ཆང་མཆོད་བདུད་རྩིའི་སྤྲིན་ཆེན།།
ཆང་མཆོད་བདུད་རྩིའི་སྤྲིན་ཆེན།།ཨེ་མ་ཧོ།། ཆང་གིས་མཆོད་དོ།།ཨ་ལ་ལ་ཨ་ཧོ་ཆང་གིས་མཆོད།།ཕ་རྡོ་རྗེ་འཆང་ཆེན་ཆང་གིས་མཆོད།།མ་རྗེ་བཙུན་སྒྲོལ་མ་ཆང་གིས་མཆོད།།བུ་དམ་ཚིག་ཅན་རྣམས་ཆང་གིས་མཆོད།།མགོན་བླ་མ་བརྒྱུད་པར་ཆང་གིས་མཆོད།།དཔལ་ཞི་ཁྲོ་རབ་འབྱམས་ཆང་གིས་མཆོད།།གྲོགས་མཁའ་འགྲོ་ཆོས་སྐྱོང་ཆང་གིས་མཆོད།།ལུས་རྩ་ཐིག་རླུང་ལ་ཆང་གིས་མཆོད།།ཡབ་རྒྱལ་ཀུན་དགྱེས་ཕྱིར་ཆང་གིས་མཆོད།།ཡུམ་བདེ་ཆེན་འཕེལ་ཕྱིར་ཆང་གིས་མཆོད།།སེམས་ཉམས་རྟོགས་སྤེལ་ཕྱིར་ཆང་གིས་མཆོད།།ཆོས་དེ་ཉིད་རྟོགས་ཕྱིར་ཆང་གིས་མཆོད།།གྲོང་ཕོ་མོ་ཀུན་ལ་ཆང་གིས་མཆོད།།ཁོང་རབ་བྱུང་རྣམས་ལ་ཆང་གིས་མཆོད།།སྔགས་རིག་འཛིན་ཡོངས་ལ་ཆང་གིས་མཆོད།།གཞི་ཡུལ་གཅིག་མཐོང་ཕྱིར་ཆང་གིས་མཆོད།།ལམ་ཚོགས་གཉིས་རྫོགས་ཕྱིར་ཆང་གིས་མཆོད།།དོན་གདན་གསུམ་དཀྱིལ་འཁོར་ཆང་གིས་མཆོད།།གནད་སྐུ་བཞིའི་སངས་རྒྱས་ཆང་གིས་མཆོད།།ཞིང་རྒྱལ་བ་རིགས་ལྔ་ཆང་གིས་མཆོད།།མ་འགྲོ་བ་རིགས་དྲུག་ཆང་གིས་མཆོད།།དཔོན་རྒྱལ་སྲིད་སྣ་བདུན་ཆང་གིས་མཆོད།།རྗེ་གུ་རུ་མཚན་བརྒྱད་ཆང་གིས་མཆོད།།ཆོས་ཐེག་པ་རིམ་དགུ་ཆང་གིས་མཆོད།།སྲས་ས་བཅུ་སེམས་དཔའ་ཆང་གིས་མཆོད།།ཆང་བདུད་རྩིས་སྤྲིན་ཕུང་མཁའ་ཁྱབ་གདལ།།དོན་བྱིན་རླབས་ཆང་ཆར་ཀུན་ཏུ་བཟང་།།མཐར་མ་ལུས་འཁོར་འདས་དབྱེར་མེད་་ངང་།།སྐྱབས་ཀུན་བཟང་དགོངས་པར་སངས་རྒྱས་ཤོག།ཅེས་པ་འདི་ཡང་རྡོ་རྗེ་ཆང་གི་བདག་པོ་ཨ་ས་རས་ངོར་ཤྲཱི་སྨྱོན་པས་དབྱིན་ཡུལ་ཝེལ་སིའི་གངས་ལྡན་རི་བོའི་མདུན་རོལ་ཨེ་ཝཾ་སྦྲང་རྩིའི་ཟས་ཁང་དུ་ཝིན་ཆང་དམར་པོ་ཤེལ་ཕོར་གང་འཐུང་ཞོར་ཙམ་ལ་དེ་ཉིད་དུ་མཆོད་འབུལ་གླུ་རུ་བླངས་པར་དགེའོ།། །། སྤྱི་ལོ་༢༠༡༩/༧/༢༡་ལའོ།།
རང་གཡོག་རང་གིས་འབྱོར་བའི་བོད་ཀྱི་མཁན་ཆེན། ཁཱ་ཤེས་རབ་རྒྱ་མཚོ།
རང་གཡོག་རང་གིས་འབྱོར་བའི་བོད་ཀྱི་མཁན་ཆེན། ཁཱ་ཤེས་རབ་རྒྱ་མཚོ། མཁན་པོ་ཚུལ་ཁྲིམས་བློ་གྲོས་གླེང་བ།རྩོམ་པ་པོ། ཁཱ་ཤེས་རབ་རྒྱ་མཚོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་དུས་རབས་ཤིག་གི་མི་རིགས་ཆོས་ལུགས་རིག་གནས་དར་སྤེལ་གཏོང་བའི་བོད་ཀྱི་མཁས་ཤིང་མཛངས་པའི་སྐྱེས་བུ་ཞིག་ཡིན་ལ་ཁོང་གིས་འདུལ་ཁྲིམས་ནན་སྲུང་དང་ཐུབ་པའི་དགོངས་པ་སྨྲ་མེད་པའི་དགེ་བཅུའི་སྒྲུབ་སྦྱོང་གི་བསམ་བློའི་གོ་རྟོགས་སྔོག་འདོན་བྱས་ཏེ་ཁོད་ཡངས་པའི་རྒྱལ་ཁམས་ལ་ཞི་བདེ་སྐྲུན་བཞིན་ཡོད།རྒྱུས་ལོན་བྱས་པ་ཡིན་ན། སི་ཁྲོན་ཞིང་ཆེན་དུ་མཁན་པོ་ཁོང་ལ་དགེ་བསྙེན་སོགས་སློབ་མ་ཁྲི་༡༥ལྷག་ཡོད་པ་དེ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་བར་གྱུར་ཅིང་། དེ་དག་བོད་ཀྱི་ནང་བསྟན་དང་བོད་ལ་དགའ་བོ་ཡོད་པ་སྨྲོས་མེད་ཡིན་པར་མ་ཟད་ཞིང་ཆེན་སུམ་ཅུ་ལྷག་དང་ཕྱི་རྒྱལ་སོགས་སུའང་དེ་བཞིན་བསྟན་འགྲོའི་དོན་འབའ་ཞིག་ལ་མཛད་འཕྲིན་བསྐྱངས་པ་ནི་བློ་གཟུ་བོར་གནས་ཤིང་དྲང་བདེན་སྐྱོང་མཁན་ཞིག་ཡིན་ན་གཅེས་སེམས་དང་བྱམས་སེམས་རྨང་གཞིར་བྱས་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལེགས་སྐྲུན་དང་སྤྱི་ཕན་སྙིང་སྟོབས་སྐྱེད་སྲིང་བྱས་པར་ངོས་ཟིན་གསལ་བོ་ཐོབ་ཡོད་སྙམ་ཡང་། དྲ་འབུ་ཚོས་སྐྱོན་ཡོན་གཉིས་ལས་ཡོན་ཏན་མི་མཐོང་བ་དང་། དགེ་སྡིག་གཉིས་ལས་དགེ་བ་མི་མཐོང་བ་ནི་སྙིགས་གཤིས་ལས་ཅི་ཡང་མ་འདས།ཐ་ན་ཁོང་གི་ཉིན་གཅིག་གི་བསྟན་དོན་འཆད་འགྲེལ་སོགས་འཛམ་གླིང་ནང་བསྟན་ལག་སྦྲེལ་གྱི་མ་ལག་ཏུ་གྱུར་བ་སུ་ཡིས་བསྙོན། རླབས་ཆེན་གྱི་སྐྱེས་བུ་ཞིག་བྱོན་དུས་དེའི་ཞབས་རྗེས་རེ་རེར་མཛད་བཟང་གི་འོད་སྣང་ཁྱབ་ཀྱང་བོད་པ་ཚོས་གནའ་ནས་ད་བར་དུ་རྒྱལ་བོ་རིམ་པར་བཀུམས་ཤིང་བླ་མ་བཟང་བོ་རེ་རེ་ནས་གྲུབ་མཐའི་འཐེན་འཁྱེར་གྱིས་དུག་དྲངས། མཁས་པ་རེ་རེ་བཞིན་འབུར་འཇོམས་བྱས་ཏེ་གཅིག་གིས་གཅིག་ལ་གོང་བཀུར་དང་གོ་ཐོབ་མ་སྤྲད་པས་འབྲུག་པ་བལ་བོ་སོགས་ལས་ཀྱང་ཐབས་སྡུག་པའི་གནས་སུ་བསྐྱལ་བ་འདི་རེད། ད་རུང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ངོས་ཟིན་དགོས་པ་ནི། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ངོ་མི་ཟིན།།ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་ཡང་ཕན་པ་ག་ལ་ཡོད་དེ་གཏན་ནས་མེད་པས་རང་ཅག་གི་སྐྱབས་དང་དཔུང་གཉེན་ཐམས་ཅད་ཚར་གཅོད་པར་མི་བྱ་རོགས།མདོར་ན་རང་གིས་རང་ལ་ཤ་ཚ་བ་ནི་འབུ་གྲོག་མས་ཀྱང་ཤེས་པས་དམ་པ་ཁོང་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་ཞུ་དགོས་པར་མ་ཟད་ང་ཚོ་རང་གི་མཐའ་སྐོར་ནའང་དེ་བཞིན་རུ་སྡེ་བ་དང་། དགོན་པ་ཚོགས་སྡེ་སོགས་སུ་མི་རིགས་དང་རྒྱལ་ཁབ་འཛམ་གླིང་སོགས་ལ་ཞི་བདེའི་བྱ་བཞག་སྒྲུབ་མཁན་མང་བོ་ཞིག་ཡོད་པར་ངོས་ཟིན་དང་གཅེས་སྦྲས་ངང་དོན་ཆེན་གྱི་བགྱི་བ་མཐའ་དག་ལ་རྟིང་གནོན་རམ་འདེགས་ཡོད་པར་དངོས་ཤུགས་བརྒྱུད་གསུམ་ནས་འབད་འབུངས་བྱེད་དགོས།ཁྱེད་ཚོས་གཟིགས་དང་དམ་པ་ཁོང་ནི་གཞན་གདུལ་བྱ་གང་ཡོད་གཡོག་འཁོར་དང་བེད་སྤྱོད་རུལ་སུངས་བསམ་བློ་ལས་རིང་དུ་གྱེས་པ་ནི་ལྡོང་ཁྲི་དཔལ་ཟེར་བའི་དྲ་གྲོགས་ཤིག་གིས་ཀྱང་འདི་ལྟར། གང་ཞིག་བྲན་དུ་མི་བཀོལ་བར།།ཆིག་རྐྱང་འཚོ་བའི་ངང་ཚུལ་ཞིག།གཞན་དག་འཁོར་གཡོག་མི་མཛད་པར།།རང་རྐྱ་ཐུབ་པའི་ཐུབ་པ་ཞིག །ཀུན་ལ་ཕན་བདེ་རྟག་མཛད་པའི།།སྙིང་རྗེ་སྙོམས་པའི་དྲང་སྲོང་ཞིག།སྙིགས་དུས་སྐྱེ་བོའི་མགོན་གྱུར་བ།།སྨྲ་བའི་དབང་ཕྱུག་གཙུག་ན་རྒྱལ། །ཞེས་པའང་དོན་ལ་གནས་གནས་པའི་གཏམ་ཡིན་ནོ་སྙམ། མཁན་ཆེན་ནི་དུས་རབས་འདིར་མཚོན་ན་སྤྲུལ་སྐུ་དང་མཁན་པོ་ཙམ་མ་ཡིན་པའི་ཆེས་རླབས་ཆེ་བའི་བླ་མ་ཞིག་ཡིན་ནའང་རང་བཞིན་གྱི་གྲྭ་རྐྱང་གི་ཚུལ་དུ་མདུན་འདུག་དང་གཡོག་པོ་ཅི་ཡང་མི་དགོས་པར་རང་མགོ་རང་ཐོན་དང་རང་གཡོག་རང་གིས་བྱས་ནས་བཞུགས་ཡོད་པ་འདི་ནི་དེངས་རབས་འདིའི་ཚུལ་འཆོས་པའི་བླ་སྤྲུལ་སོགས་ལ་གདམས་ངག་ཆེན་པོ་ཞིག་བསྟན་ཡོད། 堪布不是活佛,也不只是堪布,他是一个真正的大德。他就像普通僧人一样,没有管家,也不用跟随者。烧火、打水等生活中的一切都会自理,这一个行为让我们读懂,学佛不仅仅是一个外表而是要看内心的修为。དམ་པ་ཁོང་གིས་མེ་འབུད་པ། དམ་པ་ཁོང་ཆུ་ལེན་པར་ཕེབས་པ།དམ་པ་ཁོང་གིས་འདོད་ཆུང་ཆོག་ཤེས་ངང་སྤྱིར་བུ་ཆུང་ཆུང་ནང་འདི་ནས་འཛམ་གླིང་ལ་ཕན་བདེ་སྐྲུན་བཞིན་པ། དམ་པ་ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་གསོལ་འདེབས་དང་བཅས།
བླ་མ་མཁྱེན་ནོ། དགེ་བཤེས་དང་སྤྲུལ་སྐུ་མཁན་པོ་ལེགས། དྲི་བ་བཟང་།
བླ་མ་མཁྱེན་ནོ། དགེ་བཤེས་དང་སྤྲུལ་སྐུ་མཁན་པོ་ལེགས། དྲི་བ་བཟང་། ངོས་ལ་དད་པ་མེད་པར་ག་ལ་ཡིན། བླ་མ་ཚང་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་སྤྲུལ་པ་དང་། བླ་མ་ཕལ་ཆེ་བ་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་བཀའ་བསྟན་དུ་མ་ལས་གསལ། མདོར་ལ་གཡོ་འཕྲུལ་ངན་པས་སྤྲུལ་སྐུ་ངོས་འཛིན་དང་། འདའ་ཁའི་ཞལ་ཆེམས་ཟེར་བའི་སྲུང་འཁོར་དང་། རྒྱ་དམར་གཞུང་གིས་པཎ་རྫུན་རིགས་ལ་དུང་ལེན་བྱེད་ཀི་མེད་ཟེར་བ་དེ་ཡིན། ཐ་ན་ཨ་ཕོ་དགའ་དགའ་་ལ་མི་དགའ་བ་ཏིལ་ཙམ་མེད། ངེད་གཉིས་ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པ་ཡིན་ན་མི་དགའ་བ་གང་ལ་ཡོད། ང་མི་དགའ་ས་དེ་གཡོ་རྫུན་འཁན་ལ་མི་དགའ། གཡོ་འཕྲུལ་ཅན་འགའ་རེ་བཞིན་དུ་རེ་བ་ནག་པོའི་ཡོལ་བའི་རྒྱབ་ཕྱོགས་སུ་ཡིབས་པའི་ངོ་གཉིས་མ་ལ་ང་མི་དགའ། དཔྱིད་དུས་ཀྱི་གནམ་ངོ་དང་ཌཱ་མ་རུ་ལྟ་བུ་ངོ་གཉིས་དང་། མདུན་རྒྱབ་གཉིས་ན་མགོ་ལ་ངོ་ལྐོག་དཀར་ནག་གི་རང་མདོག་བརྗེ་བར་བྲེལ་འཚུབ་ལངས་འཁན། ཁ་ཡང་གཉིས་དང་ལྕེ་ཡང་དུག་སྦྲུལ་གྱི་ལྕེ་ལྷེ་ལྟར་རྣམ་འགྱུར་སྣ་ཚོགས་ཀྱི་གསེང་ནས་ག་ལེར་བསྲིངས་ཡོང་བའི་གྲོགས་ངན་ཚོ་ལ་གཏན་ནས་མི་དགའ། ད་དུང་ཚིག་རྩུབ་དང་ངག་བཅལ་སྟེ་གཡས་གཡོན་གཉིས་སུ་བཅས་གདོང་བཞི་ཅན་དུ་སྣང་ན་མི་དགེ་བ་དེ་ཚོ་ལ་གཏན་ནས་མི་དགའ། ཕྱིའི་དགྲ་དང་གདོན་བགེགས་དང་། ཆེས་འཇིགས་སུ་རུང་བ་ནི་མཆེ་བ་ཅན་གྱི་སྟག་གཟིག་དོམ་དྲེད་དག་ཀྱང་མིན་ལ། མཐོང་དུ་མེད་སར་ནས་ཕྱི་ནང་མེད་པའི་ངོ་གཉིས་མ་སྟེ། མདུན་ཕྱོགས་ནས་འཛུམ་མདངས་དང་དགོད་བག་གིས་སྣེ་བསུ་བྱེད་ཅིང་། རྒྱབ་ཕྱོགས་ནས་བཟློག་པ་སྣ་དགུ་ཡིས་དམོད་པ་བོར་བའི་མགོ་གཉིས་དང་། ལྕེ་གཉིས། ཁ་གཉིས། མདོར་ན་གདོང་རིས་གཉིས་ཅན་པ་དེ་རེད། ཁོག་ནས་ཞེ་མེར་ལངས་ཤིང་སྐྱུག་བྲོ་ས་ཞིག་ནི་དོ་མི་མཉམ་པའི་རྣམ་འགྱུར་དེ་དང་། དེའི་ཟ་ཟུར་གྱི་མདུན་རྒྱབ་གཉིས་རེ་ཅན་བློ་རྩེ་གཉིས་ཀྱི་སྐད་ཆ་དེ་དག་རེད། མདོར་ན་གཉིས་ཆོས་ཅན་གྱི་སྐྱེ་བོ་སུ་ཞིག་ལ་ཡིད་རྟོན་དང་བློ་གཏད་ནམ་དུའང་བྱེད་མི་རུང་བར་རྒྱང་ནས་རྒྱང་དུ་བསྐྱེད་པ་དེ་ནི་ཤིན་ཏུ་གལ་ཆེའོ།། །། སྤྱི་ལོ་༢༠༡༩/༠༧/༢༠ཉིན། ཤྲཱིཿཨེ་མ་ཧོས
རྒྱལ་ཀུན་ཡུམ་ཆེན་སྤྱན་རས་གཟིགས་ལ་གསོལ་འདེབས་མེ་ཏོག་གི་ཕྲེང་བ་དཀར་པོ།།
རྒྱལ་ཀུན་ཡུམ་ཆེན་སྤྱན་རས་གཟིགས་ལ་གསོལ་འདེབས་མེ་ཏོག་གི་ཕྲེང་བ་དཀར་པོ།།ན་མོ་མ་ཧཱ་གུ་རུ་ཨ་ཝ་ལོ་ཀི་ཤྭ་ར་ཡེ།།ཨ་ཏིའི་བྱམས་བརྩེ་བྱང་ཆུབ་སེམས་དཔའི་སྐུ།།ཧ་ལས་དུག་འཇོམས་ཤེས་རབ་ཕར་ཕྱིན་གསུང་།།ཨ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།ཧ་ཅང་ཉམ་ཐག་འགྲོ་ཀུན་འདྲེན་ནུས་ཤོག། ས་ཐོབ་སེམས