རྒས་པ་དོན་ལྡན་གྱི་རྣལ་འབྱོར་ཡིད་བཞིན་ནོར་བུ།།
རྒས་པ་དོན་ལྡན་གྱི་རྣལ་འབྱོར་ཡིད་བཞིན་ནོར་བུ།།ཨེ་མ་ཧོ།།གཞི་ངོ་བོ་དག་པས་སྤྲུལ་པའི་སྐུ།།ལམ་རང་བཞིན་མཐར་ཕྱིན་རྣལ་འབྱོར་པ།།དོན་ཐུགས་རྒྱུད་སངས་རྒྱས་ཡེ་ཤེས་པ།།དཔལ་དགྱེས་པ་རྡོ་རྗེ་ཨེ་མ་ཧོ།།ཡབ་དབྲ་ཆེན་ཞི་ཁྲོ་རབ་འབྱམས་དང་།།ཡུམ་རྗེ་བཙུན་ཨོ་རྒྱན་སྒྲོལ་ལ།།སྲས་བལྟམས་པའི་རྟེན་འབྲེལ་ཕུན་ཚོགས་ངང་།།རྗེ་བླ་མ་དམ་པས་རྗེས་སུ་བཟུངས།།ཆུང་ཆོས་དང་མཇལ་ནས་མདོ་སྔགས་མཁས།།ལས་རྒྱུ་འབྲས་ཞིབ་པས་དགེ་འདུན་བཙུན། བསྟན་འགྲོ་ལ་ཕན་བདེའི་འདི་ཕྱི་བཟང་།།དོན་རྒས་པ་ཡིད་བཞིན་ནོར་བུ་ལེགས།།ལུས་རྒས་པ་སྐྲ་དཀར་གཉེར་མས་གང་།།ངག་རྒས་པ་དབུགས་རིང་ཐུང་ཐུང་ཧར།།སེམས་རྒས་པ་མེད་པའི་ཨེ་མ་ཧོ།།གཞོན་བཅུ་དྲུག་བདག་མོའི་བརྩེ་གྲོགས་ལགས།།ང་སྐྱེ་བ་གངས་རིའི་ལྗོངས་སུ་བླངས།།གཞོན་དར་མ་དམ་པའི་ཆོས་ཀྱིས་འཚོ།།ད་རྒན་པ་རི་ཁྲོད་འཆི་སེམས་བདེ།།གྲོགས་ངོ་ལྐོག་མཚུངས་ན་མཇལ་ཏུ་ཤོག།ཚེ་ཟད་ནས་དེ་རིང་འཆི་ན་ཡང་།།སྒོམ་མཉམ་རྗེས་ཐ་དད་མ་མཆིས་ཕྱིར།།སེམས་གུ་ཡངས་བློ་བདེ་གཉུག་མའི་ཀློང་།།ཆོས་རྫོགས་པ་ཆེན་པོའི་ངང་དུ་ཨ།།——-ཨ་ས་རས་ངོར་ཤྲཱིཿཨེ་མ་ཧོས།།
སྤྲིངས་ཡིག་མ་རིག་མུན་སེལ།།
སྤྲིངས་ཡིག་མ་རིག་མུན་སེལ།།ན་མོ་གུ་རུ་མཉྫུ་ཤྲཱིཿཡེ།།ཀ་ཡེ་གསོན་དང་ཆོས་གྲོགས་དམ་པ།།ཁ་སང་དེང་དུས་གྲོགས་བཟང་དཀོན་པས།།ག་དུས་ཡིན་ཡང་སློབ་གཉེར་མ་བརྗེད།།ང་དང་ཁྱོད་ཀྱི་ཆོས་ཉིད་གྲོགས་ཡིན།།ཅ་ཅོའི་གཏམ་ལ་ཡིད་ཆེས་མ་བྱེད།།ཆ་ཚང་བདེན་པ་ཉིན་མོའི་སྐར་མ།།ཇ་འཐུང་ངོ་དགའ་ངོ་གཉིས་དག་དང་།།ཉ་ཉོག་གཏམ་ལ་ཡིད་འཇོག་མ་མཛད།།ཏ་ཐཱ་ག་ཏའི་རྣམ་ཐར་གཟིགས་དང་།།ཐ་དག་ལས་འབྲས་བསླུ་མེད་བསྟན་ཡོད།།ད་ནི་མ་ཉལ་བརྩོན་འགྲུས་བྱས་ཏེ།།ན་ཚོད་ཅི་ཡོད་དོན་ལྡན་མཛད་རོགས།།པ་སངས་ལྟར་དཀར་ལྷག་བསམ་གནང་ནས།།ཕ་མེས་བཟང་པོར་སྲོལ་རྒྱུན་འཛིན་ཅིང