གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པའི་རྣམ་ཐར་གེ་སར་སྙིང་པོ། ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པའི་རྣམ་ཐར་གེ་སར་སྙིང་པོ།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།པདྨའི་ཐུགས་སྲས་སངས་རྒྱས་ཡེ་ཤེས་རྩལ།།པདྨའི་བཀའ་གཏེར་མཛོད་ལ་མངའ་དབང་བསྒྱུར།།པདྨའི་རྒྱལ་ཚབ་གསུམ་ལྡན་རྡོ་རྗེ་འཛིན།།པདྨ་དྲག་སྔགས་གླིང་པས་དགེ་ལེགས་སྩོལ།།སྙིགས་དུས་བསྟན་པ་སྤེལ་ལ་ཟླ་བྲལ་བ།།གཏེར་ཆེན་པདྨ་དྲག་སྔགས་གླིང་པ་ཡི།།གསང་གསུམ་རྣམ་ཐར་རྒྱ་མཚོ་ཆེན་པོ་ལས།།སྐྲ་རྩེའི་ཐིགས་ཙམ་དད་པའི་རྒྱན་ཏུ་སྤྲོ།།དེ་ཡང་གཏེར་ཆེན་དམ་པ་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཐུན་མོང་དང་ཐུན་མིན་གསང་བའི་མཛད་པ་རྒྱ་མཚོ་ལྟ་བུ་མཆིས་པ་ལས་འདིར་སྐྲ་རྩེའི་ཐིགས་ཙམ་ཅུང་ཟད་བསྡུས་ཏེ་བཤད་པ་ལ་གསུམ་ལས། དང་པོ་སྐུ་སྐྱེས་རབས། གསུང་གི་མཛད་པ། ཐུགས་རྗེའི་ཕྲིན་ལས་བཅས་ཡོད་པ་ལས། དང་པོ་གཏེར་ཆེན་རིག་འཛིན་པདྨ་དྲག་སྔགས་གླིང་པ་ནི་ཨ་ལྕགས་འབྲི་ཡི་རྒྱུད་པ་དཔའ་མཛངས་དང་རིགས་བཟང་ལས་བྱུང་བའི་འབྲི་ལྷ་རྒྱལ་རུས་པ་གཙང་པའི་མཆེད་པ་ཨ་སྐྱོང་ཁག་གསུམ་ཞེས་ཡོངས་སུ་གྲགས་པའི་མངའ་སྡེ་མང་དུ་མཆིས་པ་ལས། སྟག་ཐོག་རིན་ཆེན་མགོན་པོ་ཤེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བབས་གནོད་སྦྱིན་ཤན་པ་དམར་པོའི་སྤྲུལ་སྐུ་ཡིན་པ་སྡུག་ལ་འཛེམ་ཤིང་ཆོས་ལ་དགའ་བ། དཔའ་རྩལ་དྲུག་ཅུ་རྩ་བཞི་ལྡན་པའི་ཡ་རབས་ཀྱི་མི་རྒྱུད་དུ་ཡོངས་སུ་གསལ་བའི་ཡབ་མཆོག་དང་། ཡུམ་ཆེན་ཨ་སྐྱོང་ཁང་རྒན་དཔོན་་གྱི་སྲས་མོ་རིག་བྱེད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་དྲུག་པ་ཆུ་ཁྱི་སྟེ། སྤྱི་ལོ་༡༩༢༢་༥་༡ ལ། རྒྱལ་དབང་པདྨ་འབྱུང་གནས་ཀྱི་ཐུགས་སྲས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རྣམ་པར་རོལ་བ། གླིང་དཀར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རོལ་གར། ཕྱི་མའི་དུས་སུ་སྤྲུལ་བའི་གཏེར་སྟོན་དང་མཁས་གྲུབ་སྐྱེས་བུ་དུ་མའི་རིགས་སུ་རྫུ་འཕྲུལ་གྱི་རིགས་སུ་ཅིག་ཆར་དུ་བསྟན་དང་འགྲོ་བའི་དཔལ་མགོན་དུ་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཛད་ཕྲན་ཅན་གྱི་ཡ་གྱལ། སྤྲུལ་བའི་གཏེར་སྟོན་ཆེན་པོ་པདྨ་དྲག་སྔགས་གླིང་པ་ཉིད་ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་པའི་ལྟས་བཟང་བཅས་མཚན་དཔེའི་གསེར་ཞལ་སྙིགས་དུས་མུན་པ་བསལ་བའི་བགོ་སྐལ་དུ་སྐུ་འཁྲུངས། གཞན་ལས་ལོ་སྐྱེད་ལས་ཟླ་སྐྱེས་འཚར་བའི་ལང་ཚོ་དང་ལྷན་སྐྱེས་སུ་སྐྱེ་བ་དྲན་པ་དང་ལྷ་ཀླུ་མི་མ་ཡིན་མཐོང་བ་སོགས་བསམ་ཡུལ་ལས་འདས་པའི་མངོན་ཤེས་དང་གྲུབ་རྟགས་མཛད།གཉིས་པ་ནི། སྤྱི་ལོ་༡༩༢༩་དེ་དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན། ཡབ་ལས་ཆོ་ག་ཆོས་སྤྱོད་ལ་བྱང་ཆུབ་པར་གྱུར། ཆུ་ཆེན་དང་ཤུག་གསེབ་དང་རི་རྩེ་རུ་གུ་རུ་རིན་པོ་ཆེ་སྒོམ་གྱིན་ཡིན་གསུངས་ནས་ཉིན་གང་བོར་དབེན་པར་ཁོ་ན་དགྱེས་པས་སྒོམ་ཆེན་དུ་གྲགས། ལོ་ནས་ལོར་རྟག་པར་དེ་དེ་བཞིན་དུ་མཛད།སྤྱི་ལོ་༡༠༣༧་ལོའམ། དགུང་གྲངས་བཅོ་ལྔའི་སྐབས་སུ་གློ་བུར་དུ་ངེས་འབྱུང་དྲག་པོ་ཞིག་གིས་ཐུགས་རྒྱུད་བསྐུལ་ནས་དཔལ་སྔ་འགྱུར་ཆོས་གྲྭ་ཆེན་པོ་རྡོ་གྲུབ་སྒར་དུ་ལོ་གསུམ་བཞུགས་ནས་བརྩོན་པ་དྲག་པོས་སློབ་གཉེར་མཛད་ནས་སྦྱངས་བ་མཐར་ཕྱིན་པ་དང་།སྤྱི་ལོ་༡༩༣༩ལོ་འམ་དགུང་གྲངས་བཅུ་བདུན་ལ་སོན་སྐབས་སུ་ཨ་པང་གཏེར་ཆེན་རིག་འཛིན་ཨོ་རྒྱན་ཕྲིན་ལས་གླིང་བའི་མདུན་དུ་བྱོན་ནས་གསང་སྔགས་ཕྱི་ནང་གསང་བའི་དབང་ལུང་མན་ངག་རྫོགས་པ་ཆེན་པོའི་མན་ངག་ཆིག་རྒྱུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་གསན་བསམ་སྒོམ་པར་མཛད།སྤྱི་ལོ་༡༩༤༥་ལོ་འམ་དགུང་གྲངས་ཉེར་གསུམ་སྟེང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དྲུང་ནས་ཅིག་ཆར་བསྙེན་པར་རྫོགས་ཞིང་ཆོས་དང་གདམས་ངག་ཆ་ཚང་ཞུས་ཏེ་དཀའ་སྤྱད་དང་ཐུགས་སྨོན་རྒྱ་ཆེར་མཛད་ནས་ཕྱག་གཡོན་གྱི་སྲིན་མཛུབ་ཀྱང་མར་མེར་སྒྲོན་པ་སོགས་གཟུངས་སྤོབས་རླབས་ཆེན་དང་ངོ་མཚར་གྱི་བཀོད་པར་བསམ་ཡུལ་ལས་མཛད་པར་སྣང་ངོ་།སྤྱི་ལོ་༡༩༤༧་ལ་འམ་དགུང་གྲངས་ཉེར་ལྔ་ལ་འཇམ་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང་གིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་སྲིད་ཡིན་པ་དང་། རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ་ཟབ་མོ་གཏེར་གྱི་གཏེར་གྱི་བཀའ་བབས་ཡིན་པར་གསལ་བར་གསུངས་ཏེ། རྟེན་བསྒྱུར་སྔགས་ལམ་ལ་ཞུགས་དགོས་པར་ལྡོག་མེད་ཀྱི་བཀའ་ལུང་སྤྱི་གཙུག་ཏུ་བབས་པ་དང་། གསང་མཚན་ལ་པདྨ་རང་གྲོལ་རྩལ་གནང་ཞིང་། གཏེར་སྟོན་གྱི་མཚན་ལ་པདྨ་དྲག་སྔགས་གླིང་པ་ཞེས་གསོལ་ནས། ཞབས་བརྟན་སྨོན་ཚིག་དང་གསོལ་འདེབས་ཚིགས་སུ་བཅད་པ་འདི་ཡང་གསུངས།ཨེ་མ་ཧོ།རིག་འཛིན་ཨོ་ཌཱི་ཡ་ནའི་སྒྱུ་འཕྲུལ་གར།།པད་འབྱུང་ཆོས་གཏེར་རྒྱ་མཚོས་གཏེར་རྒྱ་ཐོབ།།མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན།།པདྨ་དྲག་སྔགས་གླིང་པར་གསོལ་བ་འདེབས།།ཞེས་སྐུ་གསུང་ཐུགས་རྟེན་བཅས་གནང་བ་དང་། མཁྱེན་བརྩེ་རིན་པོ་ཆེ་དང་། ཉིད་ཀྱི་སྐུ་མཆེད་སྣང་མཛད་གྲུབ་པའི་རྡོ་རྗེ་སོགས་ཀྱིས་བརྟག་བསྒྲིག་མཛད་ནས་ཤཱཀྱ་དེ་ཝའི་རྣམ་འཕྲུལ་འཇིགས་མེད་དཔལ་སྒྲོན་ནམ་པདྨ་གར་དབང་དཔལ་མོ་དང་། མནྡ་ར་ཝའི་སྤྲུལ་པ་གླིང་དཀར་བསོ་ཚེ་འབྱུང་གནས་ཀྱི་སྲས་མོ་འཇིགས་མེད་ཆོས་སྒྲོན་གཉིས་ཀྱང་ཁབ་ཏུ་བཞེས། ཁྱད་དུ་རིག་མ་མནྡ་ར་ཝའི་རྣམ་སྤྲུལ་དང་ཐབས་ཤེས་ཟུང་དུ་འབྲེལ་བས་ཟབ་གཏེར་གྱི་སྒོ་འཕར་བདེ་བླག་ཏུ་ཕྱེ་བའི་ཐོག་མའི་སྐབས་སུ་མཁྱེན་བརྩེ་རིན་པོ་ཆེ་དང་། རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སོགས་འཁོར་སློབ་སུམ་བརྒྱ་ལྷག་གི་དབུས་སུ་གུ་རུ་པདྨའི་ཚེ་བུམ་རྣམ་པ་དུང་དཀར་རིང་བསྲེལ་གྱིས་ཕྱུར་བུར་གཏམས་པ་སྤྱན་དྲངས་པ་མཁྱེན་བརྩེའི་རྟེན་ཁྲོད་དུ་བཞུགས། འཇམ་དཔལ་དབྱངས་དང་དབྱངས་ཅན་ཀྱི་རང་བྱུང་སྐུ་སོགས་དང་། གཞན་ཡང་། ཡེ་ཤེས་མཚོ་རྒྱལ་གྱི་རཀྟའི་སྒྲོམ་བུ་བརྡ་ཡིག་གིས་མཚན་པ་ཅན་དུ་མ་དང་། གེ་སར་བླ་རྡོ། ནད་སེལ་ཨ་རུ་རྣམ་རྒྱལ་སོགས་སྐུ་གསུང་ཐུགས་རྟེན་གྲངས་མང་དག་ས་གཏེར་བཞེས།གསུམ་པ་ནི།བླ་རྫོགས་ཐུགས་གསུམ་ལས་དང་པོ་བླ་མའི་རྣལ་འབྱོར་ལ། རིག་འཛིན་བླ་མའི་བསྒྲུབ་པ་དགོངས་བརྒྱུད་སྙིང་པོ་ཆིག་དྲིལ། རང་རིག་བླ་མའི་གསང་སྒྲུབ། དུས་འཁོར་བླ་མའི་རྣལ་འབྱོར། སྤྲོས་མེད་ཨ་ཏིའི་ལུགས་ཀྱི་གུ་རུ་དྲག་པོའི་ལུས་དཀྱིལ།…