་དཔའི་ཚུལ་འཛིན་རྒྱལ་བའི་ཡུམ།།ཤ་ཞེན་སྙིང་ནས་དད་ཡུལ་མ་མ་ཁྱེད།།ལ་ལུང་མཛེས་པའི་གནས་འདིར་བཞེང་ལགས་ན།།ར་བ་གཡང་དུ་གཏམས་མཛོད་སྙིང་རྗེའི་གཏེར།། ཡ་གི་སྲིད་པའི་རྩེ་མོའི་མན་ཆད་ནས།།འ་ཅག་འཁོར་བ་འཁྱམ་པའི་འགྲོ་དྲུག་དོན།།ཟ་ཟིམ་མེད་པར་གཟིགས་པའི་སྤྱན་ཡངས་མས།།ཞྭ་དམར་རིག་འཛིན་བརྒྱུད་པའི་བསྟན་པ་སྐྱོངས།། ཝ་སྐྱེས་རི་སུལ་ཉུལ་བཞིན་རི་ཁྲོད་པ།།ཛ་ཡའི་བསྟན་པ་སྤེལ་བའི་རྣལ་འབྱོར་པར།།ཚ་གྲང་ནད་ཀྱིས་མནར་ཀྱང་དཀའ་སྤྱད་ལ།།ཙ་རེ་བ་ལ་ཕྲིན་ལས་བདེ་མྱུར་མཛོད།། མ་ལུས་སྐྱབས་གནས་ཀུན་འདུས་སྤྱན་རས་གཟིགས།།བ་གླང་ལྟ་བུའི་འགྲོ་རྣམས་རྟག་ཏུ་དགོངས།།ཕ་མེས་དད་མོས་བརྟས་པའི་སྙིང་རྗེའི་ལྷ།།པ་སངས་འོད་ལྟར་ལྷག་བསམ་དག་པས་གུས།། ན་མོ་སྒོ་གསུམ་མི་ཕྱེད་གསོལ་འདེབས་ན།།ད་ལྟའི་དུས་རབས་འཚམས་པའི་ཐུགས་རྗེའི་དཔལ།།ཐ་དག་སེམས་ཅན་ཡོངས་ལ་མྱུར་སྩོལ་སྟེ།།ཏ་ཐཱ་ག་ཏའི་བསྟན་པ་སྤེལ་བར་མཛོད།། ཉ་གང་ཟླ་ལས་མཛེས་པའི་སྐུ་བརྙན་ཅིག།ཇ་ཆང་ཟས་ཁང་ལས་ལྷག་དད་གུས་གནས།།ཆ་མེད་མི་ཡུལ་འདི་ན་ལེགས་བསྐྲུན་ན།།ཅ་དག་འཁོར་འདས་འདྲེན་པའི་དཔལ་དུ་ཤོག། ང་དང་བདག་ཏུ་འཛིན་པའི་འཁྲུལ་བ་སེལ།།ག་སར་གང་དུ་སྙིང་རྗེའི་བསྟན་པ་སྐྱོང་།།ཁ་ཞེ་སྙིང་ནས་འབད་པའི་དགེ་བ་འདིས།།ཀ་མ་ལ་བཞིན་རྒྱལ་བསྟན་སྤེལ་གྱུར་ཅིག།ཅེས་པ་རབ་གནས་ས་ཕག་སྤྲེལ་ཟླའི་དབང་ཕྱོགས་རྡོ་རྗེ་ཉི་མ་སྣང་བ་གཟའ་སྐར་ལ་འཆར་བའི་ཉིན་མོར་ཌཱ་ཀི་ནི་བིརྱ་དྷཱ་ར་སྭ་ར་སྭ་སྟི་དྷེ་ཝས་རྒྱའི་ལུགས་སྤྱན་རས་གཟིགས་ཀྱི་རྡོ་སྐུ་བཞེངས་པར་གཏན་ཁེལ་བས་དེ་ཉིད་དུ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་གླིང་དུ་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་རྒྱུད་འཛིན་པ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དེ་ཉིད་དུ་བགྱིས་པར་དགེའོ།།