་།།བ་གླང་ཕྱུགས་ལས་ཁྱད་འཕགས་སྐྱོང་སྟེ།།མ་ལུས་འགྲོ་ལ་ཕན་བདེ་སྤེལ་ཤོག།ཙ་ར་གཅོད་པའི་རྣམ་དཔྱོད་མཛད་ནས།།ཚ་གྲང་གདུང་བར་ཁྱད་དུ་བསད་དེ།།ཛ་ཡའི་བསྟན་པའི་སྙིང་པོར་ལོན་དུས།།ཝ་ལེར་སེམས་ལ་བདེ་སྐྱིད་ཐོབ་ངེས།།ཞྭ་མོའི་ནག་པོ་གཞན་ལ་མ་གཡོགས།།ཟ་ཉལ་ཁོ་ནས་མི་ཚེ་མ་བརླགས།།འ་ཅག་མྱི་ལུས་དོན་ལྡན་མཛད་པ།།ཡ་རབས་དམ་པའི་གཤེགས་ཤུལ་ལགས་སོ།།རྭ་ལྟར་མཁྲེགས་པའི་ལྟ་སྤྱོད་དོར་ནས།།ལ་རྒྱའི་སྙིང་པོ་ཨེ་ཝཾ་བྱམས་བརྩེ།།ཤ་ཞེན་འགྲོ་བ་ཀུན་ལ་མཛོད་དང་།།ས་ཐོབ་སེམས་དཔའི་མིང་དོན་མཚུངས་སོ།།ཧ་ཅང་ཟབ་པའི་བྱང་ཆུབ་སེམས་མཆོག།ཨ་གསར་མིན་པར་རྟག་ཏུ་བསྟེན་ན།།ཧ་ཤང་ཐེག་པའི་གོ་རིམ་བཞིན་དུ།།ཨ་བུ་གཅེས་ཕྲུག་ཕྲིན་ལས་ལྷུན་གྲུབ།།ཨི་ལྡན་དབྱངས་གསལ་སྤྲིངས་ཡིག་མུན་སེལ།།ཨུ་ཚུགས་མིན་པར་ཐོལ་བྱུང་ནང་གཏམ།།ཨེ་མ་ཧོ་ཡིས་ལེགས་སྐྱེལ་འབུལ་ན།།ཨོ་ཟོབ་མིན་པར་ཐུགས་དམ་གནང་ཡ།།
བླ་དམ་སྨོན་གསོལ་མ་ཎི་ཀ
བླ་དམ་སྨོན་གསོལ་མ་ཎི་ཀཧཱུཾ་ཧྲཱིཿཀ་དག་སྤྲོས་བྲལ་ཕོ་བྲང་ནས༔བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས༔ཐུགས་དམ་སྐུལ་ལོ་དབྱིངས་ནས་བཞེངས༔བསྟན་འགྲོར་སྨན་པའི་ཕྲིན་ལས་མཛོད༔རྒྱལ་བ་ནམ་མཁའ་ཡངས་པ་རུ༔གློ་བུར་སྤྲིན་ནག་བར་ཆད་སོལ༔སེམས་ཅན་རྒྱ་མཚོར་སྨིན་གྲོལ་ནས༔ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ༔གཏེར་གསར་ཉི་མའི་འོད་ཟེར་འབར༔འབྱུང་པོ་ལྷ་མིན་མ་རིག་སེལ༔ཕན་བདེ་ཀུན་བཟང་སྣང་བ་ཡིས༔འཁོར་འདས་མཛེས་པའི་རྒྱན་དུ་ཤོག༔ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱི༔ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཕཊཿ༔ཨོཾ་བྷྲཱུཾ་སྭཱ་ཧཱ༔ཕྱི་ནང་གསང་བའི་བར་ཆད་སོལ།།སྒོ་གསུམ་སྣང་གྲགས་རིག་པའི་ངང་།།སྐུ་གསུམ་རྒྱལ་བའི་ཨེ་ཝཾ་རུ༔ཡོངས་གྲོལ་བདེ་ཆེན་ཀློང་དུ་ཨ༔ཨ་ས་རའི་ཕྱིར་ཤྲཱིཿཨེ་མ་ཧོས་ཕུར་པའི་ཐུན་གསེང་ནས་སྨོན་པའོ།།