དབྱིན་ཡུལ་གྱི་གངས་ལྡན་རི་བོ།།
དབྱིན་ཡུལ་གྱི་གངས་ལྡན་རི་བོ།།ཨེ་མ་ཧོ།།རི་བོ་མཐོ་ཞིང་རི་རྩེ་དགུང་དང་མཉམས།།རི་མགུལ་ཡངས་ཤིང་རིའི་མཐར་ནགས་ཀླུང་མཛེས།།རི་རབ་ལྷུན་པོའི་གཡས་གཡོན་རི་ཕྲན་ཀུན།།རི་རྒྱལ་དཔོན་ལ་དཔུང་གིས་བསྐོར་བཞིན་གསལ།།རི་ལུང་དག་གཙང་ནེའུ་གསེང་སྨན་ལྗོན་ལ།།མཚོ་དང་མཚོའུ་པའི་ཕྲེང་བ་ཡིད་དུ་འོང་༎རང་བྱུང་སྨན་དང་མེ་ཏོག་དྲི་བཟང་འཐུལ༎ཕྱི་ནང་ཀུན་བཟང་སེམས་ཀྱི་དག་ཞིང་སྟེ༎ འཁྱམས་པོའི་ཚེ་མཇུག་སྐྱེལ་སའི་དགོན་པར་ལགས།།གོང་ན་དཔོན་མེད་བར་དོའི་འཁྲུག་རྩོད་དབེན།།བདག་ལ་དབང་བའི་ས་ཞིང་ཨེ་ཀལ་བརྒྱའ།།ལྷན་སྐྱེས་བཟའ་བཅའ་བཏུང་བའི་རྩི་ཤིང་རིགས།།ཅི་དགོས་འཕང་མེད་ལོངས་སུ་སྤྱོད་པར་ཡོད།།རྩ་གསུམ་བསྙེན་པའི་རྔ་ཏིང་རོལ་དབྱངས་དང་།།རྙེད་དཀའི་ལུས་སེམས་ཞི་བདེ་འབྱུང་བའི་གནས།།ཨེ་ཝཾ་རྫོགས་ཆེན་དུས་འཁོར་ཆོས་གླིང་དུ་།།འཁོར་འདས་བདེ་སྐྱིད་འབད་མེད་ལྷུན་གྲུབ་ཡོད།།སངས་རྒྱས་བསྟན་པའི་རྒྱལ་ས་འདི་ནས་ཟིན།།དམ་ཆོས་བདེན་པའི་རྒྱལ་རྔ་འདི་ནས་བརྡུངས།།དགེ་འདུན་དཀོན་མཆོག་བཤད་སྒྲུབ་འདི་ནས་དར།།སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག།།ཅེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་གནམ་སྟོང་ཉི་འཛིན་ཨ་ཧྥུ་རི་ཀ་ནས་སྒྲ་གཅན་ལས་གྲོལ་མ་ཐག་ཏུ་མཁའ་འགྲོ་རིག་འཛིན་དབྱངས་ལྷ་མོས་བསྐུལ་ངོར་གདན་ས་དེ་ཉིད་ནས་ཤྲཱིཿསྨྱོན་ཨེ་མ་ཧོས་བགྱིས་པར་དགེའོ།།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལ་ན་མོ།།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལ་ན་མོ།།ན་མོ་གུ་རུ་ཨ་ཛི་ཏ་བི་ཛ་ཡེ།།ཀ་དག་དབྱིངས་ཆེན་ལ་གཟིམས་འཇམ་གནང་ཡང་།།ལྷུན་གྲུབ་འོད་གསལ་གྱི་མལ་སའི་དཀྱིལ་ནས།།ཟུང་འཇུག་བདེ་ཆེན་གྱི་རྟུལ་ཞུགས་སྤྱོད་པ།།འཇུ་རིགས་དཔའ་བོ་ལ་རིག་མས་སྒུག་ཡོད།།དད་གུས་འདོད་གདུང་ཉིད་ཁྱེད་ལ་ཕྱོགས་པས།།བློ་གྲོས་དགའ་མ་ལ་ཕྱག་རྒྱ་ཆེན་པོས།།སོ་གཉིས་ལང་ཚོ་ཡིས་སྤྲོ་དགས་རོལ་ནས།།ཉེར་གཅིག་མདུད་པ་ཉིད་ངང་གིས་གྲོལ་ཐལ།།ལྟ་བ་རྫོགས་ཆེན་ལ་བལྟད་མོར་བལྟ་ཞོར།།སྒོམ་པ་ཕྱག་ཆེན་ལ་བདེ་དྲོད་འབར་ནས།།སྤྱོད་པ་དབུ་སེམས་ལ་ཕྱིན་དྲུག་བརྩོན་སྟེ།།འབྲས་ཆོས་ཉེར་ལྔ་ལ་ཅི་དགར་ཕྱིན་འགྲོ།།ཞེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་ཉེར་དགུའི་ཉིན་ནམ་མི་ཕམ་རིན་པོ་ཆེའི་དགོངས་རྫོགས་སྐབས་མཁའ་འགྲོ་པདྨ་གཡང་འཛོམས་ངོར་འཇམ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་ཨེ་ཝཾ་ཀུན་བཟང་རི་ཁྲོད་ཀྱི་མཚོ་རྒྱལ་བླ་མཚོའི་ཁ་ནས་སྨོན་པར་དགེའོ།། །།
༄༅། །སྐྱིད་གླུ་བཞུགས་སོ། །
༄༅། །སྐྱིད་གླུ་བཞུགས་སོ། །སངས་རྒྱས་ཀུན་དངོས་བརྒྱུད་གསུམ་བླ་མ་ཡི་དགོངས་བཅུད། །བསྟན་པའི་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི་ཟབ་གནད། །མ་ནོར་ལེགས་པར་འཛིན་མཛད་མཆོག་ཚོགས་ཀྱི་འདུས་པ། །ཕན་བདེའི་འབྱུང་གནས་ཡིད་བཞིན་དབང་མཆོག་གི་རྒྱལ་པོ། །གཙུག་ཏུ་བཀོད་ནས་སྐལ་ལྡན་བདག་ཉིད་དང་བདག་འདྲའི། །ལེགས་སྨོན་དུས་སུ་སྨིན་པའི་བློ་ལྡན་གྱི་ཚོགས་སུ། །རང་སྙེམས་ཞེན་པ་མེད་པའི་བདེན་གཏམ་གྱི་རང་བཞིན། །ཉམས་དབྱངས་སྐྱིད་གླུ་ལེན་ནོ་ཤེས་ལྡན་གྱི་གྲོགས་པོ། །སྙིགས་མ་ལྔ་པོ་བདོ་བ་དེང་སང་གི་དུས་ན། །བསྒྲིམ་བསྒྲིམ་ཇི་ལྟར་འབད་ཀྱང་རྩོལ་བཅས་ཀྱི་ཐེག་པས། །ཤིན་ཏུ་གདུལ་བར་དཀའ་ཡང་རྩོལ་མེད་ཀྱི་ཉམས་ལེན། །ཆོས་ཕུང་བརྒྱད་ཁྲིའི་འགགས་མདུད་རང་གྲོལ་དུ་གཏོང་བ། །སྙིང་དབུས་མི་ཟད་ཆོས་ཀྱི་གཏེར་སྒོ་དེ་འབྱེད་པའི། །ལམ་མཆོག་འདི་དང་ལྡན་ན་ནགས་ཚལ་ལ་མེ་བཞིན། །སྙིགས་མའི་རྐྱེན་ངན་སྣ་ཚོགས་ལམ་ཁྱེར་དུ་ནུས་པའི། །རྣལ་འབྱོར་སྐལ་ལྡན་དེ་ཚོ་སྐྱིད་པ་ཡི་རབ་མཆོག །ཕ་མེས་རིག་འཛིན་བརྒྱུད་པའི་ཕ་འབབ་ལ་བརྟེན་ཏེ། །གཞན་གྱིས་བསྐལ་མང་འབད་པས་བསྒྲུབ་ནའང་དཀའ་བའི། །སྲིད་གསུམ་འཁོར་བའི་གཡང་ས་རིག་རྩལ་གྱིས་གཅོད་ཅིང་༌། །གྲུབ་མཆོག་རིག་འཛིན་དཔའ་བོའི་དགའ་ཚལ་ལ་ཡུད་ཀྱིས། །མཁའ་ལ་ཁྱུང་ལྡིང་བཞིན་དུ་གཅིག་རྗེས་གཅིག་སླེབ་པའི། །གྲུབ་བརྙེས་བརྒྱུད་ལྡན་བླ་མའི་གྲལ་རིམ་ལ་བསམ་ན། །གྲལ་མཐའི་བཙུན་ཆུང་བདག་ཀྱང་ཉམས་དགའ་ཡི་ངང་ནས། །སྐྱིད་པའི་གླུ་ཆུང་ལེན་སྙིང་འདོད་པ་ཞིག་བྱུང་ངོ་༌། །གཟུང་འཛིན་ཚ་དབལ་འཁྲུགས་པའི་ཀུན་རྟོག་གི་སེམས་ལ། །ཅིར་བྱས་ཅིར་མི་ལོ་བའི་རང་གཤིས་སུ་ཤོར་བས། །མང་ཐོས་མང་སྨྲ་མང་དུ་བསམ་པ་ཡི་སྐྱེ་བོ། །མང་ཞིག་ཚོགས་ཀྱང་དམུས་ལོང་རྣམས་ཀྱིས་ནི་ཉི་ཟླ། །ཇི་བཞིན་ཕྱོགས་ཙམ་མི་ཤེས་ཆོ་ངེ་རང་སྒྲོག་མོད། །བརྒྱུད་ལྡན་བླ་མའི་མན་ངག་ཡིད་གཏིང་དུ་ཁེལ་བས། །བློ་འདས་ཡེ་ཤེས་རྩི་སྨན་ཅུང་ཟད་ཅིག་ཐེབས་པས། །མ་གོམས་དེ་གར་ལུས་ཀྱང་སྐྱིད་པོ་རང་འདུག་གོ །རིགས་གསུམ་རྒྱལ་བ་འདུས་པའི་ངོ་བོ་ཡི་བླ་མ། །མཚན་ཙམ་དྲན་པས་བྱིན་རླབས་ཆར་སྤྲིན་ལྟར་གཡོ་བ། །བོད་ལ་བཀའ་དྲིན་མཚུངས་མེད་རིག་འཛིན་གྱི་སློབ་དཔོན། །མཚོ་སྐྱེས་རྡོ་རྗེའི་ཞབས་པད་འདོད་འབྱུང་གི་ནོར་བུ། །སྤྱི་བོའི་གཙུག་ཏུ་བསྒོམ་པའི་སྐལ་བཟང་འདི་ཐོབ་པ། །ལྷ་སྐལ་ཆད་པའི་དད་མེད་འགའ་ཞིག་ལ་བསམ་ན།…
༧མཁན་ཆེན་བླ་མ་མཁྱེན་ནོ།།
༧མཁན་ཆེན་བླ་མ་མཁྱེན་ནོ།།སངས་རྒྱས་ཀུན་འདུས་ནསཨཱཿཨེ་ཝཾ་མཁན་ཆེན་རོལ་བ་ལས།།སྣང་སྟོང་རྣམ་དག་བླ་མ་ལ།། ཡེ་ཤེས་ལྔ་ལྡན་འོད་ཀློང་ནས།། རྩོལ་མེད་ཐུགས་རྗེའི་བྱིན་གྱིས་རློབས།། ལྟ་བ་རང་གསལ་མཆོད་པ་འབུལ།། སྒོམ་པ་གྲོལ་བདེ་ངང་དུ་བཞེས།། སྤྱོད་པ་སྣ་ཚོགས་བརྡ་སྟོན་བསྟོད།། འབྲས་བུ་ཆོས་ཟད་དབྱིངས་སུ་བཞག། དཔལ་ལྡན་མཁན་ཆེན་སྐུ་ཚེ་བརྟན།།ཡེ་ཤེས་བླ་མ་འགྲོ་བའི་མགོན་དུ་བཞུགས།།གང་བསམ་ཡིད་བཞིན་ནོར་བུ་རིན་པོ་ཆེ།།ནམ་ཡང་འབྲལ་བ་མེད་པར་ཐུགས་རྗེས་ཟུངས།།མཁའ་མཉམ་འགྲོ་ལ་འཇམ་དཔལ་དགྱེས་པས་གཟིགས།། སྡུག་བསྔལ་མིང་མེད་བདེ་སྐྱིད་ནམ་མཁའ་གང་།། ཚོགས་རྫོགས་སྒྲིབ་སྦྱང་འཁོར་བ་དོང་སྤྲུགས་ཤོག། ཀུན་ནས་དད་གུས་གསོལ་བ་འདེབས་པ་དང་།།ཀུན་པས་སྨོན་པ་རྩ་གསུམ་བདེན་པའི་མཐུས།།ཀུན་བསམ་ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟར།།ཀུན་བཟང་སྨོན་ལམ་དཔུང་གྲོགས་མངོན་འགྱུར་ཤོག། ཏདྱ་ཐཿ པཉྩ་ཌི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱཧཱཿམངྒ་ལཾ།།༼མཆན། འབྲུག་པ་སངས་རྒྱས་ཀུན་འདུས་སམ་ཀུན་པས་གསུངས༽
༧སྐྱབས་རྗེ་གསང་སྔགས་བསྟན་འཛིན་རིན་པོ་ཆེའི་
