན་རླབས་ཡང་ཁྱི་ལས་མི་འབྱུང་ཚུལ་གསུངས་པ་ཅི་མ་བདེན། གང་ལྟར་དེ་རིང་ནས་ང་ཉིད་སངས་རྒྱས་ཡེ་ཤེས་འཛིན་པ་དེ་ནོར་མི་འདུག གཞན་དག་སུ་མ་འགུ་ཡང་ཞེ་བློ་བདེ་བ་ཞིག་བྱུང་། དགྲ་གྲོགས་སུ་ཞིག་ཡིན་རུང་བཏང་སྙོམས་ངང་ལས་སེམས་ཁུར་ཡེ་མི་དགོས་པ་ཞིག་ཆགས་སོང་། རྨི་ལམ་དང་འཁྲུལ་བ་བདེན་པ་བཟུང་ནས་མུ་འཐུད་དུ་བསྟན་འགྲོ་ལ་ཕན་བདེ་སྒྲུབ་པ་དམ་བཅའ་དང་བདེན་ཚིག་ཏུ་སྨོན་པའོ།། རྩ་གསུམ་རྒྱལ་བའི་ཐུགས་སྲས་ཨེ་མ་ཧོས
ལྟ་མགུར་ཀུན་བཟང་མེ་ལོང་།ཨེ་མ་ཧོ།།༡༽ཀ་དག་གི་རིག་པ་ཟང་ཀ་ནི་རྒྱ་ཡན།།མཐའ་གྲོལ་ཀྱི་ཀློང་དུ་ཕྱམ་ཕྱམ་དུ་སྐྱོང་ཚེ།།ཀུན་རྟོག་གི་སྤྲོས་པའི་ལྷན་པ་དེས་ཅི་བྱ།།གུ་ཡངས་ཀྱི་བློ་བདེའི་རྣལ་འབྱོར་ང་སྐྱིད་པ།།༢༽ལྷུན་གྲུབ་ཀྱི་རིག་པ་འོད་གསལ་གྱི་ངང་དུ།།སྒྲོན་དྲུག་གི་འཇའ་ཟེར་རང་བཞིན་གྱིས་ཤར་ཚེ།།བསྐྱེད་རྫོགས་ཀྱི་ངལ་བས་བྲེལ་བ་དེས་ཅི་བྱ།།ཡེ་གྲོལ་གྱི་ཞིང་ཁམས་མཇལ་བ་འདི་སྐྱིད་པ།།༣༽གང་ཤར་གྱི་རིག་པ་རྣམ་རྟོག་གིས་མ་གོས།།འགྱུ་དྲན་གྱི་ཤེས་པ་བདེ་ཆེན་དུ་མཐོང་ཚེ།།ཟག་བཅས་ཀྱིས་བསྐྲུན་པའི་ཕྱག་རྒྱ་དེས་ཅི་བྱ།།རང་གྲོལ་གྱི་གྲོལ་ལམ་རྫོགས་ཆེན་ཉིད་སྐྱིད་པ།།༤༽གཅེར་གྲོལ་གྱི་རིག་པ་ཡེ་ཤེས་ཀྱི་བླ་མ།།བློ་འདས་ཀྱི་ལྟ་བ་དག་མཉམ་དུ་གནས་ཚེ།།ཞི་གནས་གྱི་དྲན་པའི་ཚན་རིག་དེས་ཅི་བྱ།།ཀུན་བཟང་གི་རིག་འཛིན་འདི་ཕྱི་ཀུན་སྐྱིད་པ།།༥༽སྣང་སྟོང་གི་རིག་པ་རྟག་ཆད་དུ་མ་གོལ།།བདེ་སྟོང་གི་ཡེ་ཤེས་བརྗེན་གཅེར་དུ་རོལ་ཚེ།།རིག་སྟོང་གི་སངས་རྒྱས་དཀའ་སྤྱད་དེས་ཅི་བྱ།།ཁྱབ་བདག་གི་སྟོན་པའི་གཉུག་སེམས་འདི་སྐྱིད་པ།།ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཟླ་བ་ཉ་ཡོངས་སུ་གང་བའི་ཉིན་ལ་མཁའ་འགྲོ་རྗེ་བཙུན་མས་ཐལ་སྦྱར་བཅས་མཆོག་ཉིད་སྐྱིད་པོ་བདེ་མོ་ཡིན་ནམ་ཞེས་པའི་ལན་དུ་གང་ཤར་དུ་ཤྲཱིཿཨེ་མ་ཧོས་ཨེ་ཝྃ་ཛྙཱ་ན་གུ་རུ་ལྷ་ཁང་ནས་གླུ་རུ་བླངས་པར་དགེའོ།། །།
