༄༅།།མཁའ་འགྲོ་༧རྗེ་བཙུན་མ་འཇམ་དབྱངས་དཔལ་མོའི་བརྟན་གསོལ་ཡིད་བཞིན་ནོར་བུ་ཞེས་བྱ་བ།།
༄༅།།མཁའ་འགྲོ་༧རྗེ་བཙུན་མ་འཇམ་དབྱངས་དཔལ་མོའི་བརྟན་གསོལ་ཡིད་བཞིན་ནོར་བུ་ཞེས་བྱ་བ།།ན་མོ་གུ་རུ་དྷཱེ་ཝ་ཌཱ་ཀི་ནི་ཡེ།།ངོ་བོ་ཀ་དག་ཀུན་བཟང་རྒྱལ་བའི་ཡུམ།།རང་བཞིན་འོད་གསལ་སྙིང་པོའི་རྗེ་བཙུན་མ།།ཐུགས་རྗེ་ཀུན་ཁྱབ་འཇམ་དབྱངས་དཔལ་མོ་ཉིད།།གསང་གསུམ་རྟག་བརྟན་ཕྲིན་ལས་མཐར་ཕྱིན་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་ཉི་མ་རིང་བར་མཐར་ཐུག་པའི་སྐབས་སམ་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒྲུབ་ཆེན་དངོས་གྲུབ་སྐབས་སུ་མཁན་ཆེན་བླ་མ་འམ་ཤྲཱིཿ་ཨེ་མ་ཧོས་ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ། ཨེ་ཝཾ་སངས་རྒྱས་དགོན་གྱི་ཚོགས་གྲལ་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།
སྦྱིན་བསྲེག་དང་རྟེན་འབྲེལ་ལེགས་འགྲིགས།
སྦྱིན་བསྲེག་དང་རྟེན་འབྲེལ་ལེགས་འགྲིགས།གསང་བ་ཡེ་ཤེས་སྒྲུབ་མཆོད་སྐབས་སུ་ལས་གཞུང་ལས། ན་མོ། དུས་གསུམ་སངས་རྒྱས་སྐྱབས་ཡུལ་འགྲོ་བའི་མགོན༔མ་སྲིང་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔བདག་གིས་དགེ་འདིས་མ་གྱུར་འགྲོ་ཀུན་ཚོགས༔འཇའ་ལུས་གོ་འཕང་འཐོབ་པར་སེམས་བསྐྱེད་དོ༔ཞེས་སྐྱབས་སེམས་སྔོན་དུ་སོང་ནས་༧སྐྱབས་རྗེ་དམ་པ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་ཤར་ན་རྗེ་བཙུན་མ་འཇམ་དབྱངས་དཔལ་མོ་ལ་ཞི་བའི་ལས་དང་། ལྷོ་ན་མཁན་རིན་པོ་ཆེ་ངག་དབང་དགེ་ལེགས་ལ་རྒྱས་པའི་ལས་དང་། ནུབ་ཏུ་བླ་མ་རིན་པོ་ཆེ་དབང་གི་ལས་དང་། བྱང་དུ་དྲག་པོ་ཕྲིན་ལས་ལ་མཁས་དབང་མཁན་པོ་གནམ་ལྕགས་རྡོ་རྗེ་དང་།། ངོས་ཀྱིས་རྒྱས་དབང་དྲག་གི་སྦྱིན་བསྲེག་རྒྱས་པར་མཛད་དོ། ། དེས་སྐབས་རྟེན་འབྲེལ་ལྷུན་གྲུབ་ཏུ་བྱུང་བ་ནི་མཚོ་འཁྲུངས་རྒྱལ་བའི་བཞུགས་གནས་མཁན་སློབ་ཚོས་གསུམ། ཡེ་ཤེས་མཚོ་རྒྱལ། མནྡ་ར་ཝས་རྒྱན་པའི་དྷཱ་ན་ཀོ་ཤའི་མཚོའུའི་མདུན་རོལ་དུ་གཡས་ན་སངས་རྒྱས་ཡེ་ཤེས་དང་། གཡོན་དུ་ཨོ་རྒྱན་རྩ་གསུམ་གླིང་པ་དང་། དཀྱིལ་ན་དྲག་སྔགས་གླིང་པའི་ང་རྒྱལ་ཅན་འབྲས་རྟགས་མངོན་སུམ་དུ་མཇལ། དབང་ཕྱོགས་སུ་༧སྐྱབས་རྗེ་བླ་མ་རིན་པོ་ཆེས་སྣང་སྲིད་བདེ་ཆེན་དབང་གི་མཆོད་སྤྲིན་སྤེལ་བ་དང་ཆར་རླུང་འཇམ་པོས་དྲི་ངེད་དང་བཅས་དབང་བསྡུད་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིགས་པ་དང་། ལྷོ་མཁན་རིན་པོ་ཆེའི་ཕྱོགས་སུ་འབྱུང་བའི་དྭངས་བཅུད་འདོད་དགུ་ལོངས་སྤྱོད་ཆར་དུ་བབས་པའི་བརྡ་རྟགས་སུ་སྦྲང་ཆར་སིལ་མ་དང་ཉི་མའི་འོད་ཟེར་རབ་ཏུ་འཕྲོས། ཤར་ན་རྗེ་བཙུན་མས་ཞི་བའི་མཆོད་འབུལ་སྐབས་སུ་ཉི་འོད་དང་འཇའ་སྤྲིན་གཏམས་པའི་ངོ་མཚར་བ་དང་། བྱང་ན་མཁས་དབང་མཆོག་དང་བདག་གིས་དྲག་ལས་ཀྱི་སྦྱིན་བསྲེག་སྐབས་སུ་དྲག་རླུང་དང་སྤྲིན་ནག་གི་སེར་བ་ཐོར་ཅིང་གྲང་ངར་བཅས་དམ་སྲི་གདོན་བགེགས་བསྟན་དགྲ་བསྒྲལ་བའི་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས་སོ།། ཨེ་མ་ཧོས་ སྤྱི་ལོ་19/6/2019
གླུ།
གླུ།འཇའ་སྣ་ལྔའི་འོད་ལམ་ཟེར་ཐགས་ནས།།ཡུམ་ཆེན་མོ་མཇལ་བའི་རྟེན་འབྲེལ་ཡག།ཆོས་སྙན་མོ་གླུ་རུ་ལེན་པའི་ཚེ།།མ་མཁའ་འགྲོའི་བྲོ་རར་ཕྱིན་པར་འདྲ།།དབྱར་ས་ག་ཟླ་བའི་དུས་ཆེན་ལ།།གནས་སངས་རྒྱས་སྟོང་གི་སྐྱེད་ཚལ་ན།།ཆོས་ཤེས་རབ་སྙིང་པོའི་ཆོས་འཁོར་བསྐོར།།མགོན་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།།དཔལ་མཁའ་འགྲོ་རྗེ་བཙུན་མ་ལ་དད།།ཡུལ་ངེས་མེད་འཁྱམ་པའི་གཅིག་པུ་བར།།དྲིན་མ་ལོ་དྲན་པའི་སྣང་བརྙན་དེས།།སེམས་གཉུག་མའི་ནང་གི་གསང་གཏམ་བཤད།།ཕ་བླ་མ་མཆོད་པའི་མཎྜལ་ཕུལ།།ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་གླུ་བླངས།།མཆེད་རྡོ་རྗེའི་ནང་གྲོགས་དགྱེས་པའི་གཏམ།།རྗེ་སངས་རྒྱས་དྲན་པའི་དུས་དྲན་ལགས།།ཤྲཱིཿཨེ་མ་ཧོས
སྟབས་གཅིག་ཏུ་སྤྲུལ་སྐུ་གཉིས་ལ་འཁྲུངས་སྐར་བསུ།།
སྟབས་གཅིག་ཏུ་སྤྲུལ་སྐུ་གཉིས་ལ་འཁྲུངས་སྐར་བསུ།།ཨེ་མ་ཧོ།།ཆོས་བརྒྱད་སྐྱོན་གྱིས་མ་གིས་མཁས་པ་གཉིས།།ལུས་ངག་ཚུལ་འཆོས་དབེན་པའི་དྲང་སྲོང་གཉིས།།འཇིགས་མེད་རྟུལ་ཞུགས་སྤྱོད་པའི་སྔགས་འཆང་གཉིས།།འཛམ་གླིང་མཛེས་པའི་སྤྲུལ་སྐུ་རྣམ་གཉིས་རྒྱལ།།སྐུ་ཚེ་བརྟན་ཅིང་འགྲོ་དོན་ལྷུན་གྱིས་གྲུབ།།གསུང་ཆོས་འཁོར་འདས་བདེན་པའི་རང་བཞིན་སྟོན།།ཐུགས་རྗེས་བསྟན་དང་འགྲོ་ལ་དགོངས་པ་ཅན།།འཁྲུལ་མེད་སྤྲུལ་སྐུ་རྣམ་གཉིས་ཞབས་བརྟན་ཤོག།ཅེས་པ་རབ་གནས་ས་ཕག་ས་ག་ཟླ་བའི་ཉ་གང་ལ་གཙང་བ་གྲུབ་ཆེན་རིག་མཆོག་དང་འཇམ་དབྱངས་མཁྱེན་བརྩེ་གཉིས་ཀ་དུས་ཆེན་སུམ་འཛོམས་པ་འཁྲུངས་པའི་རྟེན་འབྲེལ་བདེ་ལེགས་སུ་ཨེ་མ་ཧོས་མཁས་དབང་དམ་པ་མཁན་པོ་གནམ་ལྕགས་རྡོ་རྗེས་དྲན་སྐུལ་དུ་བགྱིས་པས་བྲིས་པར་དགེའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བྷ་ག་ཝྰ་ཏི་པྲ་ཛྙྰ་པ་ར་མི་ཏྰ་ཧྲྰི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་དང་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་པའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤྰ་རིའི་བུས་བྱང་ཆུབ་སེམས་པ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་པ་སེམས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤྰ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ཤྰ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོགང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས འདི་ལྟར རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། སྟོང་ཉིད་གཟུགས་སོ། གཟུགས་ལས་ཀྱང་སྟོང་ཉིད་གཞན་མ་ཡིན་ནོ། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །བཙུན་པ་ཤྰ་རིའི་བུ་དེ་ལྟ་བས་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ།…
༄༅།།ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ་ལ་བསྔགས་པ་ ཀུན་བཟང་ནམ་མཁའ་ཀུན་ཁྱབ་ཅེས་བྱ་བ།། ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་གུ་ཧྱ་ཡེ།།
༄༅།།ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ་ལ་བསྔགས་པ་ཀུན་བཟང་ནམ་མཁའ་ཀུན་ཁྱབ་ཅེས་བྱ་བ།།ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་གུ་ཧྱ་ཡེ།།༼༡༽བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སངས་རྒྱས་ཀྱི་ཞིང་ཁམས།།མཐའ་ཡས་ཕན་བདེའི་ཕྲིན་ལས་འགྲོ་ཁམས་ལ་འཕོ་བ།།བགྲང་ཡང་ཚོགས་གཉིས་གནས་སུ་རྟེན་འབྲེལ་དུ་སྣང་བ།།གཞལ་ཡས་ཁང་གི་ཡུམ་ཆེན་མ་སྒོམ་ཡང་མཇལ་སོང་།།༼༢༽སྣང་སྲིད་རྣམ་དག་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར།།སྲིད་ཞི་ཀུན་ཁྱབ་གདལ་པའི་རྣམ་སྣང་གི་མཆོད་སྤྲིན། །མི་ཟད་ནམ་མཁའ་མཉམ་པའི་བདེ་ཆེན་གྱི་རོལ་བ།།གང་འདོད་ལོངས་སུ་སྤྱོད་པའི་སྐལ་བཟང་ང་སྐྱིད་པ།།༼༣༽སྣང་བ་སངས་རྒྱས་སྟོང་གི་སྐྱེད་ཚལ་གྱིས་མཛེས་པ།།སྲིད་པ་ཡེ་ཤེས་མཁའ་འགྲོའི་ཚོགས་འཁོར་དུ་ཤར་བ།།སྣང་སྲིད་རྣམ་དག་སངས་རྒྱས་ཡེ་ཤེས་ཀྱི་རྟེན་འབྲེལ།།རིག་པ་རྟུལ་ཞུགས་གསང་བའི་སྒྲུབ་ཆེན་ལ་ཕྱིན་སོང་།།༼༤༽ཡབ་མཆོག་རྡོ་རྗེ་འཆང་ཆེན་གསང་སྔགས་ཀྱི་བསྟན་འཛིན།།ཟབ་གསང་གཅོད་ཡུལ་བརྒྱུད་པའི་དབང་བསྐུར་གྱི་སྤྲིན་ཆེན།།སྐལ་བཟང་དགའ་བདེ་རྒྱ་མཚོའི་རླབས་ཕྲེང་དང་འདྲིས་ཏེ།།སྣང་བཞི་མཐར་ཕྱིན་རྫོགས་པའི་དངོས་གྲུབ་དེ་ཐོབ་སོང་།།༼༥༽རྗེ་བཙུན་མ་གཅིག་གྲུབ་པའི་རྒྱལ་མོ་ཡི་བྱིན་རླབས།།སྙན་འགྱུར་ཚོགས་གླུ་ཕུལ་མཁས་སངས་རྒྱས་ཀྱི་ཡུམ་ཆེན།།རྣལ་འབྱོར་རྟུལ་ཞུགས་སྤྱོད་པའི་རྟེན་འབྲེལ་འདི་མཇལ་ཚེ།།རྨད་བྱུང་སྒྱུ་འཕྲུལ་དྲྭ་བར་ལྷུན་གྲུབ་ཏུ་ཕྱིན་སོང་།།༼༦༽ནམ་མཁའ་རང་ཤར་སྣ་ལྔའི་འཇའ་འོད་ཀྱི་གཏམས་ཞིང་།།བར་སྣང་སྦྲང་ཆར་ཟིལ་མ་སིལ་སིལ་དུ་འབབ་བཞིན།།གང་དགའ་ཚོགས་ལ་རོལ་བའི་དགྱེས་ཉམས་ལ་སྤྱོད་པས།།བསྐལ་བཟང་སངས་རྒྱས་སྟོང་གི་གདན་ས་ལ་འཛོམས་སོང་།།༼༧༽ངོ་མཚར་ཀུན་བཟང་སྤྲིན་ཆེན་འདོད་ཡོན་གྱི་རོལ་གར།།དགེ་ལེགས་སྣ་ཚོགས་སྣང་བའི་སྤྲུལ་བསྒྱུར་ཀྱི་སྤྲོས་པས།།མི་ནུབ་གདུགས་དཀར་གཡོ་བའི་ཕྲིན་ལས་ཀྱི་གཟི་དཔལ།།གསང་ཆེན་བསྟན་པའི་རྒྱལ་མཚན་ཕྱོགས་མཐའ་རུ་བསྒྲིངས་སོ།།༼༨༽བཀྲ་ཤིས་ཆོས་དུང་དཀར་པོའི་དབྱངས་སྙན་གྱིས་བསྐུལ་ཏེ།།བདེ་ལེགས་གསེར་ཉས་རྒྱན་པའི་སྒྲུབ་ཁང་དུ་འཚོགས་ནས།།ཕུན་ཚོགས་ཚོགས་ཀྱི་འཁོར་ལོའི་རྩིབས་སྟོང་གིས་མཛེས་ཕྱིར།།ཨེ་ཝཾ་བརྟན་གཡོའི་བུམ་བཟང་བདུད་རྩི་ཡིས་གང་སོང་།།༼༩༽དཔལ་ལྡན་ཉིན་མོར་བྱེད་པའི་དཔལ་བེའུ་ཡི་རི་མོ།།སྲིད་ཞིའི་དགེ་མཚན་རང་བྱུང་ཡིད་བཞིན་གྱི་ནོར་བུ།།པདྨ་གེ་སར་རྒྱན་པའི་སྐྱེད་ཚལ་གྱི་བཀོད་པ།།གསང་གསུམ་བདེ་མཆོག་དགྱེས་པའི་དངོས་གྲུབ་དེ་བརྟས་སོང་།།༼༡༠༽ཕྱི་སྣང་ཆོས་ཅན་གནམ་ལྕགས་མཁའ་རྫོང་གིས་བརྗིད་ཅིང་།།ནང་སེམས་ཆོས་ཉིད་དབྱིངས་ཆེན་འོད་གསལ་གྱི་སྙིང་པོ།།གསང་བ་ཡེ་ཤེས་མཁའ་འགྲོའི་བསྙེན་སྒྲུབ་ལ་བརྩོན་པའི་།།ཡང་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་དགའ་སོང་།།༼༡༡༽སྔ་འགྱུར་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་མཐུ་སྟོབས།།བཀའ་གཏེར་ནོར་བུའི་བང་མཛོད་གཏད་རྒྱ་ལ་དབང་ནས།།ཕྲིན་ལས་ཀུན་ཁྱབ་ཀུན་བཟང་ཀུན་ཕན་དུ་བརྡལ་ཞིང་།།མ་ལུས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ་གྱུར་སོང་།།ཞེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་ཡར་ཚེས་དགེ་བ་འམ་ངོས་ཉིད་འཇིག་རྟེན་འདིའི་དཀར་ངོགས་དང་པོ་མཐོང་བའི་ཉི་མ་ལ་རྨི་ལམ་མཚན་ཅན་རྨིས་པའི་གསང་བ་དང་། ༧རྗེ་བཙུན་རྣལ་འབྱོར་མ་འཇམ་དབྱངས་དཔལ་མོས་བཀའ་མོལ་ལ་བརྟེན། རྟེན་འབྲེལ་ལེགས་ཚོགས་འཛོམས་པས་ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ། རྒྱལ་བའི་ཡུམ་ཆེན་མོའི་སྐུ་མདུན་ནས་གང་ཤར་དུ་རང་རིག་འོད་གསལ་སྙིང་པོའི་དག་སྣང་སྒྱུ་འཕྲུལ་དྲྭ་བའི་ཡིད་མཚོ་ལས་རྡོལ་བ་བཞིན་དུ་རིག་འཛིན་འཇམ་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོ་རུ་འབོད་པས་དེ་ཉིད་དུ་བགྱིས་པས་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།། །།
Alt Sidebar
Search