ཞལ་གདམས་ཟེར་ན་འདི་འདྲ་དགོས།
ཞལ་གདམས་ཟེར་ན་འདི་འདྲ་དགོས། དམར་སེར་གོས་ཀྱི་མདངས་ལ་རབ་དགའ་ནས། །ཁས་ལེན་མིག་འཕང་གྱེན་ལ་ཕྱོགས་ན་ཡང༌། །བག་ཡངས་ནག་ཆང་རོལ་བའི་ཉམས་དགའ་ལ། །བལྟས་ནས་ལག་ལེན་ཐུར་དུ་སོང་བ་མང༌། ། དམ་པ་མིན་པས་ཤིན་ཏུ་བསྲུང་དཀའ་དང༌། །དམ་པར་གྱུར་པས་ནན་གྱིས་སློབ་དགོས་པ། །བསླབ་པ་འགངས་སུ་ཆེ་བའི་རྟགས་ཡིན་པས། །རང་གི་རིན༵་ཆེན་ཆུད་ཟོས་མ་བྱེད་ཨང༌། ། འཇུག་པའི་ཐེམ་སྐས་ཡོན་ཏན་མཐའ་དག་གི། །རྩ་བ་ཚུལ་ཁྲིམས་བོར་ནས་གདོང་དམར་མའི། །ཁོལ་པོ་རྒྱབ་སྐྱར་སོང་ན་ཆེས་ཕངས་པས། །སྐྱིད་ཀྱིས་རང་སྡུག་མ་ཉོ་སྙིང་ལ་ཕུར། ། ཚུལ་ཁྲིམས་ཡོད་ན་ཐོས་ཉུང་བློ་དམན་ཡང༌། །ཏིང་འཛིན་ཤེས་རབ་སྐྱེད་ལ་དཀའ་བ་མེད། །རྩ་བ་མེད་ལ་ལོ་མེད་འབྲས་བུ་མེད། །དེ་སླད་ལམ་གྱི་རྟེན་འབྲེལ་མགོ་ནས་སྒྲིགས། ། རྡོ་གྲུབ་འཇིགས་མེད་བསྟན་ཉིས།
༼ རྨི་ནང་གི་རིག་མ་དྲན་པ༽
༼ རྨི་ནང་གི་རིག་མ་དྲན་པ༽ ༡༽ཨེ་མ་ཧོ། རྗེ་བཙུན་མ། ཁྱོད་ནི་བདག་གི་སྐྱེ་བ་དང་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སེམས་ན་མཆིས་ཤིང་གནས་ཏེ། བུ་ངའི་སེམས་ལ་ལས་ཉོན་མ་ཡིན་པའི་དགའ་བ། བག་ཆགས་མ་ཡིན་པར་དུང་བ། མ་རིག་གཏི་མུག་ནང་དུ་མ་འདུས་པའི་གཉུག་སེམས་ཀྱི་བདེ་བ་ཆེན་པོ། ཕྱག་རྒྱ་མའི་ཐུགས་རྗེས་དབང་མེད་དུ་དད་གུས་ཀྱིས་བསྡུས་ནས། འཁོར་བའི་འདམ་དུ་མ་བྱུང་བར་གཙུག་ལག་རབ་འབྱམས་སུ་ངེས་པའི་ཤེས་རབ་འོད་གསལ་གྱི་སྣང་བ་དང་འགྲོགས་པའི་རིག་མ་དྲན་པ་ནི་ཤིན་ཏུ་སྐལ་བ་བཟང་ངོ། འཁོར་བའི་འདམ་ན་མཆིས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པ་པདྨ་དཀར་པོ་ལྟ་བུ་དཔལ་དགྱེས་པའོ།། ཨེ་མ་ཧོས་མུ་འཐུད་་་་
Alt Sidebar
Search