སྙིང་གི་དཔའ་བོ་མི་དགུ་བཞུགས།།
སྙིང་གི་དཔའ་བོ་མི་དགུ་བཞུགས།།ཨེ་མ་ཧོ།།སློབ་དཔོན་ཆེན་པོ་སྣ་ཚོགས་གཟུགས་ཅན་གཅིག།འབུམ་རམས་ཆེན་པོ་རིན་ཆེན་དཔལ་ལྡན་གཉིས།།མཁན་པོ་སྔགས་འཆང་འོད་གསལ་མཐའ་ཡས་གསུམ།།ཉིན་མཚན་གཟུངས་སྤོབས་སྟེར་མཛད་དཔའ་བོ་གསུམ།།ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་གཅིག།གཙང་བ་གྲུབ་ཆེན་རིག་མཆོག་རྒྱལ་པོ་གཉིས།།དགེ་མང་གྲུབ་ཐོབ་ཆོས་ཉིད་རྡོ་རྗེ་གསུམ།།བསྟན་དོན་དཔུང་གཉེན་མཛད་པའི་དཔའ་བོ་གསུམ།།ལྷག་བསམ་རྣམ་དག་བཀྲ་ཤིས་ཆོས་དར་གཅིག།ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་གཉིས།།འཇིག་རྟེན་གསུམ་མགོན་སྐྱེ་སྔ་རིན་ཆེན་གསུམ།།རྟེན་འབྲེལ་དཔག་ཏུ་མེད་པའི་དཔའ་བོ་གསུམ།།དཔའ་རྩལ་སྣ་དགུ་འཛོམས་པའི་དཔའ་བོ་དང་།།བསྟན་དང་འགྲོ་ལ་དགོངས་པའི་ཐུགས་དམ་ཅན།།ཆོས་དང་དམ་ཚིག་གཅིག་པའི་མཆེད་གྲོགས་ཀུན།།ནམ་ཡང་བརྗེད་པར་མེད་དོ་ས་མ་ཡ།།ཤྲཱིཿཨེ་མ་ཧོས་སོ།།
༄༅།།ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ།
༄༅།།ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ།ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།།བསླུ་མེད་གཏན་གྱི་སྐྱབས་གཅིག་པདྨ་འབྱུང་།།སྣ་ཚོགས་སྤྲུལ་པ་འབྱེད་པའི་གུ་རུ་མཚན་བརྒྱད།།སྙིང་དབུས་མི་ཕྱེད་དད་པས་གསོལ་བ་འདེབས་ན།།མ་ལུས་བསྟན་འགྲོར་ཕན་བདེའི་བྱིན་རླབས་སྩོལ་ཅིག།དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་འབྱུང་།།སྤངས་རྟོགས་ཡེ་ཤེས་མཐར་ཕྱིན་སྣང་མཐའ་ཡས།།པཎ་ཆེན་སཾ་བྷ་ཝ་ལ་གསོལ་བ་འདེབས།།འཁོར་འདས་ཆོས་ཀུན་རྟོགས་པར་བྱིན་གྱིས་རློབས།།ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་མཚོ་སྐྱེས་རྗེ།།ཆོས་རབ་རྣམ་པར་འབྱེད་པའི་མཉྫུ་ཤྲཱིཿ།།གུ་རུ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས།།ཆོས་འཁོར་ཡང་དག་བསྐོར་ནུས་བྱིན་གྱིས་རློབས།།སྣང་སྲིད་རྣམ་དག་ཧེ་རུ་ཀ་དཔལ་བདག།།ཨོ་རྒྱན་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད།།གུ་རུ་པདྨ་རྒྱལ་པོ་ལ་གསོལ་བ་འདེབས།།འཁོར་འདས་དབང་དུ་བསྡུད་པའི་དངོས་གྲུབ་སྩོལ།།བརྟུལ་ཞུགས་རྫུ་འཕྲུལ་རོལ་པར་མངའ་བརྙེས་པ།།གསང་ཆེན་གྲུབ་ཐོབ་མཁའ་འགྲོ་ཡོངས་ཀྱི་བདག།།གུ་རུ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས།།རྫོགས་ཆེན་བསྟན་པ་སྤེལ་ནུས་བྱིན་གྱིས་རློབས།།གསང་གསུམ་ནུས་སྟོབས་ཆེ་བས་མུ་སྟེགས་འདུལ།།བསྟན་ལ་ཆོ་འཕྲུལ་བཟློག་པའི་དཔའ་བོ་ཆེ།།གུ་རུ་སེང་གེ་སྒྲ་སྒྲོགས་ལ་གསོལ་བ་འདེབས།།བདུད་དང་གདོན་གཟུགས་ཐལ་བའི་རྡུལ་དུ་བརློགས།།སངས་རྒྱས་བསྟན་པའི་འཇུག་སྒོ་མ་ནོར་ཕྱིར།།ན་ལེནྡྲའི་པྲ་བྷ་ཧསྟི་ལས།།རབ་བྱུང་སྡོམ་གསུམ་ཕུང་པོ་ཡོངས་རྫོགས་པ།།གུ་རུ་ཤཱཀྱ་སེངྒེ་ལ་གསོལ་བ་འདེབས།།ཐུབ་དབང་རྒྱལ་ཚབ་ནུས་པར་བྱིན་གྱིས་རློབས།།རིག་སྔགས་འཆང་དབང་སྟོབས་རྩལ་ཐོགས་པར་མེད།།འཇིག་རྟེན་གསུམ་གྱི་དྲེགས་ཚོགས་ཀུན་བཏུལ་བ།།གུ་རུ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས།།བཀའ་གཏེར་བསྟན་པ་སྤེལ་ནུས་བྱིན་གྱིས་རློབས།།ཐུགས་རྗེས་གཟིགས་ཤིག་འདྲེན་མཆོག་བཀའ་དྲིན་ཅན།།ཉིན་མཚན་རྟག་ཏུ་ཨོ་རྒྱན་ཡབ་ཡུམ་དྲན།།གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག།ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ།ཞེས་པ་འདི་ཡང་རབ་གནས་ས་ཕག་ཁྲུམས་ཟླའི་ཐོ་རངས་ཁར་རྨི་ལམ་བཟང་པོའི་རྐྱེན་དང་གུ་རུ་མཚན་བརྒྱད་ཤིན་ཏུ་གསལ་བོ་རྨི་ལམ་དུ་མཇལ་བ་དྲན་པའི་གདུང་ཡུས་སུ་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་ཚོགས། རང་གནས་འོད་གསལ་ཆོས་གླིང་གི་གཟིམས་ཤག་ཨེ་ཝཾ་འོད་གསལ་བདེ་མཆོག་ཕོ་བྲང་ནས་གང་ཤར་ཐུན་གསེང་དུ་བགྱིས་པར་དགེའོ།། །། མཆན། ༼དགེ་མཚན་དང་རྟེན་འབྲེལ་ཤིན་ཏུ་ཟབ་བོ༽