༧སྐྱབས་རྗེ་གསང་སྔགས་བསྟན་འཛིན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་པདྨ་དཀར་པོ་ཟེའུ་འབྲུ།ན་མོ་མ་ཧཱ་གུ་རུ་གུཧྱ་རཱ་ཛ་ཡེ།།ཀུན་མཁྱེན་བརྒྱུད་པའི་དགོངས་པའི་དཀྱིལ་འཁོར་རྒྱས།།སྐལ་བཟང་འདྲེན་པའི་འོད་སྣང་ཕྱོགས་ཀུན་འཕྲོ།།ཟབ་རྒྱས་གཏེར་མཛོད་དབང་བའི་ཆོས་ཀྱི་རྒྱལ།།ཨེ་ཝཾ་ངེས་དོན་རྒྱལ་པོ་རྒྱལ་གྱུར་ཅིག།ཅེས་བསྟོད་ཕྱག་གིས་སྔོན་བསུས་ཏེ་༧སྐྱབས་རྗེ་དམ་པ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་ནི་རབ་བྱུང་བཅུ་དྲུག་པའི་སྐབས་སུ་བོད་མིའུ་གདོང་དྲུག་ལས་སེ་ཁྱུང་དབྲ་རིགས་སུ་གཏོགས་པའི་ཁྱུང་པོ་གནམ་ལྕགས་བླ་བྲང་དུ་ཡབ་བཀྲ་ཤིས་དོན་གྲུབ་དང་མ་པད་ཡག་གཉིས་ལ་སྤྱི་ལོ་༡༩༥༣ ལོར་སྐུ་འཁྲུངས། རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་སྒོ་ཆེན་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་མཛད་དང་གྭ་གྲྭ་བླ་མ་ཉི་མ་འོད་ཟེར་གྱིས་ཁྲི་གསོལ་དང་གནམ་ལྕགས་ཟབ་ཆོས་མཐའ་དག་གི་དབང་ལུང་ཁྲིད་གསུམ་རྣམས་བུམ་པ་གང་བྱོས་ཚུལ་དུ་གནང་། སྤྱི་ལོ་༡༩༥༩་ལོར་གྭ་གྲྭ་བླ་བྲང་དང་ལྷན་དུ་རྒྱ་གར་དང་པདྨ་བཀོད་ཀྱི་ཕྱོགས་སུ་ཡུལ་གྱར་དུ་ཕྱིན་ཀྱང་འཕགས་ཡུལ་དུ་མ་ཐར་བས་སླར་ཡང་རང་ཡུལ་འབྱོར། དེས་སྐབས་སུ་ཡབ་ཀྱི་དྲུང་ནས་ཆོས་སྤྱོད་སྒྲུབ་པ་ཉམས་ལེན་སྐོར་སོགས་བསླབས་སྦྱངས་དང་། གཞན་དག་སློབ་འབངས་ལ་ཡང་དབང་ཆོས་སོགས་སྤེལ་བ་དང་། དེར་གློ་བུར་སྐབས་སུ་རིག་གནས་གསར་བརྗེའི་ཚེས་ཏེ་རྒྱ་གཞུང་ནས་ལོ་དགུའི་རིང་བཙོན་དུ་བཅུགས། རྟེན་འབྲེལ་བཟང་བས་ཉིད་ཀྱི་རྩ་བའི་བླ་མ་ཨོ་རྒྱན་ཆེ་མཆོག་དང་དམ་པའི་སྐྱེས་ཆེན་མང་པོ་མཇལ་ནས་དམ་པའི་ཆོས་ཀྱི་བློ་སྦྱོང་ཟབ་མོ་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ངག་ཆུང་སྙན་བརྒྱུད་སོགས་མན་ངག་ཐོབ་པའི་བཀའ་དྲིན་ལས་རྐྱེན་ངན་གྲོགས་སུ་ཤར་ནས་སྡུག་བསྔལ་བདེ་བར་གྱུར། ཞར་ལ་རྩིས་དཀར་ནང་དང་སྨན་། བྲིས་དང་སྙན་ངག་སོགས་རིང་པའི་གནས་ཀུན་ལ་སྦྱངས་བར་མཛད། སྤྱི་ལོ ༡༩༧༩ ལོར་བཙོན་ཁང་ནས་གློད་གྲོལ་བྱུང་མ་ཐག་ཏུ་ཕ་ཡུལ་དང་རང་དགོན་ཕ་མ་སོགས་ལ་མཇལ་ཙམ་ཡང་མ་མཛད་པར་བྱ་བྲལ་ཀུ་སུ་ལུའི་བརྟུལ་ཞུགས་ཀྱིས་སྒྲུབ་གནས་ངེས་མེད་དུ་བསྐྱོད། སླར་ཡང་བླ་མ་དང་མཇལ་ནས་དབང་ལུང་གདམས་ངག་མང་པོའི་ཞུན་མཐར་བཅད་པ་དང་།བོད་ཡུལ་གྱི་གནས་ཆེན་རྣམས་ལ་མཆོད་མཇལ་དང་མཚམས་སྒྲུབ་བྱས།།བར་སྐབས་སུ་ལྷ་ལྡན་གཙུག་ལག་ཁང་དུ་གུ་རུའི་སྐུ་བརྙན་དང་། ཡང་རྫོང་སྒྲུབ་ཕུག་ཏུ་གུ་རུ་གཙོ་འཁོར་གསུམ། མཚོ་རྒྱལ་བླ་མཚོར་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྐུ་བརྙན་གསར་བཞེངས་དང་དགོན་པ་ཉམས་གསོ་བཅས་སྲི་ཞུ་བླ་ན་མེད་པར་མཛད། དེ་ནས་བླ་མའི་བཀའ་ལུང་ཇི་བཞིན་དུ་རྒྱ་བལ་ཕྱོགས་སུ་ཆས། ཐོག་མར་ ཐོག་མར་༡༩༨༡ ལོར་འབྲུག་ཡུལ་དུ་ཕེབས་ནས་༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་དང་མཇལ། ལོ་མང་རིང་དབང་ལུང་གདམས་ངག་ཁྲིད་རིམ་མན་ངག་མ་ལུས་པ་ཡོངས་རྫོགས་བུམ་པ་གང་བྱོས་ཚུལ་དུ་བསྩལ་ཅིང་རྒྱལ་བ་ཞེ་ཆེན་དགོན་དུ་རྡོ་རྗེ་སློབ་དཔོན་མཛད། གཞན་ཡང་མཁན་ཚབ་མཛད་པ་སོགས་སྲི་ཞུ་ཡུན་རིང་བསྒྲུབས། རྗེས་སུ་གནམ་ལྕགས་བསྟན་དགོན་སླར་གསོ་དང་། དཔེ་ཆ་བསྡུ་བསྐྲུན་དང་སྒྲུབ་སྡེ་གསར་འཛུགས་སོགས་དགོས་བཀའ་བཞིན་དུ་རིམ་པར་བལ་ཡུལ་ཨེ་ཝཾ་བཙུན་མའི་བཤད་སྒྲུབ་ཀྱི་སྡེ་གཉིས་དང་། དེ་བཞིན་ཨ་རིའི་ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ། འཕགས་ཡུལ་གནུབས་ཆེན་དགོན་སོགས་རྒྱ་འབྲུག་བོད་དང་ཐེ་ཝན་དང་ཧོང་ཀོང་སོགས་སུ་ཨེ་ཝཾ་གནམ་ལྕགས་ཀྱི་ཆོས་སྡེ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་ཏུ་གདལ་བཞིན་པར་གསང་གསུམ་འཛམ་གླིང་ཁམས་སུ་འཚོ་བཞེས་སུ་བཞུགས་བཞིན་པའོ།། །། ངོ་བོ་ཀ་དག་གདོད་མའི་རྒྱལ་སར་ཕྱིན།།རང་བཞིན་ལྷུན་གྲུབ་དག་པའི་ཞིང་ཀུན་གཟིགས།།ཐུགས་རྗེས་འགྲོ་ཀུན་སྨིན་པའི་སྤྲུལ་པའི་སྐུ།།ཨེ་ཝཾ་ཀུན་ཏུ་བཟང་པོ་ཞབས་བརྟན་ཤོག།ཅེས་པ་རབ་གནས་ས་ཕག་སྣྲོན་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་དབྱིན་ཡུལ་ཨེ་ཝཾ་མཁའ་འགྲོ་གླིང་ནས་རྗེ་ཉིད་ཀྱི་རང་རྣམ་གཞིར་བཞགས་ཏེ་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།། །།
Alt Sidebar
Search





