• August 2019

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།།

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།། ན་མོ་གུ་རུ་བུདྡྷ་ཀརྨ་ས་ཏྭ་ཡེ།། ཨོ༵་རྒྱན༵་པདྨ་ཀ་རའི་བྱིན་རླབས་མཐུས།། ཕྲིན༵་ལས༵་རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཅན།། མཐའ༵་ཡས༵་སེམས་ཅན་མ་ལུས་སྨིན་མཛད་དཔལ།། རྡོ༵་རྗེ༵་འཆང་ཆེན་རྒྱལ་དབང་ཀརྨ་པ།། སྐུ་ཚེ་བརྟན་ཅིང་བསྟན་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ས་ཕག་ཆོས་འཁོར་དུས་ཆེན་ལ་ཀརྨ་པའི་སྐུ་འཁོར་ནང་ཚེགས་འགས་དེ་རིང་གི་ཀརྨ་པའི་མཛད་འཕྲིན་ལ་མཁན་ཆེན་བླ་མ་རིན་པོ་ཆེས་རྩོམ་ཞིག་གི་རོགས་པ་གནང་རོགས་སྐུ་མཁྱེན་ཞེས་ཡང་ཡང་སྐུལ་ངོར་རྒྱ་བོད་སྒེར་སྤྱོད་པ་ཚོས་ཇི་ལྟར་གཉའ་གནོན་དང་མ་ཉེས་ཁ་གཡོགས་བྱས་ཀྱང་རྐྱེན་ངན་གྲོགས་སུ་ཤར་ནས་དབང་ཐང་གི་མེ་ལྕེ་དགུང་ལ་མཆེད་ཅིང་། བར་ཆད་ཀུན་ལས་བརྩེ་བའི་དུང་གི་ཟླ་བ་གཟའ་སྒྲ་གཅན་ལས་ཐར་བ་བཞིན་གྱུར་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གཉིས་ལྷན་འཛོམས་ཐོག་ཡོ་རོབ་ཏུ་གསེར་མདོག་ལྕང་ལོ་ཅན་གྱི་དགེ་འདུན་པ་ཁྲི་ཕྲག་ལ་རྒྱལ་སྲས་ལག་ལེན་གྱི་ཆོས་འཁོར་བསྐོར་བ་ལ་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བགྱིས་པར་དགེའོ།། །།

  • August 2019

    དགའ་བ་བཅུ་ཐོ་མ།།

    དགའ་བ་བཅུ་ཐོ་མ།།ན་མོ་ཨརྱ་ཏཱ་ར་ཡེ།།༡༽གོང་དཔོན་ཆེན་ཞབས་རྩ་བལྡག་པ་ལས།།མགོན་དཔོན་མེད་རང་དབང་ཐོབ་ན་དགའ།།༢༽ཁྲི་གསེར་དངུལ་སྟེང་ལས་འགྱིང་པ་ལས།།མ་ཉམས་ཐག་ལག་གཡོག་བྱེད་ལ་དགའ།།༣༽དགོན་ཁྲ་མོས་བླ་ཆེན་བྱེད་པ་ལས།།གནས་དབེན་པར་གཅེར་བུ་རྒྱུ་ན་དགའ།།༤༽མི་ཕྱུག་པོའི་བེད་སྤྱོད་ལག་ཆ་ལས།།བཟང་ཉམ་ཆུང་འཚོ་བ་སྐྱེལ་ན་དགའ།།༥༽གྲོང་ནག་མོས་ངོ་སོ་སྲུང་བ་ལས།།ཆོས་བདེན་པའི་རི་སིལ་འགྲིམ་པར་དགའ།།༦༽གྲོགས་ངན་པས་གཡོ་ཟོལ་ངོ་བསྟོད་ལས།།དགྲ་ནག་པོ་གདོང་ཐུག་བྱས་ན་དགའ།།༧༽སྨན་ཁྲམ་པས་བརྟག་དཔྱད་བྱེད་པ་ལས།།ལུས་རྩ་རླུང་འཕྲུལ་འཁོར་སྦྱོང་བར་དགའ།།༨༽རང་ཡུལ་ནས་དཔོན་ཆེན་བྱེད་པ་ལས།།གཞན་ཡུལ་ནས་བག་ཡངས་གནས་པར་དགའ།།༩༽གྲགས་འུར་གྱིས་ནམ་མཁའ་གང་བ་ལས།།དོན་དམ་གྱི་ཉམས་ལེན་བྱེད་པར་དགའ།།༡༠༽ཆོས་བརྒྱད་ཀྱི་བྲན་དུ་གྱུར་པ་ལས།།ཆོས་དོན་ལ་རྩེ་གཅིག་སེམས་པར་དགའ།།ངས་དགའ་བ་བཅུ་ཡི་མགུར་མ་ཉིད།།སེམས་ཁྲོད་པར་ཡོད་ན་ང་ཕྱིར་ཤོག།རྫ་ཚེ་དང་ཨརྱ་ཏཱ་རེའི་ངོར་ཤྲཱིཿཨེ་མ་ཧོས་་་

  • August 2019

    མཁན་པོ་བསོད་ནམས་དར་རྒྱས་ལ་འཁྲུངས་སྐར་བསུ།།

    མཁན་པོ་བསོད་ནམས་དར་རྒྱས་ལ་འཁྲུངས་སྐར་བསུ།།ན་མོ་གུ་རུ་ཨ་བྷྱེ་ལཀྵཾ་ཀ་ར་ཡེ།།ཆོས་རྗེ་དམ་པའི་གསུང་གི་ཤིང་རྟ་ཆེ།།ཀུན་བཟང་མུ་མེད་གདལ་བའི་རྒྱལ་བའི་སྲས།།འགྲོ་ཁམས་མ་རིག་སེལ་བའི་དེད་དཔོན་མཆོག།སྐུ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།འཛམ་གླིང་ཕན་བདེར་མཛད་མཁས་མཁན༵་པོ༵་རྗེ།།བསོད༵་ནམས༵་རྒྱ་མཚོའི་མངའ་བདག་རིན་པོ་ཆེ།།བཤད་སྒྲུབ་བསྟན་པ་དར༵་རྒྱས༵་སྤེལ་བའི་མགོན།།གངས་ལྗོངས་སྤྱི་ནོར་དམ་པ་ཞབས་བརྟན་ཤོག།སྐུ་ཚེ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས།།གསུང་ཆོས་རྣམ་སྨིན་རིག་པས་མཁའ་ཁྱབ་གདལ།།ཐུགས་རྗེ་ཕྱག་ཆེན་རིག་འཛིན་བདེ་ཆེན་འཕེལ།།དཔལ་ཡོན་ཕྲིན་ལས་ཀུན་ཁྱབ་ལྷུན་གྲུབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་སངས་རྒྱས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་མཁན་པོ་བསོ་དར་རྒྱས་རིན་པོ་ཆེའི་འཁྲུངས་སྐར་ཡིན་པར་བོད་མི་ཕལ་ཆེ་བ་ཞིག་གིས་སྣང་མེད་མཛད་པ་མཐོང་ནས་བཀའ་དྲིན་ཅན་ཁོང་ལ་རྗེས་དྲན་དུ་འཁྲུངས་སྐར་དུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་སྨོན་པར་དགེའོ།། །།

  • August 2019

    ༧སྐྱབས་རྗེ་དམ་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་༧སངས་རྒྱས་པདྨ་བཞད་པའི་གསོལ་འདེབས་རིག་འཛིན་མེལོང་ཞེས་བྱ་བ།།

    ༧སྐྱབས་རྗེ་དམ་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་༧སངས་རྒྱས་པདྨ་བཞད་པའི་གསོལ་འདེབས་རིག་འཛིན་མེ་ལོང་ཞེས་བྱ་བ།།ན་མོ་གུ་རུ་བུདྡྷ་པདྨ་ཀ་ར་ཡེ།།ཆོས་དབྱིངས་ཀ་དག་སྒྱུ་འཕྲུལ་དྲ་བ་ལས།།འོད་གསལ་ལྷུན་གྲུབ་ཡེ་ཤེས་དཀྱིལ་འཁོར་ཅན།།སྣ་ཚོགས་འགྲོ་འདུལ་རིག་འཛིན་བརྒྱུད་པར་བཅས།།སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་བསྟོད།།སྔོན་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེའི་དཔལ།།མ་འོངས་སངས་རྒྱས་མོས་པ་མཐའ་ཡས་རྗེ།།ཨོ་རྒྱན་པདྨའི་རྒྱལ་ཚབ་འབྲོག་བན་དགྱེས།།སངས་རྒྱས་པདྨ་བཞད་པར་གསོལ་བ་འདེབས།།སྙིགས་ལྔའི་རྣམ་འདྲེན་གཏེར་ཆེན་བདུད་འཇོམས་གླིང་།།དགྲ་བགེགས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྩལ།།ཀུན་འདུས་སངས་རྒྱས་པདྨ་བཞད་པའི་དཔལ།།སྐུ་ཚེ་བརྟན་ཅིང་འགྲོ་དོན་ལྷུན་གྲུབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་སྣྲོན་ཟླའི་གཟའ་ཚེས་དགེ་བར་རིག་འཛིན་ནམ་མཁའ་རྫོང་ཨོ་རྒྱན་མཁའ་འགྲོ་གླིང་དུ་ཟབ་རྒྱས་གདམས་བཟང་གནང་བར་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་བརྙན་གཟིགས་ལས་གང་ཤར་དུ་ཤྲཱིཿཨེ་མ་ཧོས་རི་བོ་གངས་ལྡན་གྱི་རྩེ་ནས་སྨོན་གསོལ་དུ་བགྱིས་པར་དགེའོ།། །།

  • August 2019

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།།

    ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་རྒྱལ་ལོ།།ན་མོ་གུ་རུ་བུདྡྷ་ཀརྨ་ས་ཏྭ་ཡེ།།ཨོ༵་རྒྱན༵་པདྨ་ཀ་རའི་བྱིན་རླབས་མཐུས།།ཕྲིན༵་ལས༵་རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཅན།།མཐའ༵་ཡས༵་སེམས་ཅན་མ་ལུས་སྨིན་མཛད་དཔལ།།རྡོ༵་རྗེ༵་འཆང་ཆེན་རྒྱལ་དབང་ཀརྨ་པ།།སྐུ་ཚེ་བརྟན་ཅིང་བསྟན་དོན་ལྷུན་གྲུབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་ཆོས་འཁོར་དུས་ཆེན་ལ་ཀརྨ་པའི་སྐུ་འཁོར་ནང་ཚེགས་འགས་དེ་རིང་གི་ཀརྨ་པའི་མཛད་འཕྲིན་ལ་མཁན་ཆེན་བླ་མ་རིན་པོ་ཆེས་རྩོམ་ཞིག་གི་རོགས་པ་གནང་རོགས་སྐུ་མཁྱེན་ཞེས་ཡང་ཡང་སྐུལ་ངོར་རྒྱ་བོད་སྒེར་སྤྱོད་པ་ཚོས་ཇི་ལྟར་གཉའ་གནོན་དང་མ་ཉེས་ཁ་གཡོགས་བྱས་ཀྱང་རྐྱེན་ངན་གྲོགས་སུ་ཤར་ནས་དབང་ཐང་གི་མེ་ལྕེ་དགུང་ལ་མཆེད་ཅིང་། བར་ཆད་ཀུན་ལས་བརྩེ་བའི་དུང་གི་ཟླ་བ་གཟའ་སྒྲ་གཅན་ལས་ཐར་བ་བཞིན་གྱུར་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གཉིས་ལྷན་འཛོམས་ཐོག་ཡོ་རོབ་ཏུ་གསེར་མདོག་ལྕང་ལོ་ཅན་གྱི་དགེ་འདུན་པ་ཁྲི་ཕྲག་ལ་རྒྱལ་སྲས་ལག་ལེན་གྱི་ཆོས་འཁོར་བསྐོར་བ་ལ་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བགྱིས་པར་དགེའོ།། །།

  • August 2019

    རྒས་པ་དོན་ལྡན་གྱི་རྣལ་འབྱོར་ཡིད་བཞིན་ནོར་བུ།།

    རྒས་པ་དོན་ལྡན་གྱི་རྣལ་འབྱོར་ཡིད་བཞིན་ནོར་བུ།།ཨེ་མ་ཧོ།།གཞི་ངོ་བོ་དག་པས་སྤྲུལ་པའི་སྐུ།།ལམ་རང་བཞིན་མཐར་ཕྱིན་རྣལ་འབྱོར་པ།།དོན་ཐུགས་རྒྱུད་སངས་རྒྱས་ཡེ་ཤེས་པ།།དཔལ་དགྱེས་པ་རྡོ་རྗེ་ཨེ་མ་ཧོ།།ཡབ་དབྲ་ཆེན་ཞི་ཁྲོ་རབ་འབྱམས་དང་།།ཡུམ་རྗེ་བཙུན་ཨོ་རྒྱན་སྒྲོལ་ལ།།སྲས་བལྟམས་པའི་རྟེན་འབྲེལ་ཕུན་ཚོགས་ངང་།།རྗེ་བླ་མ་དམ་པས་རྗེས་སུ་བཟུངས།།ཆུང་ཆོས་དང་མཇལ་ནས་མདོ་སྔགས་མཁས།།ལས་རྒྱུ་འབྲས་ཞིབ་པས་དགེ་འདུན་བཙུན། བསྟན་འགྲོ་ལ་ཕན་བདེའི་འདི་ཕྱི་བཟང་།།དོན་རྒས་པ་ཡིད་བཞིན་ནོར་བུ་ལེགས།།ལུས་རྒས་པ་སྐྲ་དཀར་གཉེར་མས་གང་།།ངག་རྒས་པ་དབུགས་རིང་ཐུང་ཐུང་ཧར།།སེམས་རྒས་པ་མེད་པའི་ཨེ་མ་ཧོ།།གཞོན་བཅུ་དྲུག་བདག་མོའི་བརྩེ་གྲོགས་ལགས།།ང་སྐྱེ་བ་གངས་རིའི་ལྗོངས་སུ་བླངས།།གཞོན་དར་མ་དམ་པའི་ཆོས་ཀྱིས་འཚོ།།ད་རྒན་པ་རི་ཁྲོད་འཆི་སེམས་བདེ།།གྲོགས་ངོ་ལྐོག་མཚུངས་ན་མཇལ་ཏུ་ཤོག།ཚེ་ཟད་ནས་དེ་རིང་འཆི་ན་ཡང་།།སྒོམ་མཉམ་རྗེས་ཐ་དད་མ་མཆིས་ཕྱིར།།སེམས་གུ་ཡངས་བློ་བདེ་གཉུག་མའི་ཀློང་།།ཆོས་རྫོགས་པ་ཆེན་པོའི་ངང་དུ་ཨ།།——-ཨ་ས་རས་ངོར་ཤྲཱིཿཨེ་མ་ཧོས།།