ཆང་མཆོད་བདུད་རྩིའི་སྤྲིན་ཆེན།།
ཆང་མཆོད་བདུད་རྩིའི་སྤྲིན་ཆེན།།ཨེ་མ་ཧོ།། ཆང་གིས་མཆོད་དོ།།ཨ་ལ་ལ་ཨ་ཧོ་ཆང་གིས་མཆོད།།ཕ་རྡོ་རྗེ་འཆང་ཆེན་ཆང་གིས་མཆོད།།མ་རྗེ་བཙུན་སྒྲོལ་མ་ཆང་གིས་མཆོད།།བུ་དམ་ཚིག་ཅན་རྣམས་ཆང་གིས་མཆོད།།མགོན་བླ་མ་བརྒྱུད་པར་ཆང་གིས་མཆོད།།དཔལ་ཞི་ཁྲོ་རབ་འབྱམས་ཆང་གིས་མཆོད།།གྲོགས་མཁའ་འགྲོ་ཆོས་སྐྱོང་ཆང་གིས་མཆོད།།ལུས་རྩ་ཐིག་རླུང་ལ་ཆང་གིས་མཆོད།།ཡབ་རྒྱལ་ཀུན་དགྱེས་ཕྱིར་ཆང་གིས་མཆོད།།ཡུམ་བདེ་ཆེན་འཕེལ་ཕྱིར་ཆང་གིས་མཆོད།།སེམས་ཉམས་རྟོགས་སྤེལ་ཕྱིར་ཆང་གིས་མཆོད།།ཆོས་དེ་ཉིད་རྟོགས་ཕྱིར་ཆང་གིས་མཆོད།།གྲོང་ཕོ་མོ་ཀུན་ལ་ཆང་གིས་མཆོད།།ཁོང་རབ་བྱུང་རྣམས་ལ་ཆང་གིས་མཆོད།།སྔགས་རིག་འཛིན་ཡོངས་ལ་ཆང་གིས་མཆོད།།གཞི་ཡུལ་གཅིག་མཐོང་ཕྱིར་ཆང་གིས་མཆོད།།ལམ་ཚོགས་གཉིས་རྫོགས་ཕྱིར་ཆང་གིས་མཆོད།།དོན་གདན་གསུམ་དཀྱིལ་འཁོར་ཆང་གིས་མཆོད།།གནད་སྐུ་བཞིའི་སངས་རྒྱས་ཆང་གིས་མཆོད།།ཞིང་རྒྱལ་བ་རིགས་ལྔ་ཆང་གིས་མཆོད།།མ་འགྲོ་བ་རིགས་དྲུག་ཆང་གིས་མཆོད།།དཔོན་རྒྱལ་སྲིད་སྣ་བདུན་ཆང་གིས་མཆོད།།རྗེ་གུ་རུ་མཚན་བརྒྱད་ཆང་གིས་མཆོད།།ཆོས་ཐེག་པ་རིམ་དགུ་ཆང་གིས་མཆོད།།སྲས་ས་བཅུ་སེམས་དཔའ་ཆང་གིས་མཆོད།།ཆང་བདུད་རྩིས་སྤྲིན་ཕུང་མཁའ་ཁྱབ་གདལ།།དོན་བྱིན་རླབས་ཆང་ཆར་ཀུན་ཏུ་བཟང་།།མཐར་མ་ལུས་འཁོར་འདས་དབྱེར་མེད་་ངང་།།སྐྱབས་ཀུན་བཟང་དགོངས་པར་སངས་རྒྱས་ཤོག།ཅེས་པ་འདི་ཡང་རྡོ་རྗེ་ཆང་གི་བདག་པོ་ཨ་ས་རས་ངོར་ཤྲཱི་སྨྱོན་པས་དབྱིན་ཡུལ་ཝེལ་སིའི་གངས་ལྡན་རི་བོའི་མདུན་རོལ་ཨེ་ཝཾ་སྦྲང་རྩིའི་ཟས་ཁང་དུ་ཝིན་ཆང་དམར་པོ་ཤེལ་ཕོར་གང་འཐུང་ཞོར་ཙམ་ལ་དེ་ཉིད་དུ་མཆོད་འབུལ་གླུ་རུ་བླངས་པར་དགེའོ།། །། སྤྱི་ལོ་༢༠༡༩/༧/༢༡་ལའོ།།
Alt Sidebar
Search





