• November 2019

    དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་ལེའུ་གསུམ་པ།ལོ་བདུན་ནས་བཅུ་བར་དུའོ།།ཡ་རུ་བེའི་ལི་ལུ་གུ་འཚོ་སྐྱོང་དང་།།རྟ་ནོར་ལུག་ལ་རང་ཁྱིམ་གྲོགས་བཞིན་བྱམས།།དུད་འགྲོ་རྣམས་ཀྱང་གུས་པའི་ངག་བཞིན་ཉན།།ཀུན་ལ་ཁྲོ་གཏུམ་དབེན་པས་མཐུན་གྲོགས་མང་།།ཨ་མཚོ་ཞེ་ཇོ་སྐྱ་བྷོག་ལ་སོགས་པས།།གཅེས་པའི་བུ་ལ་དཀར་དྷཱིས་ཞེས་སུ་གསོལ།།འབྲོག་སྡེའི་ལྷས་ར་ཁྲ་མོ་གྲུ་བཞི་ན།།སེམས་ཚོར་དགའ་དུང་བདུད་རྩི་བཞིན་དུ་འཁྱིལ།།བུ་ལ་གཅེས་པའི་འོ་སྤྲིས་མངར་མོ་སོགས།།གང་གཅེས་གང་དམར་ཡོད་དགུ་བདག་ལ་ཕུལ།།བྱམས་བརྩེའི་མ་མ་དེ་ཚོ་བརྗེད་ཐབས་བྲལ།།མ་ཎིས་བསྔོ་སྨོན་བྱེད་པ་ནམ་རྒྱུན་མཆིས།།བཟོད་པ་རབ་ཚེ་ཟེར་བའི་ཏང་ཡན་ཚོས།།དཔལ་ལོ་མཐོང་ཚེ་ཞི་གནས་ལྷིང་འཇགས་གནས།།དགྱེས་པའི་ཟླ་གཟུགས་སྙིང་ནས་དྲན་དུས་སུ།།རྡོ་རྗེ་གྲོ་ལོད་རྒྱལ་འགོང་འདུལ་དང་མཚུངས།།ཕྱུགས་ཟོག་བདག་པོ་བྱས་པའི་དགེ་མཚན་དང་།།ཨ་མའི་ལག་གཡོག་བྱས་པའི་གྲུབ་འབྲས་ལས།།ལོ་རེར་ཨང་ཀི་མང་དང་གཟེངས་རྟགས་རིགས།།ཨ་མ་བླ་མ་དགྱེས་པའི་ཐབས་སུ་འབུལ།།ནང་བཞིན་སྐྱབས་འགྲོ་ཨོ་རྒྱན་རིན་པོ་ཆེ།།ཉིན་དཀར་བཀའ་བསྡུས་བསྐང་བཤགས་བསགས་པ་དང་།།མཚན་མོ་རྟག་ཏུ་སིདྡྷི་གསོལ་འདེབས་ནི།།ནམ་རྒྱུན་མཛད་པ་འཆི་ཁའི་ནད་པ་བཞིན།།སྣང་བ་སྒྱུ་མའི་གྲོང་ལ་གནས་ན་ཡང་།།སྲིད་པ་འཁོར་བའི་ཆོས་ལ་ཞེན་པ་ལོག།མ་ལ་བརྩེ་ཞིང་འགྲོ་ལ་བྱམས་པ་འདིས།།ཀུན་ལས་ཁྱད་འཕགས་ཁྲྭ་ལྗོངས་དབུས་ན་མཛེས།།སྙིང་གི་བླ་མ་ཡིད་བཞིན་ནོར་བུ་ལ།།སེམས་ཀྱི་དད་ལ་སངས་རྒྱས་དངོས་སུ་མཇལ།།གཤིན་རྗེའི་དྲུང་དུ་བྱིན་ཡང་ཉམས་ང་བྲལ།།འཁོར་འདས་རང་གཤིས་སེམས་ཀྱི་ཀློང་ན་གསལ།།འོན་ཀྱང་ལས་འབྲས་མིག་གི་འབྲས་བཞིན་སྲུང་།།རང་སྣང་དགུང་ལས་མཐོ་བའི་ང་རྒྱལ་མེད།།དྲིན་ཆེན་མ་ལ་སྙིང་དང་སྲོག་ལས་གཅེས།།ཨ་ཡེས་སེམས་ཀྱིས་གཉོར་བ་ཉུང་ཉུང་མིན།།ཆོས་སྤྱོད་ཆོ་ག་ཁྱིམ་པའི་ནང་ནས་ཤེས།།དད་དང་ངེས་འབྱུང་ཡིད་ཀྱིས་གཏིང་ནས་སྐྱེས།།བསྟན་དང་འགྲོ་ལ་ཕན་བདེའི་སེམས་བསྐྱེད་བཅས།།ལྷུན་གྲུབ་གཤིས་ལ་རྫོགས་པ་ཨེ་མ་ཧོ༔རང་བྱུང་སེམས་ཀྱི་སྒྲུང་ལ་ཟད་མཐའ་མེད།།མགོ་བོ་ཐུར་ལ་བསྟན་ནས་གོམས་པ་དོར།།མགུར་གླུ་སྙན་མོས་སྤྱི་ཚོགས་རུ་ཁག་སད།།སེམས་ཀྱི་མུན་པ་སེལ་བའི་ཉི་མར་གྲགས།།མེས་པོའི་སྙིང་སྟོབས་རྡོ་ལ་རི་མོ་བརྐོས།།ཐང་ཀའི་སྟན་དང་མ་ཎིའི་ཐབ་རྡོ་སོགས།།ཕ་བླ་གཙོང་བའི་གཞན་རྗེས་འདྲིངས་བའི་རིགས།།ཟུར་ཙམ་དབེན་པའི་ཞབས་རྗེས་ཤིན་ཏུ་བཟང་།།ཤ་ཁྲག་མི་ཟ་རི་བོང་རྩ་གཟན་བཞིན།།འཕྱོར་མཛེས་མི་དགོས་གནས་བརྟན་དགྲ་བཅོམ་མཚུངས།།དྭ་ཕྲུག་དཔལ་དགྱེས་གཞན་དང་མི་འདྲ་ཞེས།།རྫ་དམར་བརྒྱད་པའི་ནང་ན་ལྷང་ངེར་མངོན།།སྐྱོ་གདུང་ཡིད་ཀྱི་ན་བུན་འཐུགས་ན་ཡང་།།སེམས་ཀྱི་ཨ་མའི་བཞིན་རིས་ཟླ་ཟེར་ལས།།ཉམ་ཆུང་སྐྱིད་པའི་སྦྲ་ནག་གྲུ་བཞིའི་ནང་།།ཚངས་དང་ལྷ་དབང་ལས་ལྷག་སྐལ་བ་བཟང་།།དྲིན་བྱས་མ་ལ་དྲིན་ལན་འཇལ་བ་དང་།།དྲིན་ཆེན་སྒོ་ཕྱུགས་གཉེར་བའི་གངས་ཕྲུག་ལ།།ལྷག་བསམ་སྟོན་ཟླ་ལས་ལྷག་ཡངས་པ་ཉིད།།སྤྱི་དཔོན་ཁྲྭ་རྒན་གསར་དུ་མ་འཁྲུངས་སམ།།དཔྱིད་ཀྱི་ལུ་གུ་མེ་ཏོག་བརྩེ་གྲོགས་བྱས།།དབྱར་གཞུང་མེ་ཏོག་སེར་ཆེན་ཟླ་བོ་ལ།།སྟོན་དུས་སྤྲིན་བྲལ་ཟླ་བའི་ངོགས་ལ་གཟིགས།།དགུན་ཁའི་གནམ་རྫོང་ཕྱུག་མོ་དྲན་པར་བརྟས།།རག་སྤྲུལ་ཀུན་བཟང་རྫི་བོའི་གྲོགས་བཟང་ཡིན།།འཇིགས་མེད་རྣམ་རྒྱལ་རྩ་བའི་བླ་མ་ཡིན།།བློ་གྲོས་བཟང་པོ་འགྱུར་མེད་རྩེ་རོགས་ཡིན།།དྲིན་ཆེན་ཨ་མ་སྙིང་གི་ནོར་བུ་ལགས།།དུས་བཞི་ལ་ཡང་གངས་དཀར་འདབ་ནས་བརྩེགས།།ཆུ་ཤེལ་དཀར་པོས་མཛེས་པའི་ཕ་ཁྱིམ་དེ།།ནང་སེམས་བརྗེད་མེད་མེ་ལོང་ངོགས་སུ་གསལ།།གཏན་དུ་འཆར་བ་ཛམ་གླིང་གཞུ་གསུམ་མདོ།།སྐྱེས་ནས་བཟུང་སྟེ་ད་བར་མི་ཚེའི་ཁྲོད།།རྨི་ལམ་ཐུང་ཐུང་ནང་གི་མཐོ་སྒང་དང་།།ཚང་མ་དྲན་པའི་ཀློང་དུ་གསལ་ན་ཡང་།།ནང་གྲོགས་དགའ་སྐྱོའི་གཏམ་ཀུན་གླེང་ཚོད་མེད།།ཆུང་ནས་བླ་མ་སངས་རྒྱས་མ་འབྲལ་ཞིང་།།གདམས་ངག་གསན་དང་ཨ་མའི་བཀའ་མཆིད་ཀུན།།སེམས་ལ་བཟུང་ཞིང་སྤྱོད་ལམ་འཇུག་ལ་རྣམས།།ལོ་བཅུ་གོང་ནས་མཛད་པར་ཨེ་མ་ཧོ༔

  • November 2019

    དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་ལེའུ་གཉིས་པ། ལོ་གསུམ་ནས་བདུན་བར།བླ་མ་ཡི་དམ་བསྙེན་སྒྲུབ་དུང་མཛད་པའི།།དབྲ་ཆེན་ཨ་མྱེ་ཞི་ཁྲོ་རབ་འབྱམས་འདས།།ལོ་གསུམ་གོང་ནས་ཡབ་ཡུམ་གཉིས་ཀའི་ཚབ།།དྲིན་ཆེན་ཨ་མ་ཨོ་རྒྱན་སྒྲོལ་མས་མཛད།།ཉིན་མཐོང་དུར་ཁྲོད་མི་རོས་ཚོགས་འཁོར་དང་།།མཚན་མོར་ལྷ་འདྲེའི་འདུ་ར་བགྲོ་གླེང་རིགས།།མི་ཆོས་བླ་མ་བདེན་མཐོང་ངེས་འབྱུང་སྐྱེས།།ཐར་ལམ་འཇུག་པའི་དགེ་འདུན་ཡང་དག་གྱུར།།སྲོག་ཆགས་ཕྲ་མོའི་ཡན་ལ་སྙིང་རྗེ་དང་།།ལྷན་སྐྱེས་གཞན་ཕན་སྒྲུབ་པའི་བྱིས་པ་ལ།།ཡུལ་མི་ཕལ་ཆེར་ཡ་མཚན་ཆེན་པོ་གྱུར།།བདེན་པ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས།།ཁྱད་པར་གཏེར་ཆེན་གསང་སྔགས་གླིང་པ་ཡིས།།འཁྲུལ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས།།གནུབས་ཆེན་སྤྲུལ་པ་པདྨ་དྲག་སྔགས་གླིང་།།དཔལ་དགྱེས་རྡོ་རྗེའི་སྐྱེས་རབས་ལུང་བསྟན་མཛད།།ཁྲོམ་དགེ་ཨ་རིགས་ཕུར་བུ་རྡོ་རྗེ་ཡིས།།ཡང་སྤྲུལ་གསུང་ལ་བདེན་ཚིག་ཆེན་པོར་བསྒྲགས།།དྲིན་ཆེན་མ་དང་འཇིགས་མེད་རྣམ་རྒྱལ་གྱིས།།གསང་རྒྱ་སྦས་ནས་སྐྱབས་འགྲོའི་གདམས་པ་བསྩལ།།གཉེན་འབྲེལ་འགའ་རེས་སྐྱག་ཁ་རུལ་བ་བཏགས།།ཏང་གི་གནམ་རྒན་མ་ཚང་བཙན་དྲག་པས།།རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་ལས།།ཨ་མ་རྗེ་དང་ཨ་ཡེ་བཞེད་པོར་བཅས།།ལྐོག་ཆོས་ཀུན་བཟང་བླ་མའི་ཞལ་ལུང་ཞུས།།སྔོན་འགྲོ་འབུམ་ལྔ་དང་པོ་དེ་ནས་བསགས།།དཀར་མེའི་འོད་ནས་དགུང་ཚོགས་རྒྱུན་འདོན་དང་།།མཉམ་ལས་ཤེ་ཁག་ནང་ནས་ཁོ་ལག་རྫོགས།།དཔལ་གཅེས་དཔལ་ལོ་ཀུན་གྱིས་གཅེས་ཕྲུག་གྱུར།།ནོར་ལུག་འཚོ་ཞིང་ན་རཀ་དོང་སྤྲུགས་དང་།།གེ་སར་སྒྲུང་ཡིག་པདྨ་བཀའ་ཐང་བྱང་།།རྩ་གསུམ་བསྙེན་ཅིང་ཁ་ཏོན་རྒྱུན་དུ་བྱས།།དད་གུས་དག་སྣང་བདེན་པའི་ངེས་ཤེས་འཁྲུངས།།

  • November 2019

    ༄༅། །སྔགས་སྡོམ་གྱི་རྩ་བའི་ལྟུང་བ་བཅུ་བཞི་བཤད་པ་བཞུགས་སོ། །ཀུན་བཟང་སྟོབས་ལྡན་དབང་པོ། དེ་ནས་རྣམ་གྲངས་སོ་སོ་ངོས་བཟུང་སྟེ་བཤད་པ་ལ་རྩ་ལྟུང་དང་པོ་ནི། གང་ཞིག་རྡོ་རྗེ་འཛིན་པ་ཡིས།། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས།། དེ་བས་དེ་ལ་བརྙས་པ་ནི།། རྩ་བའི་ལྟུང་བ་དང་པོར་བཤད།། ཅེས་པས། དེ་ལ་སྤྱིར་སློབ་དཔོན་དྲུག་ལ་སོགས་པ་བཤད་པ་ཡོད་ཀྱང་།འདིར་ཁྱད་པར་གྱི་སློབ་དཔོན་རྣམ་པ་གསུམ་སྟེ། དབང་བསྐུར་རྒྱུད་བཤད་མན་ངག་བྱིན་པའི་བཀའ་དྲིན་གསུམ་ལྡན་ནམ། དེ་ལས་གཉིས་ལྡན་ནམ། གཅིག་ལྡན་གང་རུང་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་ཞེ་སྡང་ངམ་ཕྲག་དོག་གི་དབང་གིས་སྙིང་ཐག་པ་ནས་དམའ་འབེབས་པར་འདོད་པའི་ངག་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་སྨོད་པ་དང་བཀུར་བསྟི་མི་བྱེད་པར་བརྙས་པ་སོགས་ཀྱིས་ཐུགས་དཀྲུགས་ཏེ་མི་མཉེས་པར་བྱས་པ་སྟེ། སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས། ཡུལ་གཉན་པར་མ་ཟད་རང་ཉིད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེ་ཉིད་མཉེས་པས་རྗེས་སུ་བཟུང་བ་ལ་རག་ལས་ཕྱིར། རྩ་ལྟུང་བཅུ་བཞིའི་ནང་ཚན་ལས་ཉེས་པ་ཤིན་ཏུ་ལྕི་བས་ན་དང་པོར་བཞག་པའོ།། རྩ་ལྟུང་གཉིས་པ། བདེ་གཤེགས་བཀའ་ལས་འདས་པ་ནི།། ལྟུང་བ་གཉིས་པ་ཡིན་པར་བཤད།། ཅེས་པས་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་གདུལ་བྱ་ལ་བླང་དོར་གྱི་གནས་སྟོན་པ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་དང་། དེའི་རྗེས་སུ་མཐུན་པའི་འཇུག་ལྡོག་གི་བསླབ་བྱ་བླ་མ་དམ་པས་རང་ལ་འདོམས་པར་མཛད་པ་སོགས་ལ་དོན་གོ་བཞིན་ཁྱད་དུ་གསོད་པའི་བློས་བཀའ་ལས་འདས་ཏེ་མི་མཐུན་པར་སྤྱོད་པ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་སྟེ། རྩ་ལྟུང་དང་པོའི་འོག་ནས་ཉེས་པ་ཆེ་བས་རྩ་ལྟུང་གཉིས་པར་བཞག་གོ།། རྩ་ལྟུང་གསུམ་པ། རྡོ་རྗེ་སྤུན་ལ་ཁྲོས་ནས་ནི།། ཉེས་པ་བརྗོད་པ་གསུམ་པ་ཡིན།། ཞེས་པས། ཡུལ་ནི་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་ལ་ཞུགས་སོ་ཅོག། ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་ཏེ། དེ་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉེ་ཞིང་། ཁྱད་པར་ནང་འདྲེས་པའང་མ་གཅིག་པ་ལས་ཕ་གཅིག་པ་དང་། དེ་གཉིས་ཀའང་གཅིག་པ་དང་དབང་ཐོབ་པའི་དུས་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང་། དུས་གཅིག་པ་མཚེ་མ་ལྟ་བུ་རྣམས་ཡིན་པས་ཕྱི་རིམ་གྱིས་ཉེ་ལ། དེ་ཡང་དབང་བཞི་ཀ་རྫོགས་པར་ཐོབ་པའི་སྤུན་རྣམས་ཤིན་ཏུ་ཉེ་བ་ཡིན་ནོ། །དེ་ལྟར་ན་སྤུན་དེ་རྣམས་ལ་ཡིད་ཀྱིས་ཁྲོས་ཤིང་འཁོན་ཞེ་ལ་འཛིན་པ་དང་། ཕྲག་དོག་གི་བསམ་པ་ལུས་ངག་གི་བརྙས་པ་དང་སྐྱོན་བརྗོད་པས། དེས་སེམས་ཕྱུང་ན་རྩ་ལྟུང་དུ་འགྱུར་ལ་སྐྱོན་བརྗོད་ཀྱི་ཚིག་སྨྲ་དུས་ཀྱི་ཡུལ་ལ་སྐྱོན་བརྗོད་ཡུལ་གྱི་རྡོ་རྗེའི་སྤུན་དེ་ཁ་ཡིན་མིན་འདྲའམ་སྙམ་སྟེ་བརྟག་གོ།།…

  • November 2019

    དྲིལ་འཇམ་དྲིལ་བུ་མཚན་ཉིད་པ་ཡིན་མིན་ལ་དཔྱད་པ་རྒྱུད་ལུང་སྤྲིན་དཀར་འཁྱིལ་བའི་སྡིངས་ཆ། དད་གསུམ་མེ་ཏོག་དཀར་པོའི་བ་གམ་རྩེར། །བྱིན་རླབས་བདུད་རྩི་དཀར་པོའི་ཟེགས་མ་འབུམ། །གནོངས་ཤོག་བརྒྱུད་གསུམ་བླ་མའི་ཚོགས་དག་ཀྱེ། །མི་ཟད་ལུང་རིགས་ཚིག་གི་དགེ་ལེགས་སྩོལ། ། ཅི་ལྟར་བསམ་ན་རང་རེའི་ཡུལ་ཁམས་ལ་མོད་པའི་དྲིལ་འཇམ་མམ་རྒྱ་འོ་མའི་དུང་མཚོ་ཞེས་གྲགས་པ་དེ་ཁུངས་མེད་མ་དག་རྒྱུན་འབྱམས་སུ་ལུས་པ་ཞིག་ཏུ་སེམས། སྤྱིར་རྡོར་དྲིལ་ནི་གསང་བ་སྔགས་ཀྱི་ཐུན་མིན་གྱི་ཕྱག་མཚན་ཞིག་ཡིན་ལ། དེའི་ཕྱིར་རྡོར་དྲིལ་གྱི་རྒྱུ་དང་། ཚད། དབྱིབས། དབྱེ་བ། མཚོན་དོན། འཆང་ལུགས་རྣམས་ནི་རྡོར་དྲིལ་བཤད་བྱར་བྱས་པའི་གསང་བ་སྔགས་ཀྱི་རྒྱུད་སྡེ་རྣམས་དང་དེ་དག་གི་དགོངས་འགྲེལ་དག་ལ་ཁུངས་གཏུགས་དགོས་ པ་སྨོས་ཅི་དགོས། དེས་ན་དེ་དག་ནས་བཤད་པའི་དྲིལ་བུའི་དབྱེ་བ་དག་ཐོག་མར་ངེས་དགོས་ལ། ཞི་རྒྱས་དབང་དྲག་སོགས་དབྱེ་གཞི་ཐ་དད་པ་འགའ་རེ་གཞན་དུ་གསུངས་ཀྱང་། འདིར་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུ་དང་། དཔའ་བོའི་དྲིལ་བུ་དང་། རིགས་སོ་སོའི་དྲིལ་བུ་སྟེ་དབྱེ་གཞི་གསུམ་གྱིས་དྲིལ་བུ་ཐམས་ཅད་བསྡུས་པར་ངེས་ཏེ། གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་དགོངས་འདུས་རྣམ་བཤད་ལས། དྲིལ་བུའི་རིགས་ལ་རྣམ་པ་གསུམ་སྟེ་ཞེས་གོང་གི་དབྱེ་བ་གསུམ་ལས་དྲིལ་འཇམ་དེ་དྲིལ་བུ་མཚན་ཉིད་པ་ཡིན་ན་དབྱེ་བ་གསུམ་དུ་མི་འདུ་བས་ལོགས་སུ་དབྱེ་གཞིར་བཤད་དགོས་པ་ལ་མ་བཤད་པས་དྲིལ་བུ་མཚན་ཉིད་པ་མ་ཡིན་སྙམ་པའི་དོགས་པ་འདི་བྱུང་བ་ཡིན་ནོ།། གཞན་དུ་དྲིལ་འཇམ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་དང་དཔའ་བོ་དང་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་ལས་ཀྱི་རིགས་རེ་རེའི་དྲིལ་བུ་མ་ཡིན་པ་རིགས་དེ་དག་གི་དྲིལ་བུའི་ངོ་བོ་བཤད་པའི་ལུང་དག་མཇལ་བའི་སྐབས་སུ་ཤེས་སླ། དྲིལ་བུ་མཚན་ཉིད་པ་རྣམས་ལ་དྲིལ་ཁོག་དང་དྲིལ་རྩེ་དག་ལ་མཚོན་བྱ་མཚོན་བྱེད་ཀྱི་རི་མོ་རྣམ་པ་སྣ་ཚོགས་ཡོད་དགོས་པ་དྲིལ་བུའི་མཚོན་དོན་བཤད་པའི་རྒྱུད་སྡེ་རྣམས་སུ་གསལ།དེས་ན་ཤེས་རབ་སྟོང་པ་ཉིད་མཚོན་པའི་དྲིལ་བུའི་རྒྱུ་དབྱིབས་དྲིལ་ངོས་ཀྱི་རི་མོ་ལ་སོགས་པ་བཤད་པའི་བཀའ་གཏེར་དག་ལས་ད་ལྟ་རང་རེ་ཕལ་མོ་ཆེས་སྤྱད་པའི་དྲིལ་འཇམ་འདི་ལྟ་བུ་བཤད་པ་ད་སྔོན་མཇལ་མ་མྱོང་། ཕྱིའི་སུ་འང་མཇལ་རྒྱུ་མེད་པ་འདྲ། མཇལ་མྱོང་བའི་དྲིལ་བཤད་དག་ལས་དྲིལ་བུ་ལ་པད་འདབ་བརྒྱད་ལ་ལྷ་མོ་བརྒྱད་ཀྱི་ས་བོན་དང་དྲྭ་བ་དྲྭ་ཕྱེད་ལ་རིགས་སོ་སོའི་ཕྱག་མཚན་སོགས་དང་ཡང་ན་རྡོ་རྗེའི་ཕྲེང་བ་དང་མུ་ཏིག་གི་ཕྲེང་བ་ལྟ་བུའི་རི་མོ་སོགས་ཡོད་པའི་རི་མོ་ཅན་གྱི་དྲིལ་བུ་དག་ལས་དྲིལ་འཇམ་འདི་ལྟ་བུ་བཤད་པ་མེད། ད་ནི་མཐོང་དཀའ་བའི་རྒྱུད་དང་རྒྱུད་འགྲེལ་དག་གི་རྡོ་རྗེའི་ཚིག་གིས་དྲིལ་བུ་རི་མོ་ཅན་དུ་བསྔགས་ཤིང་དྲིིལ་འཇམ་མ་བསྟན་པའི་ལུང་གི་ཕྲེང་བ་གཞུང་བཟང་རྣམས་སུ་དྲངས་པ་དག་འདིར་གཟིགས་པ་པོ་དག་གིས་ཀློག་བདེའི་ཆེད་དུ་དཀྱུས་གཅིག་ལ་དགོད་པར་སྤྲོ།༼༡ དང་པོ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུའི་ངོ་བོ་གསུང་པ་དག་གིས་དྲིལ་འཇམ་དེ་མ་ཡིན་པར་བསྟན་པ་ནི། རྒྱུད་སམ་བུ་ཊ་ལས། ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་བཀོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོ། ནུབ་དུ་མཱ་མ་ཀཱི་ཞེས་བྱ། །ལྷོ་རུ་སངས་རྒྱས་སྤྱན་མ་ཉིད། །ཅེས་དང་མཚམས་བཞིར་རྒྱུད་སམ་བུ་ཊ་ལས། གསེར་དང་སྦྲང་རྩི་གཟི་བརྗིད་མ། ། རྡོ་རྗེ་ཕྲེང་བ་བཞི་པའོ། །…

  • November 2019

    དེ་རིང་གི་ཉི་མ་དང་ཟླ་བ།།ཨེ་མ་ཧོ།།ཨེ་མ་ཧོ་ནམ་མཁའ་རྣམ་པར་དག།རང་བྱུང་ཉི་མའི་དཀྱིལ་འཁོར་རྫོགས།།བསིལ་ཟེར་ཟླ་བ་མིག་ལ་སྨིན།།ཨེ་ཝཾ་ཕྱོགས་ལས་རྣམ་པར་རྒྱལ།།ཤྲཱིས་སོ།།

  • November 2019

    སྐྱབས་གནས་སྤྱི་འདུས་རྩ་བའི་སྒྲུབས་པ་ལས་བར་ཆོད་ལམ་སེལ་བསམ་པ་ལྷུན་འགྲུབའོ།། སྐྱབས་ཀུན་འདུས་ངོ་བོ་རིན་པོ་ཆེ།།སྤྲང་བདག་གི་བླ་མ་བཀའ་དྲིན་ཅན།།འགྲན་ཟླ་བྲལ་དྲང་སྲོང་སྨོན་ལམ་རྒྱལ།།མཚན་ཐོས་པ་ཙམ་གྱི་ལས་སྒྲིབ་བྱང་།།གསུང་ཐོས་པ་ཙམ་གྱིས་བ་སྤུ་གཟེང་།།ཡིད་དྲན་པ་ཙམ་གྱིས་མཆི་མ་ཕྲུགས།།ལུས་དད་པའི་མཆོག་གི་ཕྱག་འཚལ་ལོ།། རང་གི་སྤྱི་གཙུག་པད་ཉི་ཟླ་བའི་སྟེང་། རྩ་བའི་བླ་མ་སྐྱབས་གནས་གཡུང་དྲུང་གནས་བཞིའི་ལྷ་ཚོགས་རྣམས། གཏེར་གྱི་སྒོང་བུ་ཁ་ཕྱེས་པ་ལྟར། བཀྲ་ལམ་མེར་གསལ་བར་བསམ་ཞིང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། རྩེ་གཅིག་དད་པས་གསོལ་བ་བཏབ་པས་ཕྱིང་གི་བར་ཆད་སོལ་བར་བསམ། དེ་ཡི་ངང་ནས་གདུང་དབྱངས་དྲག་པོས་ཚིག་འདིས་བསྐུལ། ཨ༔ རང་ལུས་འཛིན་པ་བྲལ་བའི་སྤྱི་བོ་ནས།།མ་ཆགས་སྐྱོན་བྲལ་པད་ཉི་ཟླ་བའི་སྟེང་།།རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས།།ཡི་དམ་ཞི་ཁྲོ་ཀུན་འདུས་བདག་ཉིད་རྗེ།།དཔའ་མོ་རྒོད་ལྕམ་ཀུན་གྱི་མིང་གཅིག་པོ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་རྗེ།།སྐུ་མདོག་དཀར་གསལ་གཞོན་ནུ་རབ་འབྱུང་ཆས།། ཕྱི་རྟགས་མཚན་བཟང་སུམ་ཅུའི་རབ་ཏུ་མཛེས།།ནང་རྟགས་དཔེ་བྱེད་བརྒྱད་ཅུའི་རབ་ཏུ་བརྒྱན།།ལེགས་པའི་ཡོན་ཏན་བརྒྱ་དང་རྩ་བརྒྱུད་དང་།།ངེས་པའི་ཐོ་ཡིག་བཞི་བཅུའི་བཀྲཊ་མདངས་གསལ།།ཏིང་འཛིན་ཡན་ལག་བརྒྱད་ཅུ་རྩ་གཅིག་དང་།།མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་རྫོགས།།ཕྱག་གཡས་མ་ཆཊ་སྐྱོན་བྲལ་པད་སྡོང་སྟེང་།། དུག་ལྔ་རྩད་གཅོད་ཤེས་རབ་རལ་གྲི་འཛིན།།ཕྱག་གཡོན་མཉམ་བཞག་རིན་ཆེན་གླེག་བམ་ལ།།བོན་སྒོ་བརྒྱད་ཁྲིའི་འོད་ཟེར་ཕྱོགས་བཅུར་སྟེང་།།རབ་འབྱམས་གནས་བཞིའི་ལྷ་ཚོཊ་འཁོར་བཅས་རྣཾས།།ཐུགས་རྗེས་བརྩེ་བས་བདག་ལ་དགོངས་སུ་གསོལ།།ལས་ངན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིཊ།། ད་ལྟ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ།།སུམ་ཅུ་ཁ་རལ་ལས་ངན་སྤྱོད་པའི་སྐབས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། བན་བོན་བླ་མ་རྣམས་ཀྱི་དམག་དཔོན་བྱེད།།འདུ་གནས་དགོན་སྡེ་དམག་གི་འཁྲས་ཁང་བྱེད།།དགེ་སློང་རྣམས་ཀྱི་དམེ་འཁྲུག་བྱེད་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། བླ་མ་རྣམས་ལ་བྱིན་རླབས་ནུས་མེད་ཅིང་།།ང་ཆེ་གྱང་ཁེང་དྲིཊ་པས་དཀོར་ཟས་བཟའ།།རྣམས་ཤེས་མི་རིག་འཕོ་འདེབས་སྤར་བའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། དུག་ལྔ་མི་ཐུལ་གར་འགྲོ་མི་རིག་པའི།།སྐྱ་མིན་སེར་མིན་ཀུན་གྱི་དད་ཟས་ཟ།།ཡོག་དག་རྒྱུ་ནོར་ཆུ་ཟོས་འགྲོ་བའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། གྲྭ་པ་རྣམས་ཀྱི་སྡོམ་པ་མི་སྲུང་ཞིང་།།བྱམས་དང་སྙིང་རྗེ་སེམས་ལ་དྲན་མི་ཤེས།།དགེ་སྡིག་མི་ཕྱེད་སྤང་བླངས་ནོར་བའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། རྟོགས་ལྡན་རྣམས་ཀྱི་སྐྱ་ཆས་མཚོན་ཆ་བསགས།།ཁྲེལ་དང་ངོ་ཚ་མནའ་ལ་མི་འཛེམ་ཞིང་།།ཚོང་དང་རྫུན་གྱི་འཁོར་ལོ་བསྐོར་བའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། མི་རྗེ་དཔོན་པོ་རྣམས་ཀྱི་ཁྲིམས་ལོག་བྱེད།།བདེན་པ་ཁྱད་བསད་རྫུན་མའི་ངོ་སོ་མཐོ།།རྒྱལ་ཁྲིམས་ལམ་ལོག་ཕྱོགས་རིས་བྱེད་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། རི་ཁྲོད་མི་འགྲིམ་གྲོང་ནག་དཀོར་འགྲིམ་བྱེད།།བུ་མོ་སྲིང་མོ་ཚ་མོ་ནལ་བྱེད་ཅིང་།།འདྲེ་སྲིན་བསླུ་བྲེད་བུད་མེད་འདེད་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། ལས་སྤྱོད་ངན་པས་མི་ཕྱུགས་ནད་ཡམས་དར།།ནད་ངོ་མི་ཟིན་ཚ་གྲང་གོ་རྣམས་ལྡོག།ནད་ལོག་སྨན་ལོག་རྩ་ཆུ་མི་ཤེས་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། ཐེའུ་རང་རྒྱལ་འགོང་ཤི་འདྲེས་ལུང་ལོག་སྟོན།།སེམས་ཅན་རྣམས་ཀྱི་སྙིང་ལ་རྒྱལ་འགོང་ཞུགས།།རང་ཕུང་གཞན་བརླག་མེད་པར་བྱེད་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། གནམ་ཐན་ཁ་ཆར་རླུང་དང་བུ་ཡུག་ལྡང་།།སྒོ་ནོར་སེམས་ཅན་ནད་རིགས་སྣ་ཚོགས་འབྱུང་།།བསོད་ནམས་མར་འགྲིབ་ས་བཅུད་ཉམས་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། སྔར་གནས་ཟོ་དོར་ཡུལ་ལྷ་དཀར་ཕྱོགས་འཁྱམས།།ནག་ཕྱོགས་ས་བཟུང་འདྲེ་སྲིན་འགོ་ལོ་རྒོད།།དུས་བཞི་གོ་ལྡོག་ཆར་ཆུ་མི་འབེབས་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། འབྲུ་བཅུད་མི་འཕེལ་བར་སྣང་མེ་འོད་འཕྲོ།།ཤི་འདྲེ་གསོན་འདྲེ་མངོན་རྒྱུག་མིང་ནས་འབོད།།སྐྱབས་མེད་སེམས་ཅན་བླ་ཚེ་ཉམས་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། དགེ་བྱེད་སྐྱེས་བུ་རྣམས་ལ་བཀུར་པ་འདེབས།།ཟ་འདོད་བསླུ་བྲེད་ཟོབ་པོ་སྐྱབས་ཡུལ་བཙལ།།རྫུན་མ་རྣམས་ཀྱི་ངོ་སོ་མཐོ་བའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། ལྟ་བ་ཁ་ཆེར་རྟོགས་པ་གླུ་རུ་ལེན།།རང་ངོ་ཤེས་གཞན་ལ་ངོ་སྤྲོད་བྱེད།།གར་འགྲོ་མི་ཤེས་ཕ་རོལ་འཁྱམས་པའི་དུས།།ཐུགས་རྗེའི་བདག་ཉིད་དྲིན་ཅན་རིན་པོ་ཆེ།།རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་མཁྱེན།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།། སྐུ་གསུམ་བསླུ་མེད་རྩ་བའི་བླ་མ་ལ།།སྒོ་གསུམ་རྩེ་གཅིག་དད་པས་གསོལ་བཏབ་མཐུས།།དུས་གསུམ་འཁྲུལ་བའི་འགལ་སྐྱེན་ཀུན་ཞི་ཞིང་།།སྐུ་གསུམ་རྒྱལ་བའི་དགོངས་པ་མངོན་གྱུར་ནས།།ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་།།བསམ་པ་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།། ཞེས་བརྗོད་དོ། སྐྱབས་གནས་སྤྱི་འདུས་རྩ་བའི་བསྒྲུབ་པ་ལས། བར་ཆད་ལམ་སེལ་བསམ་པ་ལྷུན་འགྲུབ་ཞེས་བྱ་བ་འདི་ཉིན་བཞིན་རྒྱུན་ཏུ་འདོན་པར་བྱའོ། ཁྱེད་པར་སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ། རང་ངོ་མི་ཤེས་བླ་མས་ཡུལ་ཁམས་ཁེངས། དགེ་སློང་རྣམས་ཀྱང་མདའ་མཚོན་ལས་ལ་འབད། ལུས་ལ་སྐྱ་ཆས་སེར་ཆས་སྤེལ་མས་བརྒྱན། མི་སྐྱ་འདུས་སར་སྒོམ་གཏམ་ཆོས་བཤད་བྱེད། བཙུན་པ་རྣམས་ཀྱིས་བུད་མེད་བཟང་ངན་གཏམ། དགེ་མ་རྣམས་ཀྱིས་མི་གཟུགས་བཟང་ངན་གཏམ། བུད་མེད་རྣམས་ཀྱིས་རྫུན་གྱིས་རྒྱལ་ཁམས་དཀྲུགས།…