དེ་རིང་འཛམ་གླིང་གང་སར་ཕལ་མོ་ཆེར་ཆར་དང་ཁ་བས་གཡོག་བཞིན་པའི་ཚེ། བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པ་བཞེང་དུས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཀྱིས་ཨེ་ཝཾ་གེ་སར་དགོན་པའི་བྲག་ཁང་དང་འཁོར་ཡུག་ལ་འཇའ་འོད་སྨུག་ཀློང་གི་ཁྲོད་ནས་ཆུ་རེགས་དང་གློག་འཕྲུལ་དང་བླ་གབ་ཞིབ་ཚེགས་མཛད་པའི་ཚེ་ས་བདག་ཕག་ནག་དང་ཕག་ཁྲ་རིགས་བརྒྱད་བྱུང་ནས་ས་རྔོག་དང་རྔོག་བཞིན་མཆིས་སོ། གང་བསམ་ལྷུན་འགྲུབ་འབྱུང་སྨོན་བཅས་ཤྲཱིས་སོ། །
༼ཁྱི་དང་མིའི་བསྟན་བཅོས།༽/གཅན་རང་སད།ཁྱི་ལ་ཁ་ཟས་སྦྱིན་པས་ཀྱང་།།དྲུང་དུ་བཅར་ནས་གཉེན་དུ་འཛིན།།མི་ལ་ཚེ་གང་ཕན་བཏགས་ཀྱང་།།ནམ་ཞིག་བཀྱེད་ནས་དགྲ་རུ་ལྟ།། ཁྱི་ཡིས་རང་གི་བདག་པོ་ལ།།གློ་བ་མི་རིང་ཞབས་ཞུ་སྒྲུབ།།མི་ཡིས་རང་གི་ཕ་མར་ཡང་།།བཀུར་བསྟི་མི་བྱེད་སྒོ་རུ་འདོན།། ཁྱི་ལ་རེ་ཞིག་འདྲིས་པས་ཀྱང་།།ནམ་ཡང་མི་བརྗེད་གདོང་རིས་ཟིན།།མི་ལ་ཡུན་རིང་འགྲོགས་ན་ཡང་།།ཕྱུག་པོ་ཆགས་ཚེ་ངོ་མི་ཤེས།། ཁྱི་ཡིས་མི་སྐད་མི་གོ་ཡང་།།འགྲོགས་ཚེ་གློ་སྙིང་བྲང་གསུམ་གཏོད།།མི་ནི་རང་སྐད་སྨྲ་མོད་ཀྱང་།།འགྲོགས་ཀྱིན་སོ་སོའི་སྐྱོན་ལ་རྟོག། ཁྱི་ཡིས་ཕན་བཏགས་ཆུང་ངུས་ཀྱང་།།བྱས་པ་ཤེས་ཤིང་དྲིན་དུ་གཟོ།།མི་ནི་ཚེ་གང་བསྐྱངས་ན་ཡང་།།མཐའ་མར་དགྲ་རུ་གྱུར་བ་མང་།། ཁྱི་ཡིས་གྲོད་ཁོག་འགྲངས་གྱུར་ན།།དངུལ་ལོར་ཕྱགས་དར་ཕུང་བོར་ལྟ།།མི་ལུས་གསེར་གྱིས་གཡོགས་གྱུར་ཀྱང་།།ཧམ་པའི་མེ་ལྕེ་སྔར་ལས་ཚ།། ཁྱི་ལ་ཁ་ཟས་ཐོབ་གྱུར་ན།།གཞན་གྱི་སྲོག་ལ་གནོད་མི་བྱེད།།མི་ནི་རང་དོན་གྱི་ནའི་སླད།།གཞན་གནོད་འཁོར་ལོ་བསྐོར་ལ་ལྟོས།། ཁྱི་ནི་ཕན་ཚུན་འཕྲད་གྱུར་ན།།རྔ་གཡུག་སྐེ་བསྣོལ་དུངས་དུངས་བྱེད།།མི་རྣམས་རང་འདྲར་འཕྲད་པའི་ཚེ།།ཕྲག་དོག་མིག་ཟུར་ཡོན་པོར་ལྟ།། ཁྱི་ལུས་དར་གྱིས་བཏུམས་གྱུར་ཀྱང་།།དམའ་བའི་ས་ན་སྔར་ལྟར་འགྲོ།།མི་ངན་དཔོན་དུ་བསྐོས་གྱུར་ན།།མགོ་བོ་བར་སྣང་ཁམས་ལ་འདེགས།། ཁྱི་ལ་གཅར་རྡུང་མ་བྱས་ན།།སྡིགས་དམོད་ཙམ་ལ་ཅི་མི་སྙམ།།མི་ལ་ཁ་ཡག་མ་བཤད་ན།།རྣམ་འགྱུར་སྲང་མདའ་ལྟར་དུ་སྟོན།། ཁྱི་ནི་གལ་ལ་ཐུག་ན་ཡང་།།རང་གི་བདག་པོར་རྨུགས་པ་མིན།།མི་ནི་རྒྱུ་ཡིས་བྲིད་པའི་ཚེ།།རང་གི་བླ་མ་ཡིན་ཡང་འཚོང་།། ཁྱི་ཡིས་འགན་འཁྲི་དང་བླངས་ནས།།ཉིན་མཚན་ཀུན་ཏུ་རང་ཁྱིམ་སྲུང་།།མི་ནི་རྙེད་དང་བཀུར་བསྟིའི་སླད།།ཤ་ཉེ་ཕུ་ནུ་ཡིན་ཡང་གསོད།། ཁྱི་ནི་ཚེ་གང་བཏགས་ན་ཡང་།།རང་གི་ཆགས་པར་བཟོད་བསྲན་བྱེད།།མི་ལ་བཟའ་ཟླ་བསྐོས་ཡོད་ཀྱང་།།བག་མེད་བྱི་བོ་བྱེད་ལ་ལྟོས།། ཁྱི་ནི་ཐལ་སྤུངས་འགྲམ་གནས་ཀྱང་།།རང་གི་བདག་པོར་གློ་བ་ཉེ།།མི་ནི་ཟུངས་ཁྲག་གིས་བསྐྱངས་ཀྱང་།།དྲིན་ལན་ལོག་འཇལ་ག་ཙམ་བྱེད།། ཁྱི་ལ་གདན་ཐོབ་དམའ་ན་ཡང་།།འཁང་གཏམ་ལེ་བདའ་གཞར་ཡང་མེད།།མི་རྣམས་གོ་གནས་ཕྲན་བུའི་ཆེད།།ས་ལྡིང་གནམ་ལྡིང་ཅི་ཙམ་བྱེད།། ཁྱི་ཡིས་ཟུག་སྐད་འབྱིན་པ་ནི།།ཕལ་ཆེར་གྲགས་འགུལ་ཚོར་བས་ཡིན།།མི་ཡི་ཁྲོད་ན་དོོན་མེད་དུ།།ཀུ་ཅོ་འདོན་མཁན་ག་ཙམ་ཡོད།། ཁྱི་ཞེས་སྨད་པའི་དཔེར་འཛིན་ཀྱང་།།དེང་སང་ཁྱི་གོང་གནམ་ན་ཡོད།།མི་ཆེན་དག་གི་ཁྲོད་ན་ཡང་།།ཁྱི་ལ་མི་དོ་ཉུང་ཉུང་མིན།། ཁྱི་ཡིས་དགྲ་བོ་མཐོང་བ་ན།།ཐེ་ཚོམ་མེད་པར་འཇབ་རྒོལ་རྩོམ།།མི་ཡིས་ཕ་གསོད་ལག་དམར་ལའང་།།ཕན་བདེའི་སླད་དུ་བསྟི་སྟང་བྱེད།། ཁྱི་ཡིས་གཉུག་མའི་མཛའ་བོ་ལས།།ཀུན་ལ་དགའ་མདོག་སྟོན་པ་མིན།།མི་རྣམས་གྲོགས་རྙིང་ཡལ་བོར་ནས།།གསར་ཞེན་གཡམ་རྒྱུགས་ཆེ་ལ་ལྟོས།། ཁྱི་ཡིས་རྫི་རླུང་ལ་ཉན་ནས།།དགྲ་དང་གཉེན་གྱི་དབྱེ་བ་ཤེས།།མི་ནི་ཁ་གཏད་ལ་གནས་ཀྱང་།།དགྲ་གྲོགས་རྣམ་གཞག་འཆོལ་བ་མང་།། ཁྱི་ཡིས་དྲང་པོའི་རྣམ་རིག་གིས།།ཉེས་ཅན་དུག་རྫས་ཟང་མར་སྟོན།།མི་ཡིས་འཁྱོག་པའི་བློ་སྣ་ཡིས།།ནག་ཚོང་ཐབས་ལམ་ཅི་རིགས་འཚོལ།། ཁྱི་རྒན་ཤི་བའི་ཡ་སོར་ཡང་།།དག་སྣང་ཡོད་ན་གསེར་འོད་འཚེར།།མི་ལུས་རིན་ཆེན་གྲགས་ཆེ་ཡང་།།སྙིང་བོ་མ་ལོན་ཐལ་གོང་ཉིད།། ཁྱི་ཡི་རྣམ་པར་སྤྲུལ་བ་ཡི།།བྱང་ཆུབ་སེམས་དཔའ་རེས་འགར་འབྱུང་།།མི་ཡི་ཤ་ཚུགས་ལ་གནས་པའི།།དུད་འགྲོའི་བློ་ཅན་བགྲང་ལས་འདས།། ཁྱི་སྨྱོན་རང་རྐན་ཕུག་པའི་ཁྲག།རུས་པའི་བཅུད་དུ་སྒོམ་ནས་གཞིབ།།མི་ཡིས་གཞན་གྱི་ཤ་གསར་བ།།ཟས་ཀྱི་མཆོག་ཏུ་རློམ་ནས་ཟ།། ཁྱི་ཡིས་སྐབས་འགར་མི་མོ་ལ།།སྤྱོད་ཀྱང་ཅི་ཁག་དུད་འགྲོ་ཉིད།།མི་ཡི་ནང་ན་ཤེས་བཞིན་དུ།།འདོད་ལོག་སྤྱོད་པ་གྲངས་མི་ཟིན།། ཁྱི་དང་བྱི་ལ་འཛིང་བ་ནི།།རྒྱུ་འབྲས་མིན་པའི་ཐོབ་ཐང་རྩོད།།མི་ཡིས་རྩྭ་ཆུའི་བདག་འཛིན་སླད།།རིགས་མཐུན་ཅི་ཙམ་ཁྲག་ལ་བསྒྲེས།། ཁྱི་ཡིས་རང་ཤོང་སྤྱིལ་བུ་རུ།།གཞན་དག་ཡན་པོར་གཏོང་བ་མིན།།མི་ཡིས་བཅོས་མའི་འཛུམ་དཀར་གྱིས།།ཕ་རོལ་འགུགས་པའི་སྦྱོར་བ་རྩོམ།། ཁྱི་ཡིས་རང་གི་ཁ་ཟས་ཆེད།།སྤྱང་མོ་ཡིན་ཀྱང་དམར་འཛིང་བྱེད།།མི་ནང་ཅ་ནེ་འཕྲོག་ན་ཡང་།།གཉའ་སྒུར་ཞུམ་ཞུམ་བྱེད་མཁན་མང་།། ཁྱི་ཡིས་བཟའ་བཏུང་རྩོལ་བས་སྒྲུབ།།མི་ཡིས་ཁེ་ཕན་གཡོ་ཡིས་གཉེར།།མི་རྣམས་ཁྱི་ལས་ལྷག་པ་ཡི།།རྒྱུ་མཚན་ཆེན་པོ་ངས་མ་མཐོང་།། ཁྱི་དང་མི་ཡི་བསྟན་བཅོས་འདི།།ཁྱི་ལས་མི་ལ་མཁོ་གལ་ཆེ།།ཁྱི་ར་མགོན་པོ་རྡོ་རྗེ་ཡི།།ཁྱི་མོ་བཞིན་དུ་དུལ་བར་ཤོག། ༢༠༡༣ :༡༢:༨ ཉིན།ཁྲིན་ཏུའུ།
Alt Sidebar
Search





